ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༧/༢༡

ཨུ་རུ་སུའི་རྒྱལ་ནང་དུ་དམག་འཁྲུག་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཇེ་ཆུང་།


Russian President Putin oversees the Vostok-2022 military drills in Primorsky Region
Russian President Putin oversees the Vostok-2022 military drills in Primorsky Region

༄༅།། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་དཔུག་ལ་ཕམ་ཉེས་བྱུང་སྟེ་དམག་དཔུང་ཕྱིར་འཐེན་བྱས་ནས་བཟུང་། ཨུ་རུ་སུའི་རྒྱལ་ནང་གི་ཕུ་ཊིན་གྱི་ཕྱོགས་གཏོགས་པ་ཚོས་འཐབ་ཇུས་དེར་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆུང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

༄༅།། ད་ལྟའི་བར་དུ་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་རྒྱག་གི་ཡོད་པར་དམིགས་བསལ་དམག་དོན་ལས་འགུལ་ཞེས་མིང་བཏགས། ཨུ་རུ་སུའི་གཞུང་གིས་དམག་འཁྲུག་ཅེས་པའི་ཐ་སྙད་དེ་བཀོལ་སྤྱོད་བྱེད་ཀྱི་མེད་ཀྱང་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཕམ་ཉེས་བྱུང་སྟེ་དམག་དཔུང་ཕྱིར་འཐེན་བྱས་ནས་བཟུང་། ཨུ་རུ་སུའི་རྒྱལ་ནང་གི་ཕུ་ཊིན་གྱི་ཕྱོགས་གཏོགས་པ་ཚོས་འཐབ་ཇུས་དེར་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆུང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༩་པའི་ཚེས་༡༤་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་བརྙན་འཕྲིན་དཔྱད་བརྗོད་པ་ཞིག་གིས་དམག་འཁྲུག་ཅེས་དངོས་སུ་སྨྲས། དེ་བཞིན་ཨུ་རུ་སུའི་མི་མང་རྗེས་འབྲང་བ་ས་ཡ་༢་དང་འབུམ་༣་ལྷག་ཡོད་པའི་དར་འཕྲིན་དྲྭ་ལམ་གྱི་རྩོམ་པ་པོ་ཡུ་རི་པོ་ཌོ་ལི་ཀ་ཞེས་པ་ཞིག་གིས་དམག་དཔུང་ལ་དྲོད་བརྟག་པར་ཆས་མི་འདུག མདེལ་འགོག་གོ་ཁྲབ་མི་འདུག དམག་དོན་མྱུལ་ཞིབ་ཀྱི་ཡོ་བྱད་མི་འདུག དམག་གི་ཐད་འཕུར་གནམ་གྲུ་འདང་ངེས་མི་འདུག རྨ་རས་སོགས་མྱུང་སྐྱོབ་སྨན་བཅོས་མཐུན་རྐྱེན་མི་འདུག ཁྱོད་ལ་གཟའ་ཕོག་པ་རེད་དམ། ཨུ་རུ་སུའི་དམག་ལ་ཕམ་ཉེས་ཚབས་ཆེན་འབྱུང་གི་ཡོད་པ་མུ་མཐུད་དུ་གསང་ན་ནམ་ཞིག་རྒྱལ་སྲུང་ལྷན་ཁང་ལ་ཡིད་ཆེས་མེད་འགྱུར་རྒྱུ་རེད་ཅེས་དར་འཕྲིན་དྲྭ་ལམ་དུ་མཆོན་བྲིས། ད་དུང་དར་འཕྲིན་དྲྭ་ལམ་གྱི་རྩོམ་པ་པོ་གཞན་ཞིག་གིས་ཡུཀ་རེན་གྱི་ཁར་ཀིབ་མངའ་ཁུལ་དུ་ཨུ་རུ་སུའི་དམག་ལ་ཕམ་ཉེས་བྱུང་བ་རྣམས་ཆག་སྒོ་ཆེན་པོ་ཞིག་རེད། ཐོག་མ་ནས་ཨུ་རུ་སུའི་དམག་དཔུང་ལ་ཇུས་ཉེས་རབ་དང་རིམ་པ་ཞིག་འབྱུང་གི་ཡོད་པའི་རྟགས་མཚན་ཐོན། ཡིན་ནའང་གནས་ཚུལ་དེ་རྣམས་གཞུང་གི་འགྲེལ་ཚུལ་དང་མ་མཐུན་པར་རྒྱལ་ཡོངས་སུ་དྲིལ་བསྒྲགས་བྱེད་དུ་མ་བཅུག་པར་བཀག་པ་རེད་ཅེས་མཆན་བྲིས།།

ཨེ་ཤི་ཡའི་དུས་བབ་ཚགས་པར་གྱིས་ཟླ་བ་༦་གི་གོང་དེར་ཨུ་རུ་སུའི་བརྙན་འཕྲིན་དཔྱད་བརྗོད་པ་ཞིག་གིས་དམག་འཁྲུག་ལ་ངོ་རྒོལ་བྱས་ནས་བཙོན་དུ་ཚུད། གལ་སྲིད་གཟའ་འཁོར་འདིར་དམག་འཁྲུག་ཅེས་མིང་ཚིག་བཀོལ་སྤྱོད་བྱེད་མཁན་བརྙན་འཕྲིན་དཔྱད་བརྗོད་པ་དེ་བཙོན་ཁང་དུ་བཞུགས་ཡོད་པའི་ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཨ་ལིཀ་ཛན་ཌར་ནེ་ཝལ་ཎིའི་རྒྱབ་སྐྱོར་བ་ཞིག་ཡིན་ཚེ། བརྙན་འཕྲིན་དཔྱད་བརྗོད་པ་དེ་བཙོན་འཇུག་བྱ་རྒྱུར་ཐེ་ཚོམ་མེད་ཀྱང་མི་དེ་ཕུ་ཊིན་གྱི་རྒྱབ་སྐྱོར་བ་ཞིག་ཡིན་ཞིང་། བརྙན་འཕྲིན་དཔྱད་བརྗོད་པ་དེ་དག་གི་ཁག་ཅིག་ཨུ་རུ་སུའི་གསང་བའི་ལས་ཁུངས་དང་མི་ཁག་ཅིག་ཨུ་རུ་སུའི་དམག་ལ་འབྲེལ་བ་ཡོད་པ་ཤ་སྟག་རེད་ཅེས་གནས་ཚུལ་སྤེལ། ཨུ་རུ་སུའི་གསར་འགྱུར་བརྒྱུད་ལམ་ཁག་ལ་གཞུང་གིས་སྟངས་འཛིན་ནན་པོ་བྱས་ནས་ཕུ་ཊིན་ལ་ཐད་ཀར་སྐྱོན་བརྗོད་དང་དམག་འཁྲུག་ལ་ཇུས་ཉེས་འབྱུང་གི་ཡོད་པ་རྣམས་གླེང་སློང་བྱེད་དུ་འཇུག་གི་མེད་མོད། འོན་ཀྱང་ཕྱི་ཟླ་༩་པའི་ཚེས་༧་ནས་ཨུ་རུ་སུའི་རྒྱལ་ས་རྙིང་པ་སན་ཊི་ཕི་ཊར་སི་བྷག་དང་རྒྱལ་ས་མོ་སི་ཀོ་སོགས་ཀྱི་ས་གནས་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་ཕུ་ཊིན་གནས་དབྱུང་གཏོང་དགོས་ཞེས་སྙན་ཞུ་ཕུལ། སྙན་ཞུ་དེར་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་ནས་དམག་མི་ཁྲི་ཚོ་འགའ་ཞིག་གི་ཚེ་སྲོག་ཤོར། དམག་མི་རྒན་པ་རྣམས་དབང་པོ་ཅན་སྐྱོན་དུ་གྱུར། ཨུ་རུ་སུའི་དཔལ་འབྱོར་ཉམས་རྒུད་འགྲོ་རུ་བཅུག་པ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་མགྱོགས་མྱུར་གྱིས་ཤར་ཕྱོགས་སུ་རྒྱ་བསྐྱེད་དུ་བཅུག་སོང་། ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱས་པ་དེར་དམིགས་བསལ་དམག་དོན་ལས་འགུལ་ཟེར་གྱི་ཡོད་པ་ནི་རྒྱབ་གཏོད་ཀྱི་ནག་ཉེས་ཤིག་རེད། ཡུཀ་རེན་གྱི་དམག་དོན་སྟོབས་ཤུགས་ཡར་རྒྱས་བཏང་ནས་ཨུ་རུ་སུར་འཐབ་རྒོལ་བྱེད་པར་ཨ་སྒོར་དུང་ཕྱུར་༣༨༠་ཐམ་པའི་དམག་དོན་རོགས་རམ་ཐོབ་འདུག འདི་ནི་དམིགས་བསལ་དམག་དོན་ལས་འགུལ་ཟེར་བ་དེའི་མཇུག་འབྲས་རེད། ཕུ་ཊིན་གྱི་སྲིད་ཇུས་དེ་དག་གིས་ཨུ་རུ་སུར་བདེ་འཇགས་མེད་པར་གཏོང་གི་འདུག ཁོ་པ་འཕྲལ་དུ་གནས་དབྱུང་གཏོང་དགོས་ཞེས་འཁོད།།

ཨུ་རུ་སུའི་རྒྱལ་ས་རྙིན་པ་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་གྱི་ས་གནས་གྲོས་ཚོགས་འཐུས་མི་ཎི་ཀི་ཏ་ཡུ་ཧྥེ་རེབ་ཀྱིས་རྒྱལ་ཡོངས་གྲོས་ཚོགས་འོག་མས་ཕུ་ཊིན་གྱི་དབང་ཆ་རྣམས་ཕྱིར་བསྡུ་བྱ་དགོས། ཕུ་ཊིན་ལ་རྒྱབ་གཏོད་ཀྱི་ནག་ཉེས་བཙུགས་ནས་ཁྲིམས་ལ་སྦྱོར་དགོས་ཞེས་འབོད་སྐུལ་ཞུས། ཁོང་གིས་ཨུ་རུ་སུའི་གྲོས་ཚོགས་འོག་མས་ཕུ་ཊིན་ལ་ནག་ཉེས་འཛུགས་མི་ཕོད་པ་ངས་ཤེས་ཀྱི་ཡོད། ཡིན་ནའང་མི་དམངས་ལ་གནས་ཚུལ་འདི་ཤེས་རྟོགས་ཐུབ་ཏུ་འཇུག་རྒྱུ་ནི་གནད་འགག་ཆེན་པོ་རེད་ཅེས་ཡུ་རོབ་གསར་འགྱུར་ལས་ཁང་གི་གསར་འགོད་པར་གླེང་མོལ་བྱས་འདུག ཨུ་རུ་སུའི་བརྙན་འཕྲིན་དཔྱད་བརྗོད་པ་ཞིག་གིས་བགྲོ་གླེང་དུས་སུ་དམག་འཁྲུག་ཅེས་འབོད་འགོ་ཚུགས་པ་དང་ས་གནས་གྲོས་ཚོགས་འཐུས་མི་ཚོས་ཕུ་ཊིན་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་ནི་ཨུ་རུ་སུའི་མི་དམངས་ཀྱི་བློ་ཡུལ་དུ་ཤོང་དཀའ། ཨུ་རུ་སུའི་གཞུང་གིས་སྐྱོན་བརྗོད་དེ་དག་འགོག་ཐབས་སུ་ཁར་ཀིབ་ས་གནས་ཀྱི་དམག་དཔུང་ཕྱིར་འཐེན་བྱས་ནས་ཡུཀ་རེན་གྱི་ལྷོ་ཕྱོགས་སུ་བཏང་བ་ཡིན། ཡུཀ་རེན་ཤར་ཕྱོགས་ཀྱི་ས་ཆ་ཁག་ཅིག་ཤོར་ཀྱང་གནད་འགག་ཆུང་ཞེས་བཀྲལ། ཕུ་ཊིན་གྱི་ཨ་ཕྲུག་ཆཱེ་ཆི་ཎི་ཡའི་འགོ་ཁྲིད་རམ་ཛན་ཀ་ཌི་རོབ་སྲིད་གཞུང་གི་འགྲེལ་བཤད་དེར་ཡིད་མ་ཚིམས། ཁོ་པས་ང་ཚོས་འཕྲལ་དུ་དམིགས་བསལ་དམག་དོན་ལས་འགུལ་གྱི་འཐབ་ཇུས་འདིར་འགྱུར་བ་མ་བཏང་ན་ང་རྒྱལ་ས་མོ་སི་ཀོར་བཅར་ནས་གཞུང་གི་འགོ་ཁྲིད་ཚོར་ས་གནས་ས་ཐོག་ཏུ་གི་དངོས་ཡོད་གནས་ཚུལ་རྣམས་སྙན་སེང་མི་ཞུ་ཐབས་མེད་དུ་འགྱུར་རྒྱུ་རེད་ཅེས་བཤད།།

གཟའ་ལྷག་པའི་ཉིན་ཧྥ་རན་སི་༢༤་གསར་འགྱུར་ལས་ཁང་གིས་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་ཏོར་སི་ཏྲ་རེམ་ལ་སྲིད་འཛིན་ཕུ་ཊིན་གནས་དབྱུང་གཏོང་དགོས་པའི་སྙན་ཞུ་འབུལ་དོན་ཅི་ཡིན་ཞེས་བཅར་འདྲི་ཞུས། སྐུ་ཞབས་ཏོར་སི་ཏྲ་རེམ་གྱིས་སན་ཊི་ཕི་ཊར་སི་བྷག་རྫོང་གི་གྲོས་ཚོགས་འཐུས་མི་འགས་ལས་རོགས་ཤིག་གིས་ཕུ་ཊིན་ལ་རྒྱབ་གཏོད་ཀྱི་ནག་ཉེས་བཙུགས་ནས་ཁྲིམས་ལ་སྦྱོར་དགོས་ཞེས་སྙན་ཞུ་ཕུལ་བར་རྒྱབ་སྐྱོར་མཚོན་ཐབས་སུ་སྙན་ཞུ་དེར་མིང་རྟགས་བཀོད་པ་རེད། ང་ནི་ཁོ་ཚོའི་མགྲིན་ཚབ་པ་བྱ་རྒྱུའི་མོས་མཐུན་བྱས་པ་ཡིན། ངས་སྙན་ཞུ་འབུལ་མཁན་དེ་དག་གི་སྙིང་སྟོབས་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ་ཡི་ཡོད། ད་ལྟ་ཁོ་ཚོར་དྲག་ཆས་ཉེན་རྟོག་པ་དང་ཉེན་རྟོག་པས་སུན་གཙེར་བྱེད་ཀྱི་ཡོད་པར་བློ་ཕམ་ཆེ། ས་གནས་གྲོས་ཚོགས་འཐུས་མི་གཞན་ཚོས་སྙན་ཞུ་འབུལ་མཁན་ཚོར་གདུང་སེམས་མཉམ་སྐྱེད་དང་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་བར་ཅི་ཞིག་བསྒྲུབ་དགོས་མིན་ཐད་ཕན་ཚུན་གྲོས་སྡུར་བྱེད་ཀྱི་འདུག ད་ལྟའི་གནས་སྟངས་འོག་ཏུ་གཞུང་གི་དབང་འཛིན་པ་ཚོར་ཕོག་ཐུག་མ་བཏང་བར་ལས་དོན་སྒྲུབ་ཐུབ་རྒྱུ་ཁག་པོ་རེད། སྙན་ཞུ་འདིར་མིང་རྟགས་འགོད་རྒྱུར་ཉེན་ཁ་ཆེན་པོ་འདུག ས་གནས་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བུ་ཕྲུག་གསོ་སྐྱོང་བྱ་རྒྱུ་ཡོད། སྙན་ཞུ་དེར་མིང་རྟགས་འགོད་རྒྱུར་སྐྲག་གི་འདུག་ཟེར། མི་ཁག་ཅིག་གིས་སྙན་ཞུ་དེར་ནུས་པ་གང་ཡང་འཐོན་རྒྱུ་མིན་པ་ངོས་ཟིན་ནས་མིང་རྟགས་འགོད་ཀྱི་མི་འདུག་ཅེས་བཤད། གསར་འགོད་པས་ཕུ་ཊིན་གྱིས་ངོ་མར་སྲིད་འཛིན་གྱི་ལས་གནས་ནས་དགོངས་པ་ཞུ་རྒྱུ་རེད་དམ་ཞེས་དྲིས། ཏོར་སི་ཏྲ་རེམ་གྱིས་ཅིའི་ཕྱིར་དགོངས་པ་མི་ཞུ། ཁོ་པས་དགོངས་པ་ཞུ་རྒྱུ་ནི་ཞི་བའི་སྒོ་ནས་འཕོ་འགྱུར་གཏོང་ཐབས་ཤིག་རེད་ཅེས་ལན་བཏབ།།

ཏོར་སི་ཏྲ་རེམ་གྱིས་ཧྥ་རན་སི་༢༤་གསར་འགྱུར་ལས་ཁང་གི་གསར་འགོད་པར་མུ་མཐུད་དུ་བཤད་པ་ལྟར་ན། དེང་སྐབས་ཨུ་རུ་སུའི་གཞུང་གི་དྲིལ་བསྒྲགས་ནུས་པ་ཤུགས་ཆེ་དྲགས་ཏེ་མང་ཚོགས་ཀྱི་སེམས་སུ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱེད་མཁན་གཅིག་ཀྱང་མི་འདུག་དྲན་གྱི་ཡོད་ཤས་ཆེ། དེར་བརྟེན་སྙན་ཞུ་འདི་འདྲ་ཞིག་འབུལ་རྒྱུ་གལ་གནད་ཆེན་པོ་རེད། དོན་དངོས་སུ་ཨུ་རུ་སུའི་མི་མང་ས་ཡ་མང་པོ་ཕུ་ཊིན་གྱི་སྲིད་ཇུས་ལ་འཐད་པ་མེད་པ་དང་སྙན་ཞུ་འདིས་མི་མང་དེ་རྣམས་ཁེར་རྐྱང་མིན་པ་སྟོན་ཐབས་བྱེད་ཀྱི་ཡོད། གཅིག་བྱས་ན་ཨུ་རུ་སུའི་མཐོ་རིམ་མི་དྲག་ཚོའི་གྲོས་སུ་ཕུ་ཊིན་ལ་ཉེས་འཛུགས་བྱས་ནས་ཁྲིམས་ལ་སྦྱོར་དགོས་ཀྱི་འདུག་བསམ་གྱི་ཡོད་མཁན་ཡོད་སྲིད། ཁོ་ཚོས་ཕུ་ཊིན་ལ་ནག་ཉེས་བཙུགས་ནས་ཁྲིམས་ལ་སྦྱར་ན་ས་གནས་གྲོས་ཚོགས་འཐུས་མི་ཚོའི་རྒྱབ་སྐྱོར་ཡོད། དམག་འཁྲུག་གི་མགོ་སྟོད་དེར་ངོ་རྒོལ་བྱེད་མཁན་གྱི་གྲངས་འབོར་དང་བསྡུར་ན་སྙན་ཞུ་འདིར་མིང་རྟགས་འགོད་མཁན་མང་པོ་མེད་ཀྱང་ཐབས་རྡུགས་ཤིག་མིན། སྙན་ཞུ་འདིར་རྒྱལ་ས་མོ་སི་ཀོ་དང་རྒྱལ་ས་རྙིང་པ་སན་ཊི་ཕིར་ཊར་སི་བྷག ཨིར་ཀུ་ཛིཀ་དང་ཨུ་རུ་སུའི་ཤར་ཕྱོགས་ཀྱི་ཝ་ལ་ཌི་ཝོ་སི་ཊོཀ་གྲོང་ཁྱེར་བཅས་ས་གནས་མང་དག་ཅིག་གི་ས་གནས་གྲོས་ཚོགས་འཐུས་མི་ཚོས་རྒྱབ་སྐྱོར་གྱི་མིང་རྟགས་བཀོད་ཡོད་པ་རེད། ང་ཚོས་ཡུན་རིང་ཞིག་ནས་ཕུ་ཊིན་ལ་ངོ་རྒོལ་དང་ལྐོག་ཟ་རུལ་སུངས་ལ་ཁ་རྡུང་གཏོང་གི་ཡོད། མི་ཁག་ཅིག་གིས་ཕུ་ཊིན་ལ་ཁྲིམས་བཤེར་བྱ་དགོས་ཞེས་ཡོངས་གྲགས་ཀྱི་ཡི་གེ་ཞིག་བཀྲམ་པ་དང་ང་ཚོའི་སྙན་ཞུ་འདིས་མི་དེ་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚོན་ཐུབ། ཁོ་ཚོས་ཕུ་ཊིན་ལ་ཁྲིམས་བཤེར་བྱ་དགོས་པའི་རྒྱུ་མཚན་མང་དག་ཅིག་བགྲངས་ཡོད་པ་རེད་ཅེས་བསྟན།།

ཕྱི་ཟླ་༩་པའི་ཚེས་༡༤་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཕུ་ཊིན་གནས་དབྱུང་གཏོང་དགོས་ཞེས་སྙན་ཞུ་འབུལ་མཁན་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་གྱི་ས་གནས་གྲོས་ཚོགས་འཐུས་མི་ཌི་མཱི་ཊེ་རི་པལ་ཡུ་གྷ་ལ་ཁྲིམས་ཁང་གིས་ཨ་སྒོར་༧༨༠་ཐམ་པའི་ཆད་པ་བཅད། ཁོ་པར་སྲིད་འཛིན་ཕུ་ཊིན་དང་ཨུ་རུ་སུའི་གཞུང་ལ་མཚན་སྨད་ཞུས་པའི་ནག་ཉེས་བཙུགས། ཌི་མཱི་ཊེ་རི་པལ་ཡུ་གྷས་གོང་རིམ་ཁྲིམས་ཁང་ལ་ཞུ་གཏུགས་བྱ་འཆར་ཡོད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། སི་མོལ་ནིན་སི་ཀོ་ཡེ་ས་གནས་ཀྱི་གྲོས་ཚོགས་འཐུས་མི་༤་དུས་ཡུན་བདུན་ཕྲག་གཅིག་གི་ནང་ཚུད་དུ་ཁྲིམས་ཁང་ལ་བཅར་དགོས་པའི་བཀའ་ཡིག་འབྱོར་ཡོད་པ་དང་ས་གནས་དེའི་གྲོས་ཚོགས་འཐུས་མི་༧་གྱིས་སྙན་ཞུ་དེར་མིང་རྟགས་བཀོད། ཉམས་ཞིབ་པ་མང་དག་ཅིག་གིས་ཨུ་རུ་སུའི་ནང་ཁུལ་གྱི་དབང་འཛིན་པ་ཚོས་ཕུ་ཊིན་མགོ་རྟིང་སློག་སྲིད་པའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་འདུག་ཅེས་གླེང་། ཕུ་ཊིན་གྱིས་རང་གི་སྒེར་དམག་ལྟ་བུའི་ཡུལ་སྲུང་དམག་དཔུང་ལ་ཐད་ཀར་བཀོད་འདོམས་དང་ཆཱེ་ཆི་ཎི་ཡའི་འགོ་ཁྲིད་ཀ་ཌི་རོབ་ཀྱིས་བཏང་བའི་ཁ་ཆེའི་དམག་མི་སྟོང་ཕྲག་འགའ་ཞིག་ལ་སྐུ་སྲུང་བའི་ལས་འགན་སྤྲད་ནས་བདེ་འཇགས་སྲུང་སྐྱོབ་དམ་དུ་གཏོང་རྒྱུ་མགོ་བརྩམས། ཡུཀ་རེན་གྱི་དམག་འཁྲུག་ལ་མོས་མཐུན་མེད་པའི་དམག་དཔོན་ཁག་དང་གསང་བའི་ལས་ཁུངས་ཀྱི་མཐོ་རིམ་འགོ་ཁྲིད་ཚོ་ཕུ་ཊིན་གྱིས་གནས་དབྱུང་བྱས་ནས་བཙོན་དུ་བཅུག ཨུ་རུ་སུའི་གསང་བའི་ལས་ཁུངས་ཁག་གི་ལས་བྱེད་པ་སྟོང་ཕྲག་འགའ་ཞིག་འཕོ་འགྱུར་བཏང་སྟེ་ཕུ་ཊིན་གྱི་ཕྱོགས་གཏོགས་པ་འབའ་ཞིག་གནད་འགག་ཆེ་བའི་ལས་གནས་ཁག་དང་ལས་ཁུངས་ཁག་ཏུ་བསྐོ་བཞག་བྱས་ཤིང་། དེས་ན་ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་ཚོའི་ནང་ཁུལ་དུ་སྲིད་འགྱུར་བཏང་ནས་ཕུ་ཊིན་མགོ་རྟིང་སློག་ཐུབ་རྒྱུ་ཁག་པོ་ཡིན་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG