ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་རྒྱ་གར་ལ་གཏོང་གི་ཡོད་པའི་གསང་ཉུལ་གྱི་རིགས། 


༄༅།། རྒྱ་གར་གྱི་རྩད་གཅོད་གསར་འགོད་པ་ཡཱ་ཏི་ཤི་ཡ་དྷབ་ཀྱིས་གསར་དུ་བརྩམས་པའི་དཔེ་དེབ་ཅིག་ཏུ་རྒྱ་གར་གྱི་གསང་བའི་ལས་ཁུངས་ཁག་གིས་ལྡི་ལི་གསར་པའི་དབང་འཛིན་པ་ཚོར་རྒྱ་ནག་གི་དམག་དོན་གསང་བའི་ལས་ཁུངས་ཀྱིས་མཁས་པ་དང་ཤེས་ཡོན་ཅན། ཚོང་པ་དང་ཆེད་ལས་པ། ཐ་ན་གསར་འགོད་པའི་གྲས་སུའང་གསང་ཉུལ་གཏོང་གི་འདུག རྒྱ་གར་གྱི་ས་ཐོག་ཏུ་རྒྱ་ནག་གི་གསང་ཉུལ་སིམ་འཛུལ་བྱས་ནས་ལས་དོན་སྒྲུབ་ཀྱི་ཡོད་པ་ཇེ་མང་དུ་སོང་སྟེ་ས་མཚམས་ཀྱི་བདེ་འཇགས་ལ་ཧ་ཅང་གི་ཉེན་ཁ་ཞིག་རེད་ཅེས་བསྟན། ༢༠༡༧་ལོར་རྒྱ་དཀར་ནག་གཉིས་ཀས་བོད་ཀྱི་འབྲོག་ལམ་ས་ཁུལ་དུ་དམག་དཔུང་ཁྲི་ཚོ་མང་པོ་བཀྲམ་ནས་ཉི་མ་༧༣་ལ་དམག་འཁྲུག་གི་ཛ་དྲག་བྱུང་ཞིང་། ལོ་འདིའི་ཕྱི་ཟླ་༦་པའི་ཚེས་༡༥་ཉིན་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིན་ཐུག་སྟེ་མི་གསོད་ཁྲག་སྦྱོར་གྱི་འཁྲུག་འཛིང་བྱུང་ནས་བཟུང་། རྒྱ་གར་གཞུང་གིས་རང་གི་བདེ་འཇགས་སྲུང་སྐྱོབ་དོན་དུ་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་བཟོས་པའི་དྲྭ་རྒྱའི་བཀོལ་ཆས་རྣམས་བཀག་སྡོམ་དང་རྒྱ་ནག་གཞུང་གིས་འགྲོ་གྲོན་བཏང་ནས་རྒྱ་གར་གྱི་སློབ་ཆེན་ཁག་ཏུ་བཙུགས་པའི་ཁུང་ཙིའི་སློབ་གླིང་ཁག་ལ་ཞིབ་འཇུག རྒྱ་ནག་གི་ཚོང་པ་དང་ཡུལ་སྐོར་སྤྲོ་འཆམ་པ། ཤེས་ཡོན་ཅན་དང་སློབ་ཕྲུག་སོགས་ལ་རྒྱ་གར་གྱིས་དོགས་ཟོན་བྱས་ནས་ཞིབ་འཇུག་བྱ་རྒྱུ་ཤུགས་ཆེ་རུ་བཏང་འདུག

རྒྱ་གར་གྱི་གསང་བའི་ལས་དོན་གྱི་ལོ་རྒྱུས་ཞེས་མིང་བྱང་དུ་བཀོད་པའི་དཔེ་དེབ་འདིར་རྒྱ་གར་གཞུང་གིས་ཕྱི་ལ་གསང་ཉུལ་བཏང་སྟེ་གནས་ཚུལ་བསྡུ་རུབ་ཇི་ལྟར་བྱེད་ཀྱི་ཡོད་པ་དང་དགྲ་ཕྱོགས་ཀྱི་གསང་ཉུལ་རྣམས་རྩད་གཅོད། རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་འབྱུང་གི་ཡོད་པ་རྣམས་ཇི་ལྟར་ཟློག་གི་ཡོད་པ་སོགས་ཞིབ་ཕྲ་ཞིག་འཁོད་ཡོད་ཅིང་། ༢༠༡༨་ལོའི་ཕྱི་ཟླ་དང་པོར་རྒྱ་གར་གྱི་གསང་བའི་ལས་ཁུངས་ཁག་གིས་དབུས་གཞུང་གི་འགོ་ཁྲིད་ཚོར་རྒྱ་ནག་གི་གསང་ཉུལ་སྣ་ཚོགས་ཤིག་དང་ཧ་ཅང་མང་པོ་ཞིག་གཏོང་གི་ཡོད་པར་གདོང་ལེན་བྱ་དགོས་ཀྱི་འདུག ལྷག་པར་དུ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་ལམ་འཛུགས་སྐྲུན་ལེགས་གྲུབ་བྱུང་སྟེ་ཕྱི་ལོ་༢༠༥༠་ཡས་མས་སུ་རྒྱ་ནག་ཨེ་ཤི་ཡ་དང་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ལ་འགྱུར་རྒྱུ་ཡིན་པར་མ་ཟད། རྒྱ་ནག་གིས་རང་གི་ཤུགས་རྐྱེན་དེ་ཉིད་འཛམ་གླིང་ཡོངས་ཀྱི་ས་ཁམས་ཆབ་སྲིད་ལ་ཁྱབ་ཏུ་འཇུག་རྒྱུའི་ཧམ་སེམས་ཤིག་འཆང་ཡོད་པར་རྒྱ་གར་གཞུང་གིས་དོགས་ཟོན་བྱ་དགོས་ཞེས་སྐུལ་ལྕག་བཏང་ཞིང་། གསར་འགོད་པ་ཡ་དྷབ་ཀྱིས་དེང་སྐབས་རྒྱ་དཀར་ནག་གཉིས་ཀས་དངོས་སུ་དབང་སྒྱུར་བྱེད་བཞིན་ཡོད་པའི་ས་ཐིག་དེར་དབྱེ་བ་གསལ་པོ་ཞིག་འབྱེད་ཐུབ་ཀྱི་མེད་པ་དང་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གྲོས་མོལ་ཁག་ལ་གྲུབ་འབྲས་ཐོན་མེད་པ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་བཞུགས་ཡོད་པ་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་འཚོ་བཞུགས་མེད་པའི་དུས་སུ་གནས་ཚུལ་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་མིན་གནད་དོན་དེར་རྒྱ་ནག་གིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པས་རྒྱ་གར་གཞུང་གིས་དེ་ལ་སྣང་ཆུང་བཏང་ནས་ཕྱིས་སུ་དཀའ་ངལ་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་ཉེན་བརྡ་བཏང་འདུག

རྒྱ་གར་གྱི་གསང་བའི་ལས་ཁུངས་ཁག་གི་གསང་ཉུལ་ཚོ་ལྷན་དུ་འདུས་པའི་ཚོགས་འདུ་དེའི་ཐོག་ཏུ་རྒྱ་ནག་གི་གསང་ཉུལ་ཚོས་རྒྱ་གར་གྱི་བྱང་ཤར་ཕྱོགས་སུ་ཆགས་པའི་མངའ་སྡེ་ཁག་གི་གྱེན་ལོག་ཚོགས་པ་ཁག་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག རྒྱ་ནག་ལ་རང་གི་སྟོབས་ཤུགས་རྒྱ་གར་རྒྱ་མཚོའི་ནང་དུ་རྒྱ་སྐྱེད་གཏོང་འདོད་ཡོད་པ་དང་རྒྱ་ནག་དང་པ་ཀི་སི་ཐན་གྱི་དཔལ་འབྱོར་ཤུར་ལམ་ཡང་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་ཞིག་རེད། རྒྱ་ནག་གིས་བལ་ཡུལ་དང་པ་ཀི་སི་ཐན། བངྒ་ལ་དང་སིངྒ་ལ། མལ་དྷིབ་བཅས་ལ་དཔལ་འབྱོར་རོགས་རམ་དང་ཕྱི་འབྲེལ་རྒྱ་སྐྱེད། ཚོང་ལས་དང་འཛུགས་སྐྲུན་སོགས་ཀྱི་མ་རྩ་བཙུགས་ནས་རྒྱ་གར་མཐའ་བསྐོར་རྒྱུའི་སྲིད་ཇུས་ཤིག་འཛིན་གྱི་འདུག རྒྱ་ནག་གིས་དྲྭ་ལམ་ནས་རྒྱལ་ཁབ་གཞན་གྱི་གསང་བའི་གནས་ཚུལ་རྐུ་འཁྱེར་དང་རྒྱལ་ཁབ་གཞན་གྱི་དྲྭ་ལམ་དུ་སིམ་འཛུལ་བྱེད་ཀྱི་ཡོད་པར་འགྲན་ཟླ་དབེན། རྒྱ་ནག་གིས་རིག་གཞུང་བརྗེ་ལེན་དང་ཚོང་ལས་ཀྱི་གོ་སྐབས་བཟུང་ནས་རྒྱ་གར་གྱི་གསང་བའི་གནས་ཚུལ་བསྡུ་རུབ་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་སྟེ། རྒྱ་ནག་གིས་ཁ་པར་དང་ཇུས་འགོད། བཟོ་སྐྲུན་སོགས་ཀྱི་བཟོ་ཚོང་ལས་ཁང་ཁག་ལའང་གསང་ཉུལ་གྱི་ལས་དོན་སྒྲུབ་ཏུ་འཇུག་གི་འདུག རྒྱ་གར་གཞུང་གིས་དོགས་ཟོན་བྱ་དགོས་པའི་རྒྱ་ནག་གི་ཞིབ་འཇུག་ལས་ཁང་ཁག་ཅིག་གི་ཐོ་གཞུང་དང་ཞིབ་འཇུག་ལས་ཁང་གཅིག་ལ་རྒྱ་གར་གྱི་ཏ་མིལ་ན་དྷུ་དང་ནུབ་བངྒ་ལ་མངའ་སྡེ་ཡན་ལག་ཞིབ་འཇུག་ཁང་འཛུགས་འདོད་ཡོད་པའི་གསང་བའི་ཐོ་གཞུང་ཞིག་རྒྱ་གར་གྱི་འབྲེལ་ཡོད་པ་ཁག་གི་འགོ་ཁྲིད་ཚོར་ཕུལ་འདུག་ཅེས་གསར་འགོད་པ་ཡཱ་དྷབ་ཀྱིས་བརྩམས་པའི་དཔེ་དེབ་འདིར་འཁོད།།

རྒྱ་གར་གྱི་གསང་ཉུལ་ཉམས་མྱོང་ཅན་ཞིག་གིས་སྔོན་ཆད་ཨ་མི་རི་ཀ་དང་ཨུ་རུ་སུ་གཉིས་ཀྱིས་ལག་ལེན་བསྟར་མྱོང་ཡོད་པའི་གསང་ཉུལ་གཏོང་སྟངས་ཁག་ལ་རྒྱ་ནག་གིས་མིག་དཔེ་བལྟས་ནས་རྒྱ་གར་ལ་གསང་ཉུལ་གཏོང་གི་འདུག རྒྱ་གར་གྱི་འཛུགས་སྐྲུན་ལས་དོན་ཁག་ལ་འགྲོ་གྲོན་ཧ་ཅང་དམའ་མོ་བྱས་ནས་འཛུགས་སྐྲུན་གྱི་འགྲན་སྡུར་ཁོངས་སུ་ཞུགས་ཀྱི་ཡོད་པ་རྣམས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་རེད། རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་ཚོར་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་ཡོད་པ་དང་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གིས་རྒྱ་གར་གྱི་མ་ཧ་ར་ཤི་ཊི་ར་དང་ཆ་ཏི་སི་གྷར། ཧ་རི་ཡ་ན་བཅས་སུ་གཞི་རྩ་བརྟན་པོ་ཚུགས་འདུག ད་དུང་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གིས་རྒྱ་གར་གྱི་མཚོ་ཁའི་ས་གནས་གྷོ་ཨ་དང་ཀ་དམ་པ་སོགས་ཀྱང་དམིགས་འབེན་དུ་འཛིན་གྱི་འདུག རྒྱ་གར་གྱི་ཨོ་རི་ས་མངའ་སྡེའི་དྷར་མ་མཚོ་ཁའི་བཟོ་ཚོང་ཁང་ནི་རྒྱ་ནག་གི་བཟོ་ཚོང་ལས་ཁང་མིན་རུང་བཟོ་ཚོང་ལས་ཁང་དེའི་རྒྱ་མི་ལས་བྱེད་པ་ཚོར་དོགས་ཟོན་བྱ་དགོས་ཀྱི་འདུག་ཅེས་བཤད། ཨོ་རི་སི་མངའ་སྡེ་ནི་རྒྱ་གར་གྱི་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱ་ཡུལ་གཙོ་བོ་དེ་ཡིན་ཞིང་། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་མ་རྩ་བཙུགས་ཏེ་ཚོང་ལས་ཅི་ཞིག་གཉེར་ཀྱང་རྒྱ་གར་གཞུང་གིས་བཟོ་ཚོང་ལས་ཁང་དེ་རྒྱ་ནག་གི་གསང་བའི་ལས་ཁུངས་ལ་འབྲེལ་བ་ཡོད་མེད་ཞིབ་འཇུག་བྱ་དགོས། རྒྱ་ནག་དང་པ་ཀི་སི་ཐན་གཉིས་དམག་དོན་དང་གསང་བའི་ལས་དོན། ཆབ་སྲིད་དང་ཕྱི་འབྲེལ། དཔལ་འབྱོར་དང་ཚོང་ལས་སོགས་ཕྱོགས་གང་ཐད་དུ་འབྲེལ་བ་དམ་ཟབ་ཡོད་པས་རྒྱ་གར་གྱི་གསང་བའི་ལས་ཁུངས་ཁག་གིས་རྒྱ་ནག་ལ་འཐབ་རྒོལ་བྱ་རྒྱུ་དེ་བས་ཀྱང་དཀའ་ངལ་ཆེ་རུ་ཕྱིན་འདུག་ཅེས་བསྟན།།

རྒྱ་ནག་གཞུང་གིས་འགྲོ་གྲོན་བཏང་སྟེ་འཛམ་གླིང་རྒྱལ་ཁབ་ཁག་གི་སློབ་ཆེན་ཁག་ལ་ཁུང་ཙིའི་སློབ་གླིང་བཙུགས་ཏེ་གསང་ཉུལ་གྱི་ལས་དོན་སྒྲུབ་པའམ། ཡང་ན་ཁུང་ཙིའི་སློབ་གླིང་བརྒྱུད་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ལྟ་བ་དང་ལངས་ཕྱོགས། ཁུང་ཙིའི་སློབ་གླིང་བཙུགས་ཡོད་པའི་ཕྱི་རྒྱལ་གྱི་སློབ་ཆེན་ཁག་གི་ཤེས་ཡོན་སློབ་གསོའི་ལམ་ལུགས་ཁག་སྒྱུར་ཐབས་བྱེད་ཀྱི་ཡོད་པ་ལྟར་རྒྱ་གར་གྱི་སློབ་ཆེན་བདུན་ལ་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་བཙུགས། རྒྱ་གར་གྱི་སློབ་ཆེན་དེ་དག་ནི་བྷམ་བྷེ་སློབ་གྲྭ་ཆེན་མོ་དང་ཝྭེ་ལོར་འཕྲུལ་རིག་སློབ་ཆེན། ལོབ་ལི་ཆེད་ལས་སློབ་ཆེན། ཀ་ལི་ཀ་ཏའི་རྒྱ་སྐད་སློབ་གྲྭ། བྷ་ར་ཏི་ཨར་སློབ་གྲྭ་ཆེན་མོ། ཁེ་ཨར་མང་ག་ལམ་སློབ་གྲྭ་ཆེན་མོ་བཅས་ཡིན། ནུབ་ཕྱོགས་རྒྱལ་ཁབ་ཕལ་ཆེ་བས་རང་གི་སློབ་ཆེན་ཁག་ཏུ་བཙུགས་ཡོད་པའི་ཁུང་ཙིའི་སློབ་གླིང་རྣམས་སྒོ་རྒྱག་གི་ཡོད་པས་རྒྱ་ནག་གཞུང་གིས་ཁུང་ཙིའི་སློབ་གླིང་དེ་ཚོར་སྐད་ཡིག་དང་ཤེས་ཡོན་སློབ་གསོ་མཉམ་འབྲེལ་ལྟེ་གནས་ཞེས་མིང་བསྒྱུར། ཟླ་བ་སྔོན་མ་ནས་རྒྱ་གར་གཞུང་གིས་ཀྱང་རང་ཡུལ་གྱི་སློབ་ཆེན་ཁག་ཏུ་བཙུགས་ཡོད་པའི་ཁུང་ཙིའི་སློབ་གླིང་ཁག་གི་དམིགས་ཡུལ་དང་འཆར་གཞི། རྒྱ་གར་གྱི་སློབ་ཆེན་ཁག་ཏུ་ལས་འགུལ་ཅི་ཟིག་སྤེལ་གྱི་ཡོད་བཅས་ལ་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས་ཡོད་པའི་གནས་ཚུལ་ཐོན། ལྡི་ལི་གསར་པར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་གར་གྱི་སློབ་ཆེན་ཁག་ཏུ་ཁུང་ཙིའི་སློབ་གླིང་བཙུགས་ནས་ལོ་༡༠་ཡས་ཤིག་འགྲོ་བཞིན་ཡོད། རྒྱ་གར་གཞུང་གིས་སྐད་ཡིག་དང་ཤེས་ཡོན་སློབ་གསོའི་ལས་དོན་ཞིག་ཆབ་སྲིད་ཀྱི་ངོ་བོར་མ་བསྒྱུར་ན་ལེགས་ཞེས་རྒྱ་གར་གཞུང་གིས་ཁུང་ཙུའི་སློབ་གླིང་ལ་ཞིབ་འཇུག་བྱེད་འགོ་ཚུགས་པར་ངོ་རྒོལ་བྱས་འདུག

ཉེ་ཆར་རྒྱ་གར་གཞུང་གིས་བོད་མིང་བཏགས་པའི་བློ་བཟང་ཟེར་བའི་རྒྱ་ནག་གི་གསང་ཉུལ་ཡིན་པར་དོགས་པ་ཡོད་པའི་མི་ཞིག་འཛིན་བཟུང་བྱས་འདུག བློ་བཟང་ངམ། ཡང་ན་ཆར་ལི་ཕེང་ཞེས་པའི་མི་དེ་༢༠༡༤་ལོར་བལ་ཡུལ་བརྒྱུད་ནས་རྒྱ་གར་ལ་ཁྲིམས་འགལ་དུ་སླེབས། ཁོ་པས་རྒྱ་གར་གྱི་མཱི་ཛོ་རམ་མངའ་སྡེའི་བུད་མེད་ཅིག་ལ་གཉེན་སྒྲིག་བྱས་ནས་རྒྱ་གར་གྱི་ཐོབ་ཐང་ལག་འཁྱེར་རྣམས་བླངས། ཁོ་པས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བོད་སྒར་བསམ་ཡས་གླིང་གི་བོད་པའི་གྲྭ་བ་ཁག་ཅིག་ལ་ཧིན་སྒོར་འབུམ་རེ་སྤྲད་ནས་བོད་དོན་གྱི་གསང་བའི་གནས་ཚུལ་བསྡུ་རུབ་བྱས་པ་རེད་ཅེས་གནས་ཚུལ་ཐོན། ཆར་ལི་ཕེང་གིས་རྒྱ་གར་གྱི་དངུལ་ཁང་ཁག་ཏུ་བཅུག་ཁྲ་༤༠་ལྷག་སྒོ་ཕྱེ་ཡོད་པ་དེ་དག་བརྒྱུད་ནས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཧིན་སྒོར་ཀ་རོར་༣༠༠་ལྷག་(རྒྱ་གར་གྱི་རྩིས་སྲོལ་ལ་ཀ་རོར་གཅིག་ནི་བྱེ་བ་གཅིག)ཕར་ཚུན་གཏོང་ལེན་བྱས་ཏེ་དཔྱ་ཁྲལ་ཚུལ་བཞིན་བརྒྱབ་མི་འདུག དངུལ་སྒོར་གཏོང་ལེན་གྱི་བརྒྱུད་ལམ་མང་དག་ཅིག་ཧོང་ཀོང་ཡིན་པ་དང་དངུལ་སྒོར་ལ་འབྲེལ་བ་ཡོད་པའི་སྐད་ཆ་རྣམས་སྐད་འཕྲིན་ནང་དུ་བཤད་འདུག་ཅེས་རྒྱ་གར་གཞུང་གིས་རྩད་གཅོད་ཐུབ། རྒྱ་གར་གྱི་ཁྲལ་བསྡུ་ལས་ཁང་གིས་དངུལ་ཁང་ཁག་གི་ལས་བྱེད་པ་ཁག་ཅིག་ཀྱང་ཁྲིམས་འགལ་གྱི་དངུལ་སྒོར་གཏོང་ལེན་དང་འབྲེལ་བ་ཡོད་སྲིད་པའི་དོགས་གཞིའི་འོག་ཏུ་ལྟ་རྟོག་བྱ་དགོས་པ་ཞིག་ཏུ་གྱུར། རྒྱ་ནག་གིས་བོད་པ་བཙན་བྱོལ་བའི་མིང་ཐོག་ཏུ་རྒྱ་གར་ལ་གསང་ཉུལ་གཏོང་བ་དང་གསང་ཉུལ་དེ་ཚོར་རྒྱ་གར་གྱི་སྤྱི་དམངས་ལ་གཉེན་སྒྲིག་བྱེད་དུ་འཇུག་གི་ཡོད་པ་ནི་ཐབས་ཇུས་གསར་པ་དང་མངོན་གསལ་མེད་པ་ཞིག་ཡིན་པས་རྒྱ་གར་གཞུང་གིས་དེ་བས་ཀྱང་དོགས་ཟོན་བྱ་དགོས་པ་ཞིག་ཏུ་གྱུར་འདུག

XS
SM
MD
LG