ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༢

ཨུ་རུ་སུའི་གླས་དམག་ཁོངས་ཀྱི་བལ་པོ་དང་རྒྱ་གར་བའི་དཀའ་ངལ།


ཨུ་རུ་སུའི་གླས་དམག་ཁོངས་ཀྱི་བལ་པོ་དང་རྒྱ་གར་བའི་དཀའ་ངལ།
ཨུ་རུ་སུའི་གླས་དམག་ཁོངས་ཀྱི་བལ་པོ་དང་རྒྱ་གར་བའི་དཀའ་ངལ།

༄༅།། བལ་པོ་སྟོང་ཕྲག་མང་པོ་དང་རྒྱ་གར་བ་ཁག་ཅིག་ཨུ་རུ་སུའི་གླས་དམག་ཁོངས་སུ་ཞུགས་ཏེ་གླ་ཕོགས་ཆེན་པོ་འཐོབ་རྒྱུ་དང་རིམ་བཞིན་རྒྱལ་ཁབ་དེའི་སྤྱི་དམངས་སུ་གྱུར་ནས་འཚོ་བའི་གནས་སྟངས་ཡག་ཏུ་འགྲོ་རྒྱུའི་རེ་ལྟོས་བཅངས། ད་ལྟ་ལོ་གཉིས་ལྷག་གི་དམག་འཁྲུག་རྗེས་སུ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོ་དང་རྒྱ་གར་བ་གླས་དམག་རྣམས་རང་ཡུལ་དུ་ཕྱིར་ལོག་མ་ཐུབ་པར་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་གནས་ཚུལ་ཐོན་འདུག གཟའ་མཇུག་དེར་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་གཞུང་ལ་གླས་དམག་བསྡུ་མཁན་བར་པ་དེ་ཚོས་བལ་པོ་དང་རྒྱ་གར་བ་ཚོར་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ན་གློ་ཕོགས་ཆེན་པོ་སྤྲོད་ཀྱི་རེད་ཅེས་བསླུས། མི་ཁག་ཅིག་ལ་ཨུ་རུ་སུའི་ས་གནས་ཁག་ཏུ་རླངས་འཁོར་ཁ་ལོ་བའི་ལས་ཀ་ཡོད་ཅེས་མགོ་སྐོར་བཏང་ནས་ཁྲིད་དེ་དམག་ཁོངས་སུ་བཙན་གྱིས་བཅུག བལ་པོ་དང་རྒྱ་གར་བ་ཁག་ཅིག་རང་ཡུལ་དུ་ལས་ཀ་སོགས་ཀྱི་གོ་སྐབས་མེད་པར་ཨུ་རུ་སུའི་གླས་དམག་ཁོངས་སུ་མ་ཞུགས་ཐབས་མེད་དུ་གྱུར།།

Russia Ukraine War Putin's Game
Russia Ukraine War Putin's Game

ད་ལོའི་ཕྱི་ཟླ་དང་པོའི་ནང་བལ་པོ་ཀཱིམ་བྷ་དྷུར་ཐ་པ་ཞེས་པ་ཞིག་དང་རོགས་པ་གཉིས་བཅས་མི་གསུམ་གྱིས་རང་སྲོག་འབེན་ལ་བཙུགས་ནས་ཡུཀ་རེན་གྱི་བྷག་མུ་ཏ་གྲོང་ཁྱེར་གྱི་དམག་ས་ནས་བྲོས་ཏེ་རང་ཡུལ་དུ་ཐར་ཐབས་ཤིག་བཙལ། ཁོ་ཚོར་ཨུ་རུ་སུའི་གླས་དམག་ཁོངས་སུ་ཟླ་བ་རེ་ཨ་སྒོར་སྟོང་ཕྲག་འགའ་རེའི་གླ་ཕོགས་ཡོད་ཀྱང་རང་ཡུལ་དུ་ཕྱིར་ལོག་མ་བྱས་ན་སྲོག་མགོ་ཐོན་རྒྱུ་མིན་པ་ངོས་ཟིན། བལ་པོ་དེ་རྣམས་བྷག་མུ་ཏ་གྲོང་ཁྱེར་ནས་ཨུ་རུ་སུའི་ས་མཚམས་བར་དུ་ཁ་བ་མཐུག་ཚད་ཧྥི་ཁྲུ་གཉིས་ལྷག་གི་ཁྲོད་དུ་རྐང་ཐང་ལ་བྲོས། ཨུ་རུ་སུའི་ས་མཚམས་སུ་སྔོན་ནས་མི་ཞིག་བརྒྱུད་དེ་ལྐོག་ཏུ་གླས་པའི་རླངས་འཁོར་ཞིག་གི་ནང་དུ་སྤྱི་ལེ་༨༠༠་ལྷག་གི་ཕ་རོལ་དུ་ཆགས་པའི་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་བསླེབས། ཁོ་ཚོས་མོ་སི་ཀོར་བཅའ་སྡོད་བལ་ཡུལ་གྱི་གཞུང་ཚབ་ཁང་ནས་ལམ་ཡིག་གསར་པ་ཞུས་རྗེས་རང་ཡུལ་དུ་ཐར་ཙམ་བྱུང་བ་དང་དུས་ཡུན་ཟླ་བ་གསུམ་ལ་རྒྱལ་ཁབ་གཞན་ཞིག་གི་དོན་དུ་དམག་འཁྲུག་བརྒྱབ་ནས་ཚེ་སྲོག་འཆོར་གྲབས་བྱས་པའི་དུས་སྐབས་ཀྱང་མཇུག་བསྒྲིལ།།

ཀཱིམ་བྷ་དྷུར་ཐ་པ་ཡུཀ་རེན་གྱི་དམག་ས་ནས་རང་ཡུལ་ལ་བྲོས་བྱོལ་དུ་ཡོང་བར་བལ་སྒོར་འབུམ་༦་སྟེ། ཨ་སྒོར་༤༥༠༠་བུ་ལོན་བསྐྱིས་ནས་འགྲོ་གྲོན་གཏོང་དགོས་བྱུང་ཞིང་། ན་ནིང་ཕྱི་ཟླ་༡༠་པའི་ནང་ལོ་ན་༣༥་ལ་སོན་པའི་ཐ་པས་བར་པ་ཞིག་ལ་བལ་སྒོར་འབུམ་༧་སྤྲད་ནས་ཨུ་རུ་སུར་བསྐྱོད། གཟའ་མཇུག་དེར་ཐ་པས་ང་ཨུ་རུ་སུར་འགྲོ་དུས་རེ་བ་ཆེན་པོ་བཅངས་ནས་ཕྱིན་ཀྱང་ངས་རེ་ལྟོས་འཆང་བ་ལྟར་ཅི་ཡང་གྲུབ་མ་སོང་། ང་བུ་ལོན་ཆེན་པོའི་ནང་དུ་ཚུད་ཀྱང་གསོན་པོར་རང་ཡུལ་དུ་ལོག་ཐུབ་པར་དགའ་ཚོར་ཆེ། ཨུ་རུ་སུའི་གླས་དམག་ཁོངས་སུ་ཧ་ས་ཁ་པ་དང་བྷེ་ལོ་རུ་སི་བ། ཏུར་ཀི་མ་ཎི་སི་ཐན་བ་དང་བངྒ་ལ་བ་སོགས་ཕྱི་རྒྱལ་བ་མང་པོ་འདུག སྲིད་འཛིན་ཕུ་ཊིན་གྱིས་ཕྱི་རྒྱལ་བ་ཚོ་ལོ་གཉིས་ལ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ན་སྤྱི་དམངས་ཀྱི་ཐོབ་ཐང་སྤྲོད་རྒྱུ་ཡིན་ཞེས་བསྒྲགས་པའི་རྗེས་སུ་གླས་དམག་ཁོངས་སུ་ཞུགས་མཁན་ཇེ་མང་དུ་ཕྱིན་སོང་། ངས་དམག་འཁྲུག་ལ་ཉེན་ཁ་ཆེ་བ་ཤེས་ཀྱི་ཡོད། ཡིན་ནའང་མ་བྱན་གྱི་ལས་ཀ་དེར་ཉེན་ཁ་ཆུང་གི་བསམས་བྱུང་། བལ་པོ་གླས་དམག་བསླེབས་ན་ཨུ་རུ་སུའི་དམག་མི་ཚོས་ཧ་ཅང་དགའ་མོས་བྱེད་ཀྱི་འདུག་ཅེས་བཀྲལ།།

ཐ་པས་མུ་མཐུད་ལྷོ་རྒྱ་ནག་སྔ་དྲོའི་ཚགས་པར་གྱི་གསར་འགོད་པར་གླེང་མོལ་བྱས་པ་ལྟར་ན། ཐོག་མར་གླས་དམག་གསར་པ་ཚོ་བདེ་ཐང་ཡིན་མིན་བརྟག་དཔྱད་བྱེད་ཀྱི་འདུག དེ་ནས་ཉིན་བཅོ་ལྔར་སྦྱོང་བརྡར་སྤྲད་ནས་དམག་སར་གཏོང་གི་འདུག ང་ཚོ་བྷག་མུ་ཏར་དམག་འཁྲུག་རྒྱག་ཏུ་འགྲོ་དགོས་པའི་བཀའ་ཕབ་ཀྱང་སྐད་བརྡ་མ་འཕྲོད་པར་བཀོད་འདོམས་རྣམས་ཇི་བཞིན་སྒྲུབ་མ་ཐུབ་པའི་དཀའ་ངལ་ཕྲལ་མྱོང་། ང་ལ་ད་དུང་ཡང་ཟླ་བ་གསུམ་གྱི་གླ་ཕོགས་རག་མེད། ང་ཚོ་རང་གི་ཚེ་སྲོག་འཆོར་རྒྱུའི་འཇིགས་སྣང་ཆེན་པོ་བྱུང་ཞེས་བསྟན། ཟླ་བ་སྔོན་མར་རང་ཡུལ་དུ་ཐར་པའི་བལ་པོ་གཞན་ཞིག་གིས་ཀྱང་ང་ལ་ཉིན་ཉི་ཤུ་ཐམ་པའི་དམག་སྦྱོང་སྤྲད་བྱུང་། ང་ནི་དངུལ་སྒོར་མང་པོ་རག་རྒྱུར་རྔམ་ནས་མགོ་སྐོར་འོག་ཏུ་ཚུད་པ་རེད། ང་ལ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཡོད་པའི་བལ་པོ་གྲོགས་པོ་ཚོས་ཤོག་ཅེས་འབོད་འགུགས་བྱས་པ་དང་ཟླ་བ་རེར་ཨུ་རུ་སུའི་དངུལ་སྒོར་རུ་བྷུལ་༡༩༥༠༠༠་རེ་གླ་ཕོགས་ཡོད་པ་དེ་ཧེབ་ལངས་དགོས་པ་ཞིག་རེད། འོན་ཀྱང་ངས་བཟའ་མི་ཚོ་དྲན་ནས་དམག་ཁོངས་སུ་ཞུགས་རྒྱུའི་གན་རྒྱ་བཞག་མེད་ཅེས་སྨྲས།།

བལ་ཡུལ་གཞུང་གིས་བལ་པོ་༢༠༠་ལྷག་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཡོད་ས་རེད་ཟེར། ཨུ་རུ་སུའི་ནས་ཕྱིར་ལོག་བྱས་པའི་བལ་པོ་ཚོ་དང་ཨུ་རུ་སུའི་དམག་དཔོན་ཚོས་བལ་པོའི་གླས་དམག་༨༠༠༠་ནས་༡༤༧༠༠་ཡས་མས་ཤིག་ཡོད་ཤས་ཆེ། བལ་པོ་བརྒྱ་ཕྲག་འགའ་ཞིག་དམག་ས་ཁག་ཏུ་བསད་རྨས་བྱུང་འདུག་ཅེས་འགྲེལ་བཤད་ཐ་དད་ཅིག་བརྒྱབ། བལ་ཡུལ་གྱི་སྲིད་དོན་པ་ཀ་རི་ཏུ་བྷན་ཛ་རི་(Kritu Bhandari)་ཞེས་པ་ཞིག་གིས་བལ་པོ་༡༠༠༠་ལྷག་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཡོད་པ་རྩད་གཅོད་ཐུབ་ཡོད་པར་མ་ཟད། ཁོ་པས་བལ་པོ་༡༦་ལ་སྲོག་སྐྱོན་ཕོག་ཡོད་པ་དང་མི་༡༡༦་ལ་རྨས་སྐྱོན་ཕོག བལ་པོ་༢༧༢་འཆི་གསོན་ཅི་ཡིན་རྙེད་ཀྱི་མི་འདུག་ཅེས་གནས་ཚུལ་སྤེལ། ཡུཀ་རེན་ལ་བཙན་འཛུལ་བྱུང་ནས་ལོ་༢་འཁོར་བའི་སྐབས་དེར་སྲིད་འཛིན་ཛེ་ལན་སི་ཀིས་རྒྱལ་ཁབ་དེའི་དམག་མི་༣༡༠༠༠་ལྷག་ལ་སྲོག་སྐྱོན་ཕོག་སོང་ཞེས་བསྒྲགས། ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཁག་གིས་ཨུ་རུ་སུའི་དམག་མི་འབུམ་༣་ལྷག་ལ་སྲོག་སྐྱོན་ཕོག་ཡོད་པའི་ཚོད་དཔག་བྱས་འདུག ཨུ་རུ་སུའི་དམག་མི་བསད་པ་མང་ཆེ་བ་ནི་ཕྱི་རྒྱལ་གྱི་གླས་དམག་དང་རྒྱལ་ཁབ་དེའི་གྲངས་ཉུང་མི་རིགས་ཁག་གི་མི་རྣམས་ཡིན་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཕྱི་ཟླ་༢་པའི་ཚེས་༢༣་ཉིན་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་ལྷོ་ཕྱོགས་ཀྱི་ཀར་ན་ཊ་ཀ་མངའ་སྡེའི་ཀལ་བྷུར་གྷི་རྫོང་གི་སྐྱེས་པ་གཉིས་དང་ཏེ་ལན་གྷ་ན་རྫོང་གི་སྐྱེས་པ་ཞིག་བཅས་མི་གསུམ་ཨུ་རུ་སུའི་དམག་ཁོངས་ནས་རང་ཡུལ་དུ་ཕྱིར་ལོག་བྱེད་མ་ཐུབ་པར་ལུས་ཡོད་པའི་གནས་ཚུལ་ཐོན། ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པྲི་ཡན་ཀ་ཀཱར་གྷེས་(Priyank Kharge)་རྒྱ་གར་དབུས་གཞུང་ལ་ཡུཀ་རེན་གྱི་དམག་ས་ཁག་ནས་རྒྱ་གར་བ་དེ་རྣམས་འཕྲལ་དུ་སྐྱོབ་ལེན་བྱ་དགོས། ཨུ་རུ་སུར་གླས་དམག་བསྡུ་མཁན་བར་པ་ཚོས་མི་དེ་དག་གི་ལག་ནས་ཧིན་སྒོར་འབུམ་༣་རེ་བླངས་འདུག རྒྱ་གར་བ་དེ་རྣམས་ཨུ་རུ་སུར་མ་ཁྲིད་གོང་དུ་དམག་ཁོངས་སུ་ཞུགས་དགོས་ཞེས་ཅི་ཡང་བཤད་མི་འདུག ཁོ་ཚོ་མགོ་སྐོར་བཏང་ནས་ཁྲིད་ཡོད་པ་གསལ་པོ་རེད། འདི་ནི་ཀར་ན་ཊ་ཀ་མངའ་སྡེ་གཅིག་པུའི་དཀའ་ངལ་ཞིག་མིན་པར་རྒྱ་གར་བྱང་ཕྱོགས་ཀྱི་ས་གནས་འགའ་ཞིག་ཏུའང་བྱུང་ཡོད་པའི་གནས་ཚུལ་ཞིག་ཡིན་པ་ར་འཕྲོད། མི་ལ་མགོ་སྐོར་བཏང་ནས་དམག་ཁོངས་སུ་བསྡུས་པ་ནི་ཁྲིམས་འགལ་རེད། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤར་ཀར་གྱིས་ཨུ་རུ་སུའི་གཞུང་ལ་གནས་ཚུལ་དེ་གླེང་སློང་བྱ་དགོས་ཞེས་ཕྱི་སྲིད་ལྷན་ཁང་ལ་སྙན་ཞུ་ཕུལ་འདུག

ཡུཀ་རེན་གྱི་དམག་སར་ལུས་ཡོད་པའི་རྒྱ་གར་བ་གཞན་ནི་ཧེ་དྷ་ར་བྷ་དྷ་ས་གནས་ཀྱི་མྷོ་མེ་དཱ་སུ་ཧྥི་ཡན་(Mohammad Sufiyan)་ཟེར་པའི་ཁ་ཆེ་ཞིག་ཡིན་ཞིང་། ཁོ་པའི་སྤུན་མཆེད་ཨིམ་རན་ཞེས་པ་ཞིག་ནས་རྒྱ་གར་གྱི་གསར་འགྱུར་ལས་ཁུངས་ཁག་ལ་ངའི་སྤུན་མཆེད་ལྡི་ལི་དང་མུམ་བྷེ། དྷུ་བྷེ་བཅས་སུ་ལས་ཁུངས་ཡོད་པའི་བྷ་བྷ་བྷ་ལོཀ་སི་(Baba Blocks)་བཟོ་ཚོང་ཁང་གིས་བསྡུས་པ་རེད། ༢༠༢༣་ལོའི་ཕྱི་ཟླ་༡༡་པའི་ཚེས་༡༢་ཉིན་ཕོ་གསར་རེའི་ལག་ནས་ཧིན་སྒོར་འབུམ་༣་བླངས་ཏེ་ཨུ་རུ་སུའི་དམག་ཁོངས་སུ་བསྡུས་སོང་། ཁོ་ཚོས་ཕྱི་ཟླ་༡༡་པའི་ཚེས་༡༣་ཉིན་གན་རྒྱ་དེར་མིང་རྟགས་བཀོད་པ་དང་བར་པ་དེ་ཚོས་རྒྱ་གར་བ་ཕོ་གསར་དེ་ཚོ་ཨུ་རུ་སུའི་དམག་གི་སྐྱེལ་འདྲེན་པའི་ལས་རོགས་རེད་ཟེར་མོད། ཡིན་ནའང་ཁོ་ཚོ་ཡུཀ་རེན་གྱི་དམག་ས་ཁག་ཏུ་བཏང་སྟེ་འཐབ་འཁྲུག་ལ་ཞུགས་དགོས་བྱུང་འདུག བར་པ་ཚོས་གན་རྒྱའི་ཡིག་ཆ་རྣམས་ཚུལ་བཞིན་མ་བསྒྱུར་པར་འགྲེལ་བཤད་ལོག་པ་བསྐྱོན། རྒྱ་གར་བ་དེ་རྣམས་ཨུ་རུ་སུར་འབྱོར་མ་ཐག་ཏུ་དམག་སྦྱོང་སྤྲད་ནས་གཡུལ་སར་བཏང་འདུག ཁོ་ཚོས་དམག་སར་བསྐྱོད་རྒྱུ་མིན་ཞེས་ངོ་རྒོལ་བྱས་ཀྱང་རྒྱ་གར་བ་བར་པ་དེ་ཚོས་དམག་སྦྱོང་དེ་གན་རྒྱའི་གྲུབ་ཆ་ཞིག་ཡིན་པ་དང་དམག་འཁྲུག་རྒྱག་དགོས་ཀྱི་མ་རེད་ཅེས་གཡོ་གཏམ་བཤད་འདུག མཐར་རྒྱ་གར་བ་དེ་རྣམས་ཨུ་རུ་སུའི་ཝེ་གྷ་ནར་གླས་དམག་ཁོངས་སུ་བཅུག་འདུག་ཅེས་ཐེར་འདོན་བྱས།།

ཕྱི་ཟླ་༣་པའི་ཚེས་༤་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་རྒྱ་གར་བ་དེ་དག་གི་བཟའ་མི་ཚོས་དྷུ་བྷེའི་ལས་མི་བསྡུ་སྐོང་བཟོ་ཚོང་ཁང་དེར་རྒྱ་གར་བ་གླས་དམག་རྣམས་ཕྱིར་སློག་བྱོས། ང་ཚོའི་མི་རྣམས་ཡུཀ་རེན་གྱི་དམག་ས་ཁག་ནས་གསོན་པོར་ཕྱིར་ལོག་ཐུབ་རྒྱུ་མ་རེད་ཅེས་འབོད་སྐུལ་ཞུས། ལོ་ན་༣༡་ལ་སོན་པའི་ཀསྨིར་རི་བ་ཡུ་སེབ་ཀུ་མར་དང་ཨ་ཛ་ཏ། ལོ་ན་༢༢་ལ་སོན་པའི་ཛ་ཧུར་ཨཱ་མེ་དཱ་ཤེག་ཟེར་བ་གསུམ་ཡུཀ་རེན་གྱི་དམག་ས་ཁག་ནས་རང་ཡུལ་དུ་མ་ཐར་པར་ལུས་ཡོད་པའི་གྲས་སུ་གཏོགས། ན་ནིང་ཕྱི་ཟླ་༡༢་པའི་ནང་རྒྱ་གར་བ་དེ་ཚོ་དྷུ་བྷེ་རུ་ལས་ཀ་ཡོད་ཅེས་བསྐོངས། ཁོ་ཚོ་དྷུ་བྷེ་རུ་འབྱོར་དུས་ས་གནས་དེར་ལས་ཀ་མེད། ཨུ་རུ་སུར་ལས་རྩོལ་རྒྱུག་ཏུ་བསྐྱོད་དགོས་ཞེས་འགྱུར་བ་ཐེབས། ལྡི་ལི་སློབ་གྲྭ་ཆེན་མོའི་སློབ་དཔོན་ཨ་པུར་ཝ་ནན་ཌས་(Apoorvanand)་རྒྱ་གར་བ་ཚོར་རང་ཡུལ་དུ་ལས་ཀའི་གོ་སྐབས་མེད་པར་ཕྱི་ལ་བསྐྱོད་དགོས་ཐུག་ཀྱི་ཡོད་པ་རེད་ཅེས་བཤད། དེ་བཞིན་ཀོང་རེ་སི་ཚོགས་པའི་འཐུས་མི་ཀན་ཧེ་ཡ་ཀུ་མར་གྱིས་སྲིད་བློན་མོ་དྷིའི་གཞུང་ནས་རྒྱ་གར་བ་དེ་རྣམས་མྱུར་སྐྱོབ་བྱེད་ཀྱི་མི་འདུག་ཅེས་སྐྱོན་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG