ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གར་གྱི་ཧིན་རྡུ་དང་ཁ་ཆེའི་འཁྲུག་ཟིང་།


༄༅།། ཉེ་བའི་ཉི་མ་འགའ་ཞིག་གི་རིང་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཧིན་རྡུ་དང་ཁ་ཆེ་ཚོ་འཁྲུག་ཟིང་ལངས་ནས་མི་༣༤་ལ་སྲོག་སྐྱོན་དང་ཉ་མཐར་ཡང་མི་༢༠༠་ཡས་མས་ཤིག་ལ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་སྨན་བཅོས་བྱ་དགོས་བྱུང་ཞིང་། ད་དུང་ཁ་ཆེའི་ལྷ་ཁང་དང་ཚོང་ཁང་། མི་མང་གི་ཁང་པ་གཙོ་བོར་གྱུར་པའི་མཁར་དངོས་༡༧༠་ལྷག་མེར་སྲེག་བཏང་ནས་ཐལ་བར་བརླག་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་གར་གཞུང་གིས་ཉེན་རྟོག་པ་བཀྲམ་ནས་ཧིན་རྡུ་དང་ཁ་ཆེའི་འཁྲུག་ཟིང་དེ་རྣམས་འགོག་གི་ཡོད་ཀྱང་ཧིན་རྡུ་དང་ཁ་ཆེ་གཉིས་ཀས་ཕན་ཚུན་རུབ་རྡུང་དང་གཏོར་བཅོམ། ཁང་པ་མེར་སྲེག་དང་ཚོང་ཁང་སོགས་གཏོར་བཅོམ་བྱེད་ཀྱི་ཡོད་པ་བཀག་སྡོམ་ནུས་པ་ཐོན་པ་ཞིག་བྱེད་ཐུབ་ཀྱི་མེད་པ་རེད།


ད་ཐེངས་ཀྱི་འཁྲུག་ཟིང་དེའི་འབྱུང་རྐྱེན་ནི་ན་ནིང་ལོ་མཇུག་དེར་རྒྱ་གར་གཞུང་གིས་སྤྱི་དམངས་ཐོབ་ཐང་ལ་བཅའ་ཁྲིམས་ལ་སྒྱུར་བཅོས་བཏང་ནས་ཁ་ཆེ་མང་པོ་ཞིག་ལ་རྒྱ་གར་བའི་སྤྱི་དམངས་ཀྱི་ཐོབ་ཐང་མེད་པར་འགྱུར་སྲིད་པའི་ཉེན་ཁ་འཕྲད། དེ་ནས་རྒྱ་གར་གྱི་ཁ་ཆེ་ཚོས་ཆེས་མཐོའི་ཁྲིམས་ཁང་ལ་གཏུག་བཤེར་བྱས་པ་དང་སྲིད་བློན་མོ་དྷིའི་གཞུང་གི་ཐག་གཅོད་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ། རྒྱ་གར་གྱི་ཧིན་རྡུ་མི་རིགས་རིང་ལུགས་པ་ཚོས་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་སྒྱུར་བཅོས་ལ་རྒྱབ་སྐྱོར་བྱས་ནས་ཁ་ཆེ་ཚོར་ངོ་རྒོལ་བྱས་ནས་འཁྲུག་ཟིང་འདི་མགོ་བརྩམས། འདས་པའི་བདུན་ཕྲག་མང་པོར་རྒྱ་གར་གྱི་ཁ་ཆེ་ཚོས་ཞི་བའི་སྒོ་ནས་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་སྒྱུར་བཅོས་ལངོ་རྒོལ་བྱས་ཀྱང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་རྒྱ་གར་ལ་འཚམས་འདྲིར་མ་ཕེབས་སྔོན་དེར་རྒྱ་གར་གྱི་ཧིན་རྡུ་མི་རིགས་རིང་ལུགས་པའི་རུ་ཚོགས་ཁག་གིས་ཁ་ཆེ་ཚོར་གཏོར་རྒོལ་བྱས་ནས་དྲག་ཟིང་གི་ངོ་བོར་གྱུར།

སྲིད་བློན་མོ་དྷིའི་གཞུང་གིས་ཧིན་རྡུ་དང་ཁ་ཆེའི་འཁྲུག་ཟིང་དེར་བཀག་སྡོམ་ནན་པོ་ཞིག་བྱེད་ཀྱི་མེད་པར་སྐྱོན་བརྗོད་དྲག་པོ་ཕོག དེང་སྐབས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ས་ཁུལ་མང་དག་ཅིག་ལ་ཁ་ཆེ་དང་ཧིན་རྡུ་ཚོས་རང་རང་གི་ས་ཁུལ་ཁག་ལ་འགོག་ར་བརྒྱབ་ནས་མང་ཚོགས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅིང་། དཔེར་ན་རྩོམ་སྒྲིག་པ་སུབ་རི་ཡ་ཤར་མ་ཞེས་པ་ཞིག་གིས་ཊོས་ཊར་དྲྭ་ལམ་དུ་འདྲ་པར་བཀྲམ་ནས་ས་ཁུལ་འདི་ལྡི་ལི་གསར་པའི་བྷ་རཱམ་པུ་རི་གཞུང་ལམ་རེད། རྒྱ་ལམ་དེའི་ཚུར་ཕྱོགས་ཀྱི་ཁང་པ་ཕལ་མོ་ཆེ་ཧིན་རྡུ་བ་ཚོའི་ཁང་པ་ཡིན་པ་དང་རྒྱ་ལམ་དེའི་ཕར་ཕྱོགས་ཀྱི་ཁང་པ་མང་ཆེ་བ་ཁ་ཆེ་ཚོའི་ཁང་པ་ཡིན་རུང་སྡེ་ཤོག་གཉིས་ཀས་འགོག་ར་བསླངས་ནས་ཚུར་རྒོལ་འགོག་ཐབས་བྱེད་བཞིན་འདུག་ཅེས་མཆན་རྩོམ་ཞིག་བྲིས། ལྡི་ལི་གསར་པར་དྲག་ཟིང་ལངས་ཡོད་པའི་སྟབས་ཀྱིས་རྒྱ་གར་གཞུང་གིས་ཕྱི་ཟླ་༢་པའི་ཚེས་༢༨་དང་༢༩་གཉིས་ལ་རྒྱལ་ཡོངས་འཛིན་རིམ་༡༠་པ་དང་༡༢་གཉིས་ཀྱི་ཡིག་རྒྱུགས་ལེན་རྒྱུ་གཏན་ཁེལ་བྱུང་ཡོད་པའངཕྱི་ཟླ་༣་པའི་ཚེས་༢་བར་དུ་འགྱངས། ལོ་ལྟར་རྒྱ་གར་གྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོར་སློབ་ཕྲུག་ས་ཡ་༡༠་ཡས་མས་རེ་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།

རྒྱ་གར་གྱི་ཁྲིམས་རྩོད་པ་དང་ལས་འགུལ་བ་དྷུ་ཤི་ཡན་ཊི་ཞེས་པ་ཞིག་གིས་དྲག་ཟིང་ཁྲོད་དུ་ཚུད་པའི་མི་མང་རྣམས་ཉེན་སྐྱོབ་ཀྱི་ལས་འགུལ་སྤེལ། ཁོ་པས་ཁྱིམ་ཚང་ཁག་གི་མཁར་རྗེ་དབང་ཐང་ཡོད་དོ་ཅོག་མེར་སྲེག་དང་འཕྲོག་བཅོམ་བྱས་ནས་ཅི་ཡང་ལྷག་མི་འདུག ཁོ་ཚོར་སྨན་དང་གཡོ་སྐོལ་ཟིན་པའི་ཟས་རིགས་སོགས་ཛ་དྲག་གི་སྐྱོབ་གསོ་རོགས་རམ་དགོས་ཀྱི་འདུག མི་མང་གཏོར་རྒོལ་ཕོག་པ་དེ་དག་ལ་ཐབས་རྡུགས་ཀྱི་དྲག་ཟིང་དེའི་ངར་ཤུགས་ཡལ་ཟིན། ཟིང་འཁྲུག་སློང་མཁན་ཚོར་ཁྲིམས་གཅོད་བྱ་རྒྱུ་དང་རྡུང་རྡེག་མྱོང་མཁན་ཚོའི་བདེ་འཇགས་ལ་སྲུང་སྐྱོབ་ཡོད་ཅེས་གཞུང་གི་ཁག་ཐེག་བྱེད་ན་ཟིང་འཁྲུག་ཞོད་འཇགས་འགྲོ་རྒྱུ་དེར་ཕན་ཐོགས་ཡོད་ས་རེད་ཅེས་བཤད། རྒྱ་གར་གྱི་ཕྱོགས་འགལ་ཚོགས་པའི་བར་བརྒལ་འགོ་ཁྲིད་སོ་ཎི་ཡ་གྷན་དྷིས་དབུས་གཞུང་དང་ལྡི་ལི་ས་གནས་གཞུང་གིས་དྲག་ཟིང་འགོག་གི་མི་འདུག་ཅེས་སྐྱོན་བརྗོད་དྲག་པོ་བྱས་པར་མ་ཟད། སོ་ཎི་ཡ་གྷན་དྷི་དང་སྲིད་བློན་ཟུར་པ་མན་མོ་ཧན་སིང་། རྒྱ་གར་གྱི་ཀོང་རེ་སི་ཕྱོགས་འགལ་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོས་སྲིད་འཛིན་རམ་ན་ཐེ་ཀོ་ཝྭིན་ཌིའི་མཚན་ཐོག་ཏུ་ཞུ་གཏུག་གི་སྙན་ཞུ་ཞིག་ཕུལ་འདུག

ཁ་སང་གཟའ་ལྷག་པའི་ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཧིན་རྡུ་བ་ཚོས་རུ་ཚོགས་བྱས་ནས་ཁ་ཆེ་ཚོར་གཏོར་རྒོལ་བྱས་ཀྱང་རྒྱ་གར་དབུས་གཞུང་གིས་བཀག་འགོག་བྱེད་ཀྱི་མེད་པར་བློ་འཚབ་ཆེན་པོ་ཡོད། རྒྱ་གར་གཞུང་གིས་སྤྱི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས་པའི་ལས་འགན་འཐུས་ཤོར་གཏོང་གི་འདུག་ཅེས་སྐྱོན་བཙུགས། རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་དོན་དངོས་མ་རྟོགས་པར་སྐྱོན་བརྗོད་བྱེད་ཀྱི་འདུག འདི་ནི་གནད་དོན་ཞིག་ཆབ་སྲིད་ལ་སྒྱུར་ཐབས་ཀྱི་ཀུན་སློང་རེད་ཅེས་དགག་པ་བརྒྱབ། སྲིད་འཛིན་ཌོ་ནལ་ཊམ་རྒྱ་གར་ལ་འཚམས་འདྲིར་ཕེབས་པའི་སྐབས་སུ་ལྡི་ལི་གསར་པར་དྲག་ཟིང་ལངས་ཡོད་ཀྱང་སྲིད་བློན་མོ་དྷིར་རྒྱ་གར་གཞུང་གིས་ཧིན་རྡུ་དང་ཁ་ཆེའི་འཁྲུག་ཟིང་དེ་འགོག་ཐབས་བྱ་དགོས་ཞེས་ནན་སྐུལ་བྱས་མེད་ཅིང་། སྲིད་བློན་མོ་དྷིའི་གཞུང་གིས་ཀྱང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཕེབས་བསུ་དང་སྣེ་ལེན་གཟབ་རྒྱས་ཞུས་ནས་རྒྱ་གར་ལ་ཆོས་ལུགས་ཀྱི་འཐེན་འཁྱེར་ཐོག་ཏུ་མི་མང་ནང་ཁུལ་ལ་འཁྲུག་ཟིང་ལངས་ཡོད་པའི་རྣམ་པ་འགེབས་ཐབས་བྱས་ཡོད་པ་རེད།

ཨབ་རྡུལ་ས་མར་ཞེས་པའི་ཁ་ཆེ་ཞིག་གིས་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་འདི་ལྟར་བཤད། གཟའ་མིག་དམར་གྱི་ཕྱི་དྲོར་ངས་ལྡི་ལིའི་བྱང་ཤར་ཕྱོགས་ཀྱི་ཁ་ཆེའི་ལྷ་ཁང་ཞིག་ཏུ་ཁ་འདོན་བྱེད་བཞིན་ཡོད། མི་ཚོགས་ཤིག་གློ་བུར་དུ་ལྷ་ཁང་ནང་དུ་འཛུལ་ཡོང་ནས་མི་ལ་དབྱུག་རྡུང་བྱས་པ་དང་ཁང་པ་མེར་སྲེག་བཏང་སོང་། དེ་ནས་མི་ཚོགས་དེ་ཨ་ཤོ་ཀ་ན་སྒར་གྱི་ཕྱོགས་སུ་ཕྱིན་སོང་། ཁོ་ཚོས་ཧིན་རྡུ་ཆོས་ལུགས་ལྷ་སྟེ། དཔལ་དགའ་བྱེད་རྣམ་པར་རྒྱལ་བར་ཤོག་ཅེས་སྐད་འབོད་བྱས་པའི་རྗེས་སུ་ཨ་ཤོ་ཀ་ན་སྒར་གྱི་ཁ་ཆེའི་ལྷ་ཁང་ནང་གི་མི་མང་ཆོས་དད་པ་ཚོར་རྡུང་རྡེག་གཏོང་མགོ་བརྩམས་སོང་། ལྷ་ཁང་དེའི་གནས་འཛིན་ཨ་ཁུན་དང་དབུ་མཛད་གཉིས་ཀྱང་དམར་གསོད་བྱས་སོང་། མི་དེ་དག་གི་ལག་ཏུ་མེ་མདའ་དང་དབྱུག་པརྡོ་སོགས་ཐོགས་འདུག ང་ཚོས་ཁ་འདོན་མཚམས་བཞག་ནས་རང་གི་སྲོག་མགོ་ཐོན་ཐབས་སུ་བྲོས་བྱོལ་དུ་ཕྱིན་པ་ཡིན་ཞེས་བཤད། མེར་སྲེག་གིས་ནག་པོར་གྱུར་པའི་ཁ་ཆེའི་ལྷ་ཁང་དེའི་ཐོག་ཏུ་ཧིན་རྡུ་མི་རིགས་རིང་ལུགས་ཀྱི་མཚོན་དོན་དར་ཆ་ལི་ཝང་ཞིག་བཙུགས། གསར་འགོད་པ་ཚོས་ཁ་ཆེའི་ལྷ་ཁང་སྟེང་དུ་ཧིན་རྡུ་ཆོས་ལུགས་ཀྱི་མཚོན་དོན་དར་ཆ་བསྒྲེངས་དོན་ཅི་ཡིན་ཞེས་ཉེན་རྟོག་པ་ཚོར་འདྲི་རྩད་བྱས་པའི་རྗེས་སུ་གཟའ་ལྷག་པའི་ཉིན་ལི་ཝང་དར་ཆ་དེ་མར་ཕབ་འདུག

རྒྱ་གར་གྱི་ཧིན་རྡུ་རུ་ཚོགས་ཁག་གིས་ཁ་ཆེའི་ཚོང་ཁང་དང་སྡོད་ཁང་སོགས་མེར་སྲེག་གཏོང་རྒྱུ་མཚམས་འཇོག་གི་མེད་ཀྱང་རྒྱ་གར་གཞུང་གི་ཉེན་རྟོག་པ་བཀྲམ་ནས་མཆི་འབྱིན་དུག་རླངས་གཏོར། མི་ཚོགས་ཀྱི་ཟིང་འཁྲུག་སློང་གི་ཡོད་པ་ཞོད་འཇགས་གཏོང་ཐབས་བྱེད་ཀྱི་ཡོད་ཀྱང་ཧིན་རྡུ་བའི་རུ་ཚོགས་ཁག་གིས་རྡོ་དང་དབྱུག་པ་སོགས་ཀྱིས་ཉེན་རྟོག་པར་རྒོལ་ལན་སློག རྒྱལ་ས་ལྡི་ལིའི་གུ་རུ་ཐེ་ཇི་བྷ་དྷུར་སྨན་ཁང་གི་ལས་སྣེ་ཞིག་གིས་བཤད་པ་ལྟར་ན། མི་༣༤་ལ་སྲོག་སྐྱོན་ཕོག་པ་དེ་དག་གི་གྲས་ཀྱི་གཅིག་ནི་ཉེན་རྟོག་པ་ཞིག་རེད། སྨན་ཁང་འདིར་རྨས་མ་༢༠༠་ཡས་མས་ཤིག་ལ་སྨན་བཅོས་བྱེད་བཞིན་ཡོད། ཁོ་ཚོ་མང་ཆེ་བར་མདེའུ་ཕོག་ནས་རྨས་འདུག ད་དུང་ཡང་མི་ལ་འཆི་རྨས་བྱུང་བའི་གྲངས་འབོར་འཕར་སྣོན་འགྲོ་ས་རེད་ཅེས་བཤད། གཟའ་ལྷག་པའི་ཉིན་སྲིད་བློན་མོ་དྷིས་རྒྱལ་ས་ལྡི་ལིར་ཞི་བདེ་དང་འཆམ་མཐུན་གྱི་ཁོར་ཡུག་ཅིག་བསྐྲུན་དགོས། ངས་ལྡི་ལི་གསར་པའི་ཕུ་ནུ་མིང་སྲིང་རྣམས་དུས་དང་རྣམ་པ་ཀུན་ཏུ་ཞི་བདེར་གནས་པ་དང་ཕུ་ནུའི་འདུ་ཤེས་འཛིན་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་འཕྲིན་ཐུང་ཞིག་སྤེལ། ཡིན་ནའང་རྒྱ་གར་གྱི་ཁ་ཆེ་ཚོ་དང་ཉམས་ཞིབ་པ་མང་དག་ཅིག་གིས་སྲིད་བློན་མོ་དྷིས་ཞི་བདེ་མཉམ་གནས་དང་ཕུ་ནུ་མིང་སྲིང་གི་འདུ་ཤེས་འཛིན་དགོས་ཟེར་པ་ནི་ལྷག་བསམ་ཟོལ་མེད་ཀྱི་སྐད་ཆ་ཞིག་ཡིན་མིན་དོགས་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG