ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

བལ་མོ་རྣམས་རྒྱ་ནག་ལ་མནའ་མར་བཙོང་བཞིན་པ།


༄༅།། རྒྱ་ནག་གི་མི་འབོར་ཁོངས་སུ་སྐྱེས་པ་མང་དྲགས་པ་དང་བུད་མེད་ཉུང་བའི་སྟབས་ཀྱིས་པ་ཀི་སི་ཐན་དང་དབུས་ཨེ་ཤི་ཡ། བལ་ཡུལ་དང་རྒྱ་གར་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བུད་མེད་རྣམས་རྒྱ་ནག་གི་སྐྱེས་པ་ཚོར་མནའ་མར་བཙོངས་ནས་ཚོང་ལས་ཤིག་དར་ཁྱབ་འགྲོ་བཞིན་ཡོད་ཅིང་། དཔེར་ན་སུ་ཎི་ཏ་རྟ་མང་ཞེས་པ་ནི་རྒྱ་ནག་གི་སྐྱེས་པ་ཞིག་ལ་མནའ་མར་བཙོང་གྲབས་སུ་གྱུར་པའི་བལ་ཡུལ་གྱི་གྲོང་གསེབ་ཅིག་གི་ན་གཞོན་མ་ཞིག་ཡིན། ཁོ་མོ་ལོ་ན་༢༢་དང་ལམ་ཇུང་ས་ཁུལ་གྱི་ཞིང་པའི་ཁྱིམ་ཚང་ཞིག་གི་བུ་མོ་ཡིན་རུང་འཚོ་བའི་དཀའ་ངལ་ཡོད་པའི་སྟབས་ཀྱིས་རྒྱ་ནག་གི་སྐྱེས་པ་ཞིག་ལ་མནའ་མར་འགྲོ་རྒྱུའི་བསམ་གཞིགས་བྱས་འདུག སུ་ཎི་ཏ་རྟ་མང་ལ་གྲོང་གསེབ་དེའི་ཡུལ་མི་གཅིག་པ་བྷ་ར་ཏ་རྟ་མང་ཞེས་པ་ཞིག་གིས་རྒྱ་ནག་ལ་མནའ་མར་ཕྱིན་ན་ལས་ཀའི་གོ་སྐབས་དང་ཁེ་ཕན་ཆེན་པོ། གལ་སྲིད་ཁོ་མོས་རྒྱ་ནག་གི་སྐྱེས་པ་ཞིག་ལ་གཉེན་སྒྲིག་བྱས་ནས་རྒྱ་ནག་གི་སྤྱི་དམངས་སུ་གྱུར་ན་ཕྱིར་སྐྱོད་ལག་འཁྱེར་རྒྱབ་ཤོག་དམར་པོ་ཅན་དེ་འཐོབ་ནས་འཛམ་གླིང་ཡུལ་གྲུ་ཀུན་ལ་འགྲིམ་འགྲུལ་བྱེད་ཆོག་གི་རེད་ཅེས་སྒྲུང་སྙན་པོ་ཞིག་བཤད་འདུག

སུ་ཎི་ཏ་རྟ་མང་གིས་བལ་ཡུལ་གྱི་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་བརྗོད་དོན། ཐོག་མར་ང་སྐད་ཆ་དེར་ཡིད་ཆེས་དེ་ཙམ་བྱུང་མ་སོང་། ཡིན་ནའང་ཁོ་པས་མུ་མཐུད་དུ་ང་ལ་ཨུ་ཚུགས་བརྒྱབ་པས་ངས་ཀྱང་དེ་ལ་བསམ་ཞིབ་བྱས་པ་ཡིན། དེ་ནི་ང་གཅིག་པུར་ཁེ་ཕན་ཡོད་པ་ཞིག་མིན་པར་ངའི་ཨ་མ་ལའང་ཕན་ཐོག་འདུག་བསམས་བྱུང་། བྷ་ར་ཏ་རྟ་མང་གིས་ང་རྒྱ་ནག་གི་སྐྱེས་པ་ཞིག་ལ་མཚམས་སྦྱོར་བྱ་དགོས་ཟེར་པ་དང་ང་ལའང་ཁྱིམ་དུ་ལས་ཀ་འོས་འཚམས་ཤིག་མེད་པས་དེ་ལ་མོས་མཐུན་བྱས་པ་ཡིན་ཞེས་བཤད། བྷ་ར་ཏ་རྟ་མང་གིས་སུ་ཎི་ཏ་ཁྲིད་ནས་བུད་མེད་ཅིག་ལ་ངོ་སྤྲོད་བྱས་པ་དང་བུད་མེད་དེས་ཀྱང་རྒྱ་ནག་ལ་མནའ་མར་འགྲོ་རྒྱུ་ནི་གོ་སྐབས་བཟང་པོ་ཞིག་རེད་ཅེས་བཤད། དེ་ནས་བུད་མེད་དེས་སུ་ཎི་ཏ་རྟ་མང་བལ་ཡུལ་གྱི་རྒྱལ་ས་ཀ་ཐེ་མན་རྡུ་གྲོང་ཁྱེར་དུ་ཁྲིད་ནས་ཏོཀ་ཧ་ཞེས་པའི་ཁྱིམ་ཚང་ཞིག་ཏུ་ཉི་མ་འགའ་ཞིག་ལ་བསྡད། ཏོཀ་ཧ་ཞེས་པའི་བུད་མེད་དེས་སུ་ཎི་ཏ་རྒྱ་སྐད་ཤེས་མཁན་རི་ན་རྟ་མང་ཞེས་པའི་བུད་མེད་གཞན་ཞིག་ལ་མཚམས་སྦྱོར་བྱས་པར་མ་ཟད། ཉི་མ་བཅུའི་རིང་ལ་ཏོཀ་ཧ་དང་རི་ན་གཉིས་ཀྱིས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་བརྒྱུད་ནས་སུ་ཎི་ཏའི་འདྲ་པར་རྒྱ་ནག་གི་སྐྱེས་པ་ཚོར་བསྟན།

སུ་ཎི་ཏ་རྟ་མང་གིས་མུ་མཐུད་དུ་བརྗོད་དོན། ཁོ་ཚོས་ང་རྒྱ་ནག་ནས་བལ་ཡུལ་ལ་གཉེན་སྒྲིག་བྱེད་དུ་ཡོང་བའི་རྒྱ་ནག་པ་སྐྱེས་པ་ཞིག་ལ་མཚམས་སྦྱོར་བྱས་བྱུང་། ང་ཚོ་གསུམ་པོས་བྷི་གྷི་ཚོང་ཁང་ཆེན་མོར་རྒྱ་ནག་གི་མི་དེར་ཐུག་ནས་སྐད་ཆ་བཤད་པ་ཡིན། རི་ན་རྟ་མང་གིས་ང་ལ་གཉེན་སྒྲིག་གི་ཡིག་ཆ་གྲ་སྒྲིག་བྱོས་ཞེས་མངགས་བཀོད་བྱས་བྱུང་། ངའི་གཉེན་སྒྲིག་བྱ་ཡུལ་དུ་འགྱུར་རྒྱུའི་སྐྱེས་པ་དེ་ནི་རྒྱ་ནག་གི་ཧུ་པེ་ཞིང་ཆེན་གྱི་ས་གནས་ཤིག་ཏུ་ཡོད་པ་དང་ཁོ་པའི་མིང་ལ་ཆིན་ལི་དབྱང་ཟེར་གྱི་ཡོད་ས་རེད། ངས་ཁོ་པར་སྐད་ཆ་བཤད་མྱོང་དང་ངོ་ཐུག་མྱོང་མེད། ཡིན་ནའང་ང་ལ་སྒྲུང་སྙན་པོ་ཞིག་བཤད་པ་དེས་ཡིད་དབང་འཕྲོག་ནས་གཉེན་སྒྲིག་བྱ་རྒྱུ་བྱས་པ་ཡིན། མཐར་ཕྱི་ཟླ་༨་ཚེས་༢༨་ཉིན་ཡིག་ཆ་ཚང་མ་འགྲིགས་ནས་ང་ལ་གནམ་གྲུའི་པ་སི་སྤྲད་བྱུང་། ང་ཕྱི་དྲོའི་ཆུ་ཚོད་༤་པའི་ཐོག་ཏུ་གནམ་གྲུའི་ནང་དུ་བསྡད་ནས་རྒྱ་ནག་གི་ཀོང་ཀྲུག་གྲོང་ཁྱེར་ལ་འཕུར་དགོས། ཀོང་ཀྲུག་ནས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ལ་འཕུར་དགོས་པ་རེད་ཅེས་བཤད་བྱུང་། དེ་དུས་ལ་ང་ལ་སྐྲག་སྣང་ཞིག་བྱུང་བ་དང་གཏན་ནས་ངོ་མི་ཤེས་པ་དང་ཐུག་མྱོང་མེད་པའི་མི་ཞིག་ལ་གཉེན་སྒྲིག་བྱ་རྒྱུ་དེར་ཕྱིར་ཤིག་བརྒྱབ་པ་ཡིན། ངས་ཁ་པར་སྒོ་བརྒྱབ་པ་དང་གནམ་གྲུའི་ནང་དུའང་མ་འཛུལ་པར་རང་ཡུལ་ལམ་ཇུང་ལ་ཕྱིར་ལོག་པ་ཡིན་ཞེས་བཤད།

སུ་ཎི་ཏ་རྟ་མང་ནི་བུད་མེད་ནག་ཚོང་གི་སྐེ་མཚམས་ནས་ཐར་ཙམ་བྱུང་བའི་ལས་སྐལ་བཟང་པོ་ཞིག་ཡིན་ཞིང་། དེང་སྐབས་བལ་ཡུལ་གྱི་གྲོང་གསེབ་ཁག་གི་བལ་མོ་མང་པོ་ཞིག་གིས་རྒྱ་ནག་ལ་མནའ་མར་ནག་ཚོང་བྱས་ནས་ཚོང་ལས་ཤིག་དར། བལ་མོ་དེ་རྣམས་རྒྱ་ནག་ལ་འབྱོར་བའི་རྗེས་སུ་སྐྱེས་པ་གཞན་ལ་བཙོངས་པའམ། ཡང་ན་གཞང་ཁང་ལ་བཙོངས་ནས་རྒྱ་ནག་གི་སྤྱི་ཚོགས་སུ་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་ཆུང་མ་ནག་ཚོང་གི་ཚོང་ལས་ཆེན་པོ་ཞིག་དར་ཡོད་པ་སྟེ། ཕྱི་ཟླ་༨་ཚེས་༣༡་ཉིན་བལ་ཡུལ་གྱི་ཉེན་རྟོག་པས་བུད་མེད་ནག་ཚོང་རྒྱག་མཁན་དོགས་གཞི་ཅན་གྱི་མི་༡༠་ཊི་རུ་བྷུ་ཝྭན་རྒྱལ་སྤྱིའི་གནམ་ཐང་དུ་འཛིན་བཟུང་བྱས་པ་དེའི་གྲས་སུ་བྷ་ར་ཏ་རྟ་མང་དང་རི་ན་རྟ་མང་། ཨམ་རི་ཏ་དགུ་རོང་། པར་བྷ་ཊི་དགུ་རོང་བཅས་ཡོད་ཅིང་། ཁོ་ཚོ་ཚང་མ་སུ་ཎི་ཏ་རྟ་མང་རྒྱ་ནག་ལ་མནའ་མར་འགྲོ་དགོས་ཞེས་སྐུལ་ལྕག་དང་བློ་འགུག་བྱེད་མཁན་གྲས་སུ་ཡོད་འདུག བལ་ཡུལ་གྱི་ཉེན་རྟོག་པས་ང་ཚོས་ཞིབ་འཇུག་བྱས་པའི་རྗེས་སུ་ལམ་ཇུང་ས་གནས་ཀྱི་བུད་མེད་གཉིས་དང་སན་ས་རི་ས་གནས་ཀྱི་བུད་མེད་གཅིག ཆི་ཊི་ཝན་དང་ཀ་སི་ཀི་ས་གནས་གཉིས་ཀྱི་བུད་མེད་རེ་རེ་བཅས་བུད་མེད་ལྔ་ཉེན་སྐྱོབ་བྱས་པ་ཡིན་ཞེས་བཤད། རྒྱ་ནག་གི་སྐྱེས་པ་ཚོས་བལ་ཡུལ་ནས་མནའ་མ་ཉོ་རྒྱུ་༢༠༡༥་ནས་འགོ་ཚུགས། རྒྱ་ནག་གི་སྐྱེས་པ་དེ་ཚོས་བལ་མོ་ཞིག་ལ་གཉེན་སྒྲིག་བྱེད་པར་བལ་སྒོར་ས་ཡ་༡་དང་ཕྱེད་ཀ་རེ་སྤྲོད་དགོས། པར་བྷ་ཏི་ཞེས་པའི་བུད་མེད་དེས་རང་ཁྱིམ་དུ་བལ་མོ་ཚོར་རྒྱ་ནག་གི་སྐྱེས་པ་ཚོར་གཉེན་སྒྲིག་བྱས་ནས་ཆུང་མ་ཇི་ལྟར་བྱ་དགོས་མིན་གྱི་སྦྱོང་བརྡར་སྤྲོད་པ་དང་རི་ན་རྟ་མང་གིས་སྐད་སྒྱུར་བྱས་ནས་ཚོང་ལས་གཉེར། རྒྱ་ནག་གིས་སྐྱེས་པ་དེ་ཚོས་བལ་མོ་རེར་གཉེན་སྒྲིག་བྱེད་པར་བལ་སྒོར་ས་ཡ་༡་དང་ཕྱེད་ཀ་རེ་རིན་པ་སྤྲོད་ཀྱི་ཡོད་པ་དེའི་ཐོག་ཏུ་མནའ་མ་དེར་བལ་སྒོར་ཁྲི་ཚོ་༦་ཡས་མས་རེའི་ལག་རྟགས་སྤྲོད་ཀྱི་ཡོད་པས་བལ་མོ་རྣམས་རྒྱ་ནག་ལ་མནའ་མར་ཕྱིན་ན་གོ་སྐབས་བཟང་པོ་ཡོད་པའི་ངེས་ཤེས་རྙེད་དུ་འཇུག་གི་འདུག་ཅེས་ཉེན་རྟོག་པས་བཤད།

ད་ལྟ་རྒྱ་ནག་གཞུང་གིས་བཟའ་ཚང་རེར་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་བཅའ་ཁྲིམས་ཕྱིར་བསྡུ་བྱས་ཀྱང་རྒྱ་ནག་ལ་ཕོ་མང་མང་ཉུང་གི་ཁྱད་པར་ཆེན་པོ་ཡོད་པས་བལ་ཡུལ་དང་པ་ཀི་སི་ཐན། རྒྱ་གར་དང་ལྷོ་ཀོ་རི་ཡ་དང་ཁེམ་བྷོ་ཌི་ཡ། ཝྭི་ཏེ་ནམ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་རྒྱ་ནག་གི་སྐྱེས་པ་ཚོས་མནའ་མ་ལེན་དགོས་ཐུག་གི་ཡོད་པས་བུད་མེད་ནག་ཚོང་བྱ་རྒྱུ་ནི་འགོག་མི་ཐུབ་པ་ཞིག་ཏུ་གྱུར། ༢༠༠༧་ལོར་བལ་ཡུལ་གཞུང་གིས་མི་ཞིག་ཚོང་རྫས་ཀྱི་ཆེད་དུ་རྒྱལ་ཁབ་ཕྱི་ལ་འཁྲིད་མི་ཆོག་པའི་བཅའ་ཁྲིམས་ཤིག་གཏན་ལ་ཕབ། མི་ནག་ཚོང་གི་མཚན་ཉིད་ལའང་སྐྱེ་བོ་གང་ཞིག་ལ་མགོ་སྐོར་བཏང་ནས་རང་ཁྱིམ་དང་རང་ཡུལ་ནས་བསླུ་བྲིད། བཙན་ཁྲིད་བྱས་ནས་ཉོ་ཚོང་བྱེད་མི་ཆོག་ཅེས་བཀོད། རྒྱ་ནག་གི་སྐྱེས་པ་ཚོར་ཁྲིམས་མཐུན་ཐོག་ཏུ་གཉེན་སྒྲིག་བྱས་པའི་བལ་མོ་རྣམས་ཀྱང་རྒྱ་ནག་ལ་སླེབས་པའི་རྗེས་སུ་གཞང་ཁང་ལ་བཙོང་སྲིད་པའི་ཉེན་ཀ་ཆེན་པོ་ཡོད། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་མནའ་མར་ཉོས་པའི་བུད་མེད་རྣམས་རྒྱ་ནག་གི་གྲོང་གསེབ་ཁག་ཏུ་སླེབས་པའི་རྗེས་སུ་ཁང་པའི་ནང་དུ་བཙོན་པ་ལྟར་བཅུག་སྟེ་བཙན་གཡེམ་ལན་མང་བྱས་པ་དང་། བུད་མེད་དེར་མྱུར་དུ་མངའ་སྦྲུམ་དུ་བཅུག་ནས་ཁྱིམ་ཚང་གི་རྒྱུད་འཛིན་པ་ཞིག་སྐྱེ་རུ་འཇུག་རྒྱུའི་གནོན་ཤུགས་སྤྲོད་པ། ཐ་ན་རྒྱ་ནག་ནས་རང་ཡུལ་ལ་ཕྱིར་ལོག་བྱེད་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་པའི་ཕྱི་རྒྱལ་གྱི་བུད་མེད་ཇི་སྙེད་ཅིག་འདུག་ཅེས་བལ་ཡུལ་གྱི་ཉེན་རྟོག་པ་ཚོས་བཤད་འདུག

XS
SM
MD
LG