ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༠/༡༦

ནེ་ཏན་ཡ་ཧུས་དམག་འཁྲུག་མུ་མཐུད་བརྒྱབ་རྒྱུ་ཡིན་ཞེས་བཤད།


གྷ་ཛའི་ནང་ཨིས་རལ་གྱིས་གཏོར་རྒོལ་བྱས་ཏེ་ཉུང་མཐར་པེ་ལིས་ཐན་གྱི་མི་༡༦ལ་སྲོག་སྐྱོན་བྱུང་ཡོད་པ་
གྷ་ཛའི་ནང་ཨིས་རལ་གྱིས་གཏོར་རྒོལ་བྱས་ཏེ་ཉུང་མཐར་པེ་ལིས་ཐན་གྱི་མི་༡༦ལ་སྲོག་སྐྱོན་བྱུང་ཡོད་པ་
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གྷཱ་ཛའི་དམག་འཁྲུག་དེ་ཕྱི་ཟླ་༩པའི་ཚེས་༧གྱི་ཉིན་འགོ་ཚུགས་ཏེ་རེས་གཟའ་སྤེན་པའི་ཉིན་ཟླ་བ་༡༢སོང་བའི་ཉིན་དང་པོ་ཡིན་པ་དང་། དེ་ཉིན་གྷ་ཛའི་ནང་ཨིས་རལ་གྱིས་གཏོར་རྒོལ་བྱས་ཏེ་ཉུང་མཐར་པེ་ལིས་ཐན་གྱི་མི་༡༦ལ་སྲོག་སྐྱོན་བྱུང་ཡོད་པས་ས་གནས་དེའི་ནང་མེ་འཕེན་མཚམས་འཇོག་གི་མཐུན་གྲོས་འཇོག་ཐུབ་པའི་མངོན་རྟགས་གང་ཡང་ཐོན་གྱི་མེད་པ་དང་། ནེ་ཏན་ཡ་ཧུས་ཡིས་རེས་གཟའ་ཉི་མའི་ཉིན་ལྷན་འཛོམས་ཤིག་ལ་གཏམ་བཤད་གནང་བའི་སྐབས་ཁོང་གིས་གྷ་ཛའི་ནང་མེ་འཕེན་མཚམས་འཇོག་གི་མཐུན་གྲོས་བཞག་རྒྱུའི་ཚབ་ཏུ་དམག་འཁྲུག་དེ་མུ་མཐུད་བརྒྱབ་རྒྱུ་ཡིན་ཞེས་གསུངས་ཡོད་པའི་གནས་ཚུལ་ཐོན་འདུག

ཡང་རེས་གཟའ་ཉི་མའི་ཉིན་མེ་མདའ་ཐོགས་པའི་མི་ཞིག་ཇོར་ཌེན་དང་ནུབ་མཚོ་ཁ་དབར་གྱི་ཟམ་པ་ཨེ་ལེན་བྷེ་ཡི་ཐོག་ཡོང་སྐབས་ཨིས་རལ་གྱི་མི་གསུམ་རྐྱེན་ལམ་དུ་བཏང་ཡོད་པ་དེར་སྲིད་བློན་ནེ་ཏན་ཡ་ཧུས་སྐྱོན་བརྗོད་བྱས་འདུག མེ་མདའ་ཐོགས་པའི་མི་དེར་ཨིས་རལ་གྱི་དམག་མིས་མེ་མདའ་བརྒྱབས་ཏེ་དེ་མ་ཐག་རྐྱེན་ལམ་དུ་བཏང་འདུག

ཨིས་རལ་གྱི་དམག་མིས་གཟའ་པ་སངས་ཀྱི་ཉིན་པེ་ལིས་ཐན་མི་རིགས་ཀྱི་ས་གནས་ནུབ་མཚོ་ཁའི་ཐོག་གཏོར་རྒོལ་གཏོང་སྐབས་ཨ་རི་དང་ཊར་ཀིའི་མི་རྒྱུད་ཡིན་པའི་བེུད་ཨེ་སེན་ནུར་ཨི་ཇི་རྐྱེན་ལམ་དུ་བཏང་བའི་སྐོར་ལ་བེུད་དེའི་ཕ་མས་རང་དབང་གི་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱེད་དགོས་པའི་དགོས་འདུན་བཏོན་འདུག

པེ་ལིས་ཐན་གྱི་མི་མང་གི་ཐོབ་ཐང་གི་སྐོར་ལ་འཐབ་རྩོད་བྱེད་མཁན་ཨ་རི་དང་ཊར་ཀིའི་མི་རྒྱུད་ཡིན་པ་རང་ལོ་༢༦ཡིན་པ་བེུད་ཨི་ཇིས་ཨིས་རལ་གྱི་དམག་མིར་ཉེན་ཁ་གང་ཡང་བཟོ་ཡི་མེད་ཀྱང་ཨིས་རལ་གྱི་དམག་མིས་རྐྱེན་ལམ་དུ་བཏང་འདུག་ཅེས་སྐྱོན་བརྗོད་བྱས་འདུག

ཨིས་རལ་གྱི་དམག་མིས་རེས་གཟའ་སྤེན་པའི་ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་ “ང་ཚོའི་དམག་མིས་པེ་ལིས་ཐན་གྱི་མི་མང་ཚོས་དྲག་སྤྱོད་ཀྱི་ལས་འགུལ་བྱ་རྒྱུར་བརྒྱུད་བསྐུལ་བྱེད་མཁན་དང་། ཨིས་རལ་གྱི་དམག་མིར་རྡོ་བཞུ་མཁན་ཞིག་ལ་མེ་མདའ་བརྒྱབས་འདུག ང་ཚོའི་དམག་མིས་ཕྱི་རྒྱལ་གྱི་བེུད་ཞིག་ལ་ཆེད་མངགས་མེ་མདའ་བརྒྱབས་ཏེ་རྐྱེན་ལམ་དུ་བཏང་ཡོད་པའི་གནས་ཚུལ་དེར་ང་ཚོས་ཞིབ་འཇུག་བྱེད་ཀྱི་ཡོད་” ཅེས་བཀོད་འདུག

ཨི་ཇི་ཟེར་བའི་ཨ་རི་དང་ཊར་ཀིའི་མི་སེར་དེ་ཨིས་རལ་གྱི་དམག་མི་ཚོས་ནུབ་མཚོ་ཁའི་གྲོང་ཁྱེར་ཇེ་ནིན་དང་། དེའི་ཉེ་འཁོར་གྱི་སྐྱབས་བཅོལ་བའི་སྡོད་སྒར་ཐོག་ཉིན་བཅུའི་རིང་དྲག་གནོན་བྱས་རྗེས་ཨིས་རལ་ལ་ཕྱིར་ལོག་བྱེད་པའི་སྐབས་རྐྱེན་ལམ་དུ་བཏང་འདུག་པ་དང་། ཨིས་རལ་གྱི་དམག་མིས་གྷ་ཛའི་ནང་དྲག་གནོན་བྱས་སྐབས་པེ་ལིས་ཐན་གྱི་མི་༣༩ལ་སྲོག་སྐྱོན་བྱུང་ཡོད་པ་ནས་༢༡གྲོངཁྱེར་ཇེ་ནིན་ནང་བྱུང་འདུག

ཨིས་རལ་གྱི་སྲིད་བློན་ནེ་ཏན་ཡ་ཧུས་རེས་གཟའ་ཉི་མའི་ཉིན་ཡུལ་དེའི་གཞུང་གི་མཐོ་རིམ་དཔོན་རིགས་རིམ་པའི་བདུན་རེའི་ལྷན་འཛོམས་ཤིག་ལ་གསུངས་མོལ་གནང་སྐབས་”ང་ཚོའི་ལུང་པ་འདི་ཨི་རཱན་གྱིས་འགོ་འཁྲིད་པའི་དྲག་སྤྱོད་པའི་ཤོག་ཁ་འདྲ་མིན་གྱིས་མཐའ་བཞི་བསྐོར་ཡོད་པས་ང་ཚོས་དམག་འཁྲུག་འདི་མུ་མཐུད་བརྒྱབ་དགོས་ཀྱི་འདུག”ཅེས་གསུངས་འདུག

དེའི་བར་ན། ཨིས་རལ་གྱིས་གྷ་ཛ་ལུང་གཤོངས་ཐོག་གནམ་ཐོག་ནས་གཏོར་རྒོལ་བྱས་ཏེ་བེུད་གཉིས་དང་། ཕྲུ་གུ་གཉིས། སྲུང་སྐྱོབ་ཀྱི་མི་སྣ་གཅིག་བཅས་མི་ལྔ་རྐྱེན་ལམ་དུ་ཕྱིན་ཡོད་འདུག

སྲིད་བློན་ནེ་ཏན་ཡ་ཧུས་ཟླ་བ་བཅུ་གཅིག་ཕྱིན་པའི་གྷ་ཛའི་ནང་མེ་འཕེན་མཚམས་འཇོག་མ་གནང་བ་དང་། ཧ་མས་དྲག་སྤྱོད་པ་ཚོས་གཏའ་མར་བཙན་ཉར་བྱེད་བཞིན་པའི་བཙོན་པ་རྣམས་གློད་བཀྲོལ་ཡོང་རྒྱུར་མཐུན་གྲོས་བཞག་གནང་མེད་པ་དེར་ཡུལ་དེའི་མི་མང་ཚོས་འདས་པའི་ཉིན་ཤས་ཀྱི་ནང་དེར་ངོ་རྒོལ་ཤུགས་ཆེར་བྱས་ཡོད་པ་རེད།

སྲིད་བློན་ནེ་ཏན་ཡ་ཧུས་ཨིས་རལ་གྱི་འགོ་འཁྲིད་གཞན་པ་ཚོར་གཏམ་བཤད་གནང་སྐབས་ཨིས་རལ་གྱི་རྒྱ་ཆེའི་མི་མང་ཕལ་ཆེ་བས་སོ་སོའི་དམིགས་ཡུལ་དེ་བསྒྲུབ་ཐུབ་ཀྱི་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད་རེད་ཅེས་གསུངས་འདུག་པ་དང་། སྲིད་བློན་ནེ་ཏན་ཡ་ཧུའི་དམིགས་ཡུལ་དེ་ནི་ཧ་མས་དྲག་སྤྱོད་པ་རྣམས་རྩ་མེད་བཟོ་རྒྱུ་དང་། དྲག་སྤྱོད་སྒྲིག་འཛུགས་དེས་བཙན་ཉར་བྱས་པའི་བཙོན་པ་རྣམས་བདེ་བར་གློད་བཀྲོལ་ཡོང་ཐབས་བྱ་རྒྱུ། གྷ་ཛ་ས་གནས་དེ་བཞིན་ཕྱིས་འབྱུང་ཨིས་རལ་ལ་ཉེན་ཁ་བཟོ་མཁན་ལ་མི་འགྱུར་བ། ཨིས་རལ་གྱི་མི་མང་རྣམས་ཡུལ་དེའི་བྱང་ཕྱོགས་དང་ལྷོ་ཕྱོགས་སུ་བདེ་བར་ཕྱིར་ལོག་བྱེད་ཐུབ་པ་བཟོ་རྒྱུ་བཅས་ཡིན་པ་རེད།

ཨ་རིའི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། ཕུན་ཚོགས་ཚེ་རིང་།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG