ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༤/༡༨

བོད་ཀྱི་མཚོན་རྟགས་གྱོན་པའི་བལ་བོའི་སྤྱི་དམངས་བཀག་ཉར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། བདུན་ཕྲག་སྔོན་མར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་བལ་ཡུལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས། བལ་ཡུལ་གཞུང་གིས་ཞིས་ཅིན་ཕིང་འཚམས་འདྲིར་མ་འབྱོར་བའི་བདུན་ཕྲག་གཅིག་གི་སྔོན་ནས་བདེ་འཇགས་སྲུང་སྐྱོབ་དམ་དུ་བཏང་སྟེ་བལ་ཡུལ་མཆོད་རྟེན་མཐའ་འཁོར་དང་ཇཱོ་ལ་ཁལ་ས་ཁུལ། རྒྱལ་ས་ཀ་ཐེ་མན་རྡུ་གྲོང་ཁྱེར་བཅས་ཀྱི་བོད་དོན་འཐབ་རྩོད་པ་ཚོར་འདྲི་གཅོད་དང་བཀག་ཉར། ཞིས་ཅིན་ཕིང་གི་རྒྱལ་དོན་འཚམས་འདྲིའི་སྐབས་སུ་བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བ་ཚོས་ངོ་རྒོལ་བྱ་སྲིད་པའི་ལས་འགུལ་ཁག་ལ་སྔོན་འགོག་བྱས་ཤིང་། ད་དུང་ཕྱི་ཟླ་༩་པའི་ཟླ་མཇུག་ཏུ་བཞུགས་སྒར་དྷ་རམ་ས་ལར་དམིགས་བསལ་ཚོགས་འདུ་ལ་ཕེབས་པའི་བལ་ཡུལ་གྱི་ས་གནས་ཁག་གི་བོད་པ་བཙན་བྱོལ་བའི་འཐུས་མི་རྣམས་ཀྱི་མིང་ཐོ་ཚགས་པར་དུ་བཀྲམ། ཁོ་ཚོ་ཞིས་ཅིན་ཕིང་གི་རྒྱལ་དོན་འཚམས་འདྲིའི་གཞུག་ལ་མ་གཏོགས་བལ་ཡུལ་དུ་ཕྱིར་ལོག་བྱེད་མི་ཆོག་ཅེས་བཀག བལ་ཡུལ་མཆོད་རྟེན་མཐའ་འཁོར་དུ་བཀག་ཉར་བྱས་པའི་བོད་པ་དེ་དག་གི་གྲས་སུ་བུད་མེད་སྦྲུམ་མ་ཞིག་ཀྱང་ཡོད་པའི་གནས་ཚུལ་ཐོན། འོན་ཀྱང་ཞིས་ཅིན་ཕིང་གིས་འཚམས་འདྲིའི་དུས་སུ་བལ་ཡུལ་གཞུང་གིས་བཀག་ཉར་བྱས་པ་བོད་པ་བཙན་བྱོལ་བ་གཅིག་པུ་མིན་ཞིང་། ཐ་ན་བལ་ཡུལ་སྤྱི་དམངས་ཁག་ཅིག་ཀྱང་ཞིས་ཅིན་ཕིང་གི་རྒྱལ་དོན་འཚམས་འདྲིའི་སྐབས་དེར་བཀག་ཉར་བྱས་པའི་གནས་ཚུལ་ཐོན་འདུག

བལ་ཡུལ་གྱི་ཀ་ཐེ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན་ཞིས་ཅིན་ཕིང་བལ་ཡུལ་ལ་རྒྱལ་དོན་འཚམས་འདྲིར་མ་འབྱོར་བའི་བདུན་ཕྲག་གཅིག་གི་སྔོན་ནས་ཉེན་རྟོག་པས་བོད་དོན་འཐབ་རྩོད་ཀྱི་འབོད་ཚིག་དང་བོད་ཡིག་སོགས་ལ་དོགས་ཟོན། བོད་པ་བཙན་བྱོལ་བའི་ཚོང་ཁང་སོགས་ལ་སྐོར་གཡེང་བྱས་ནས་ཞིས་ཅིན་ཕིང་གི་འཚམས་འདྲིའི་དུས་སུ་བལ་ཡུལ་གྱི་ས་ཐོག་ཏུ་བོད་དང་བོད་པ། བོད་དོན་གྱི་རྣམ་པ་ཙམ་ཡང་མཐོང་ཐོས་མེད་པར་བཏང་ནས་བལ་ཡུལ་རང་གི་སྤྱི་དམངས་ལའང་འདྲི་རྩད་དང་བཀག་ཉར་བྱས་པའི་གནས་ཚུལ་ཐོན་འདུག དཔེར་ན་ཀོར་ཁ་ས་གནས་ཀྱི་བུ་མོ་ལོ་ན་༡༤་ཅན་ཞིག་གིས་རང་གི་སྟོད་ཐུང་གི་བྲང་ཁར་བོད་རང་དབང་ཞེས་འབོད་ཚིག་འཁོད་པ་ཞིག་གྱོན་ཡོད་པ་དང་། གློ་ཡུལ་མ་རངས་གྲོང་གསེབ་ཀྱི་རྒན་མོ་ལོ་ན་༦༥་ཅན་ཞིག་གིས་བོད་ཡིག་བྲིས་པའི་རྒྱབ་ཁུག་ཅིག་འཁུར་ཡོད་པ་རྣམས་བལ་ཡུལ་གྱི་ཉེན་རྟོག་པས་མཐོང་སྟེ་འདྲི་རྩད་བྱས་ཀྱང་རྒན་མོ་དེ་ཡིག་རྨོངས་ཡིན་པའི་སྟབས་ཀྱིས་རང་གི་རྒྱབ་ཁུག་ཐོག་ཏུ་ཅི་ཞིག་བྲིས་ཡོད་པའང་ཀློག་ཐུབ་ཀྱི་མེད་པ་རེད།

བུ་མོ་ལོ་ན་༡༤་ཅན་དེ་སུན་དྷར་རི་ཇལ་ས་ཁུལ་གྱི་སློབ་གྲྭ་ཞིག་གི་འཛིན་གྲྭ་བདུན་པའི་སློབ་ཕྲུག་ཅིག་ཡིན། བུ་མོ་དེའི་དགེ་རྒན་ཤར་པ་ཕུར་བུ་ཞེས་པ་ཞིག་གིས་བཤད་པ་ལྟར་ན་བདུན་ཕྲག་སྔོན་མར་བལ་ཡུལ་གྱི་ཉེན་རྟོག་པ་ཚོ་སློབ་གྲྭར་ཡོང་ནས་བུ་མོ་ལོ་ཆུང་དེ་ཉེན་རྟོག་ཁང་དུ་ཁྲིད་སོང་། ང་ཡང་ཉེན་རྟོག་ཁང་དུ་ཕྱིན་ནས་བུ་མོ་ལོ་ཆུང་དེའི་མཉམ་དུ་བསྡད་པ་ཡིན། བུ་མོ་དེ་ཉི་མ་གཉིས་ལ་ཉེན་རྟོག་ཁང་དུ་བཀག་ཉར་བྱས་སོང་། ངས་དགོང་མོ་བུ་མོ་དེ་ཉེན་རྟོག་ཁང་དུ་མ་བཞག་པར་སློབ་ཁང་ལ་ཉལ་དུ་ཁྲིད་ཡོང་བ་ཡིན། ཁོ་མོར་ཉེན་རྟོག་ཁང་དུ་བརྙས་བཅོས་སོགས་བཏང་ནས་སྡུག་པོ་མྱངས་མ་སོང་། ཡིན་ནའང་ནག་ཉེས་མེད་པའི་བྱིས་པ་ཞིག་ཉེན་རྟོག་ཁང་དུ་བཀག་ཉར་བྱས་པར་སེམས་ཁམས་ལ་འཇིགས་སྣང་གི་བག་ཆགས་ངན་པ་ཞིག་ཐེབས་ཡོད་ངེས་རེད། བྱིས་པ་བསམ་མེད་ཅིག་གིས་སྟོད་ཐུང་ཞིག་གྱོན་པ་དེའི་སྟབས་ཀྱིས་ཉེན་རྟོག་པས་བཀག་ཉར་བྱས་པ་ནི་ཐབས་རྡུགས་ཤིག་རེད། བལ་ཡུལ་གྱི་ཉེན་རྟོག་པ་ཚོས་བསམ་བློ་མ་བཏང་བ་རེད་ཅེས་སྐྱོན་བརྗོད་བྱས་འདུག

གྷ་གྷལ་ཧྥེ་ཌི་ཉེན་རྟོག་ཁང་གི་འགན་འཛིན་གཞོན་པ་བྷ་ཏ་ར་ཡེས་ང་ཚོར་མཆོད་རྟེན་མཐའ་འཁོར་གྱི་ཉེན་རྟོག་ལས་ཁང་གིས་ཞིས་ཅིན་ཕིང་གི་འཚམས་འདྲིའི་དུས་སུ་བུ་མོ་ལོ་ཆུང་དེ་བཀག་ཉར་བྱ་དགོས་ཞེས་བཀག་བཏང་བྱུང་། ཁོ་མོས་སྟོད་ཐུང་གི་བྲང་ཁར་བོད་རང་དབང་ཞེས་འཁོད་པ་ཞིག་གྱོན་འདུག་ཟེར་གྱིན་འདུག ང་ཚོས་བདུན་ཕྲག་སྔོན་མའི་གཟའ་སྤེན་པ་དང་ཉི་མ་གཉིས་ལ་བུ་མོ་ལོ་ཆུང་དེ་བཀག་ཉར་བྱས་པ་ཡིན། ང་ཚོས་བོད་པ་བཙན་བྱོལ་བ་དང་བལ་བོའི་སྤྱི་དམངས་ཁག་ཅིག་བཀག་ཉར་བྱས་པ་རྣམས་བདེ་འཇགས་སྲུང་སྐྱོབ་ཀྱི་དོན་དུ་ཡིན། བུ་མོ་དེའི་སྟོད་ཐུང་ཐོག་ཏུ་འཁོད་པའི་འབོད་ཚིག་དེས་ཞིས་ཅིན་ཕིང་བལ་ཡུལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་ཀྱི་ཡོད་པར་ངོ་རྒོལ་ཡོད་པ་མཚོན་ཐུབ། ང་ཚོས་ཐོག་མཐའ་བར་གསུམ་དུ་ངོ་རྒོལ་བྱེད་མི་ཆོག་ཅེས་ཉེན་བརྡ་བཏང་ཡོད། ང་ཚོས་བུ་མོ་ལོ་ཆུང་དེ་གཅིག་པུ་བཀག་ཉར་བྱས་པ་མིན། ཞིས་ཅིན་ཕིང་གི་འཚམས་འདྲིའི་སྐབས་སུ་མི་༢༥་བཀག་ཉར་བྱས་པ་རྣམས་འཚམས་འདྲིའི་རྗེས་སུ་གློད་གྲོལ་བཏང་ཡོད། མི་༡༨་འཛིན་བཟུང་བྱས་ནས་འདྲི་རྩོད་བྱས་པ་དེ་དག་གི་གྲས་སུ་བོད་པ་བཙན་བྱོལ་བའང་ཚུད་ཡོད་ཅེས་ཀ་ཐེ་མན་རྡུ་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་བཤད་འདུག

རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོ་དུས་ནམ་ཞིག་བལ་ཡུལ་ལ་འཚམས་འདྲིར་ཕེབས་ན་བོད་པ་བཙན་བྱོལ་བ་ཚོ་འཛིན་བཟུང་དང་བཀག་ཉར། བལ་ཡུལ་གྱི་ཉེན་རྟོག་པས་བོད་པ་བཙན་བྱོལ་བ་ཚོར་འདྲི་རྩད་དང་སུན་གཙེར་བྱེད་ཀྱི་ཡོད་པ་རྒྱུན་ལྡན་ཞིག་ཡིན། བལ་ཡུལ་དུ་གཞིས་ཚུགས་པའི་བོད་པ་བཙན་བྱོལ་བའི་གཞིས་ཆགས་ཁག་ཏུ་བོད་ཀྱི་ལོ་སར་དང་ཆོས་ཕྱོགས་ཀྱི་དུས་ཆེན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་འཁྲུངས་སྐར་སོགས་ལ་རྟེན་འབྲེལ་ཞུས་ཀྱང་བལ་ཡུལ་གཞུང་གི་ཉེན་རྟོག་པ་བཀྲམ་ནས་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་བོད་པ་བཙན་བྱོལ་བ་ཚོར་བལ་ཡུལ་གྱི་ས་ཐོག་ཏུ་ཆབ་སྲིད་དང་ཆོས་ལུགས། རིག་གཞུང་སོགས་ཀྱི་བྱེད་སྒོ་གང་ཡང་སྤེལ་དུ་འཇུག་གི་མེད་པར་མ་ཟད། ད་ལྟ་བལ་ཡུལ་གཞུང་གིས་རང་གི་སྤྱི་དམངས་ཀྱི་སྨྲ་བརྗོད་རང་དབང་ལའང་དམ་དྲག་བྱེད་ཀྱི་འདུག བལ་ཡུལ་གྱི་རྩ་ཁྲིམས་སུ་རང་གི་སྤྱི་དམངས་ལ་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཡོད་ཅེས་འཁོད་ཡོད། སྤྱི་དམངས་ཐམས་ཅད་ལ་རང་གི་ཆབ་སྲིད་ཀྱི་ལྟ་བ་མ་འདྲ་བ་ཡོད་ཆོག བལ་ཡུལ་གྱི་ཕྱི་སྲིད་ལ་སྐྱོན་བརྗོད་བྱེད་ཆོག་པའི་ཐོབ་ཐང་ཡོད་ཅེས་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྲིད་གཞུང་ལ་སྐྱོན་བརྗོད་བྱས་འདུག བལ་ཡུལ་རང་དབང་གླེང་སྟེགས་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གི་འགོ་ཁྲིད་ཏ་ར་ན་ཐ་དྷ་ཧལ་ཞེས་པ་ཞིག་གིས་བལ་ཡུལ་དུ་བོད་དང་ཀ་ཤི་མིར་གྱི་རྩ་དོན་གླེང་སློང་བྱས་ན་ཁྲིམས་འགལ་མ་རེད། ཅིའི་ཕྱིར་ཞེ་ན་གླེང་སློང་དེས་བལ་ཡུལ་གྱི་བདག་དབང་ཉམས་དམས་སུ་གཏོང་གི་མི་འདུག མི་ཚོས་ཅི་ཞིག་གྱོན་པ་དང་སྨྲ་བརྗོད་ཅི་ཞིག་བྱས་པ་དེ་ལ་བརྟེན་ནས་འཛིན་བཟུང་བྱེད་ཀྱི་ཡོད་པ་ནི་མཐའ་གཅིག་ཏུ་ནོར་འཁྲུལ་རེད་ཅེས་ཁ་རྡུང་བཏང་འདུག

ད་ལོའི་ཕྱི་ཟླ་༥་པར་བལ་ཡུལ་གྱི་རྒྱལ་ཡོངས་གསར་འགྱུར་ལས་ཁང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལྡི་ལི་གསར་པར་སྨན་བཅོས་དང་སྐུ་གཟུགས་བརྟག་དཔྱད་དུ་ཕེབས་པའི་གསར་འགྱུར་ཕབ་སྒྱུར་གྱིས་གསར་འགྱུར་དེ་བལ་བོའི་ཡུལ་སྐད་སོ་སོའི་གསར་འགྱུར་ལས་ཁང་ཁག་ལ་བཀྲམ་ཞིང་། དེར་བརྟེན་བལ་ཡུལ་གཞུང་གིས་རྒྱལ་ཡོངས་གསར་འགྱུར་ལས་ཁང་གི་གསར་འགོད་པ་གསུམ་ལ་ཞིབ་འཇུག་བྱས་ནས་ཉེན་བརྡ་བཏང་འདུག ལོ་འདིའི་ཕྱི་ཟླ་༦་པའི་ནང་དུ་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་གཉིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ལ་མཉམ་ཞུགས་པར་ཉེས་ཆད་བཅད། བལ་ཡུལ་གྱི་ས་མ་ཇཱི་བྷ་དྷི་ཚོགས་པའི་གྲོས་ཚོགས་འཐུས་མི་ཡ་དྷབ་ཞེས་པ་དེར་ཟླ་བ་༦་ལ་གྲོས་ཚོགས་སུ་ཚོགས་བཅར་བྱེད་མི་ཆོག་པའི་ཉེས་ཆད་ཕོག བལ་ཡུལ་གྱི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་གཙོ་འཛིན་ཟུར་པ་གྷོ་པལ་ཀིར་ཤི་ན་ཤི་ཝ་ཀོ་ཏི་ཞེས་པ་ཞིག་གིས་རྒྱ་ནག་གིས་བལ་ཡུལ་ལ་རྩིས་སྤྲོད་ཆིངས་ཡིག་ཅིག་འཇོག་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་ནི་བོད་པ་བཙན་བྱོལ་བ་ཚོར་དམིགས་འདུག ང་ཚོས་མི་ཆོས་རིང་ལུགས་ཀྱི་རྩ་དོན་ཐོག་ཏུ་སྐྱབས་བཅོལ་བ་ཀུན་ལ་འདྲ་མཉམ་གྱི་ལྟ་སྟངས་ཤིག་འཛིན་དགོས། བལ་ཡུལ་གཞུང་གིས་བོད་པ་སྐྱབས་བཅོལ་བ་ཚོར་དམིགས་སུ་བཀར་ནས་སྡང་ཟུག་བྱེད་ཀྱི་ཡོད་པ་ཧ་ཅང་གསལ་པོ་རེད། བལ་ཡུལ་གཞུང་གིས་རྒྱ་ནག་ལ་ཕོག་ཐུག་འགྲོ་སྲིད་པར་དོགས་ཟོན་གྱིས་བོད་པ་སྐྱབས་བཅོལ་བ་ཚོར་གནོན་སྡོམ་བྱེད་ཀྱི་ཡོད་ཅིང་། ང་ཚོས་རྒྱ་ནག་ལ་བསྟུན་མཁས་ཀྱི་བསམ་བློའི་འདུ་ཤེས་དེར་འགྱུར་བ་གཏོང་དགོས་ཞེས་ནན་བརྗོད་བྱས་འདུག

XS
SM
MD
LG