༄༅།། བལ་ཡུལ་གྱི་མངའ་ཁོངས་སུ་ཚུད་པའི་རྟ་མང་བ་ཚོས་སོ་ནམ་ལོ་གསར་གྱི་དགའ་སྟོན་ལ་རོལ་གྱི་ཡོད་པ་དང་ཤར་པ་ཚོས་ཕྱི་ཚེས་༡༤་ཉིན་རྒྱལ་པོའི་ལོ་གསར་གྱི་གྲུག་སྟེགས་ཏེ། དབྱིན་སྐད་དུ་Snooker་ཟེར་བའི་རྩེ་རིགས་དེའི་འགྲན་སྡུར་ཞིག་ཚུགས་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་གསར་འགྱུར་ཐོན་འདུག ཕྱི་ཟླ་༢་པའི་ཚེས་༣་ཉིན་ཧི་མ་ལ་ཡ་དུས་བབ་ཚགས་པར་གནས་ཚུལ་ཐོན་པ་ལྟར་ན། ཇོ་མོ་གླང་མའི་འདབས་ཀྱི་སྒར་སའི་ཚོགས་གཙོ་ཤར་པ་པ་སངས་(Pasang Sherpa)་ཀྱིས་གསར་འགོད་པ་ཚོར་ཕྱི་ཚེས་༡༤་ཉིན་ཀ་པན་ཁུལ། ཨཱ་ཀ་ཤེ་དྷ་ར་ས་གནས་ཀྱི་ས་གར་མ་ཏ་ཅོག་བཞི་མདོ་དེར་རྒྱལ་པོའི་ལོ་གསར་གྱི་སྟེགས་གྲུག་འགྲན་སྡུར་ཐེངས་དང་པོ་འཚོགས་ཀྱི་ཡོད། རྩེད་འགྲན་དེར་ཤར་པའི་རྩེད་འགྲན་པ་ཚོ་ཁོ་ན་མཉམ་ཞུགས་བྱེད་ཆོག འདི་ནི་རྒྱལ་པོའི་ལོ་གསར་སྐབས་སུ་ཤར་པའི་རྩེད་རིགས་དར་སྤེལ་དང་ཤར་པ་ཚོ་གཅིག་སྒྲིལ་ཡོང་བའི་ཆེད་དུ་ཡིན་ཞེས་བསྒྲགས།།
ཤར་པ་སྟེགས་གྲུག་ལ་དགའ་མཁན་ཚོས་ཟླ་བ་འདིའི་ཕྱི་ཚེས་༡༠་བར་དུ་ཐོ་འགོད་བྱེད་ཆོག་པའི་དུས་ཚོད་ཡོད་ཅིང་། རྩེད་འགྲན་པ་ཨང་དང་པོར་བལ་སྒོར་༡༡༠༠༠༠་དང་བུམ་པ། ལག་འཁྱེར་ཞིག་བཅས་སྤྲོད་རྒྱུ་དང་ཨང་དང་པོའི་ཁ་གཏད་པར་བལ་སྒོར་༥༥༠༠༠་དང་བུམ་པ། ལག་འཁྱེར་བཅས་གསོལ་རས་སྤྲོད་རྒྱུ་ཡིན་འདུག ཨང་གཉིས་པར་བལ་ཡུལ་༣༠༠༠༠་དང་བུམ་པ། ལག་འཁྱེར་བཅས་སྤྲོད་རྒྱུ་ཡིན་པར་མ་ཟད། ཨང་གཉིས་པའི་ཁ་གཏད་པར་བལ་སྒར་༢༠༠༠༠་བྱ་དགའ་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག བལ་ཡུལ་གྱི་མངའ་ཁོངས་སུ་ཚུད་པའི་བོད་པའི་རིགས་སུ་གཏོགས་པའི་ཤར་པ་དང་རྟ་མང་བ། སྙེ་ཤང་པ་དང་དོལ་པོ་བ། གློ་བོའི་ཡུལ་དང་ཝ་ལུང་སོགས་སུ་བོད་ལུགས་ལྟར་སོ་ནམ་ལོ་གསར་དང་རྒྱལ་པོའི་ལོ་གཉིས་ཀར་སྲུང་བརྩི་ཞུས་ནས་དུས་རབས་མང་པོར་སྲོལ་རྒྱུན་དེ་མི་ཉམས་གཅེས་འཛིན་ཐུབ་ཡོད་པའི་གནས་ཚུལ་ཐོན་འདུག
ཉེ་ཆར་ཕྱི་ཟླ་དང་པོའི་ཚེས་༣༠་ཉིན་བལ་ཡུལ་གྱི་རྟ་མང་བ་ཚོས་སོ་ནམ་ལོ་གསར་གྱི་དགའ་སྟོན་ལ་རོལ་ཏེ་རྒྱལ་ས་ཀ་ཐ་མན་རྡུ་གྲོང་ཁྱེར་གྱི་སྲང་ལམ་ཁག་ཏུ་རྔ་བརྡུངས་པ་དང་བྲོ་འཁྲབ། གླུ་ལེན་པ་དང་སྲོལ་རྒྱུན་གྱི་གཟབ་འཕྱོར་སྤྲས། ཁང་པའི་ཐོག་ཏུ་བསང་ཕུད་པ་དང་དར་ལྕོག་གསར་པ་འཐེན། ཀླུ་རྟ་གཏོར་ནས་དགོན་པ་དང་ལྷ་ཁང་སོགས་སུ་མཆོད་མཇལ་དུ་སོང་། ཕན་ཚུན་མགྲོན་འབོད་བྱས་ནས་ཤིང་སྤྲུལ་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་ལ་རོལ། རྟ་མང་བ་ཚོ་དང་འདྲ་བར་ཡོལ་མོ་བ་དང་བྷོ་ཊ་བ། ལེབ་ཆ་བ་སོགས་ཀྱིས་ཀྱང་རང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ལྟར་ལོ་གསར་གྱི་དགའ་སྟོན་ལ་རོལ་གྱི་ཡོད་པས་བལ་ཡུལ་གཞུང་གིས་མི་རིགས་ཁག་གི་མཐུན་སྒྲིལ་དང་རིག་གཞུང་སྣ་མང་ལ་གོང་བཀུར་བྱེད་པར་སོ་ནམ་ལོ་གསར་ཉིན་རྒྱལ་ཡོངས་སུ་གཞུང་འབྲེལ་གྱི་གུང་སེང་བཏང་འདུག
ཁ་སྔོན་ཕྱི་ཚེས་༣༠་ཉིན་བལ་ཡུལ་གྱི་སྲིད་བློན་ཁེ་པི་ཤར་མ་ཨོ་ལིས་(KP Sharma Oli)་སོ་ནམ་ལོ་གསར་གྱི་དགའ་སྟོན་ལ་རོལ་བཞིན་པའི་བལ་པོའི་སྤྱི་དམངས་ཚོར་ལོ་གསར་པའི་འཚམས་འདྲི་ཞུས། ཁོང་གིས་ངོ་དེབ་ནང་དུ་རྟ་མང་བའི་བུད་མེད་ཚོས་སྲོལ་རྒྱུན་གྱི་གཟབ་འཕྱོར་སྤྲས་ཏེ་ལག་ཏུ་རྔ་བཟུང་ཡོད་པའི་འདྲ་པར་ཞིག་བཀྲམ་ནས་སོ་ནམ་ལོ་གསར་ལ་འཚསམ་འདྲིའི་འཕྲིན་ཐུང་ཞིག་སྤེལ། བལ་ཡུལ་གྱི་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཁྲོད་དུ་རྟ་མང་བའི་རྔ་བྲོ་ནི་གྲུབ་ཆ་གཙོ་གྲས་སུ་གྱུར། སྲིད་བློན་ཨོ་ལིས་དེ་རིང་ནི་རྟ་མང་བའི་ལོ་གསར་རེད། མི་མང་གི་ཁང་པའི་ཐོག་ཏུ་དར་ཚོན་སྣ་ལྔའི་དར་ལྕོག་འཐེན་ཏེ་རླུང་གིས་སྐྱོད་ཀྱི་འདུག རྟ་མང་བ་ཚོས་རྔ་བྲོ་འཁྲབ་པའི་གཞས་ཀྱི་སྒྲ་དབྱངས་གང་སར་ཁྱབ་ཡོད་པས་ངས་སྤྲོ་སེམས་རབ་ཏུ་ཁོལ་ནས་རྟ་མང་བའི་མིང་སྲིང་ཕུ་ནུ་ཚོར་རྟེན་འབྲེལ་ཞུ་ཡི་ཡོད་ཅེས་གསལ་བསྒྲགས་སྤེལ།།
བལ་ཡུལ་གྱི་སྲིད་འཛིན་རམ་ཅནྡྲ་པོ་ཌེལ་(Ramchandra Paudel)་གྱིས་ཕྱི་ཟླ་དང་པོའི་ཚེས་༣༠་ཉིན་བལ་ཡུལ་དུ་སོ་ནམ་ལོ་གསར་གྱི་དགའ་སྟོན་ལ་རོལ་བཞིན་པའི་མི་དམངས་ཡོངས་ལ་འཚམས་འདྲི་ཞུས་ཤིང་། ཁོང་གིས་བལ་ཡུལ་གྱི་མི་རིགས་ཁག་གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབྱོར་ཕྱུག་ལྡན་པའི་ཐུན་མོང་གི་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱེད་པར་ཀུན་གྱིས་ལེགས་སྐྱེས་འབུལ་དགོས། བལ་ཡུལ་ནི་མི་རིགས་སྣ་ཚོགས་དང་སྐད་ཡིག་སྣ་མང་གི་རྒྱལ་ཁབ་ཅིག་ཡིན། སོ་ནམ་ལོ་གསར་གྱིས་བལ་པོའི་མཐུན་སྒྲིལ་དང་གཅིག་སྒྲིལ། ཕན་ཚུན་བཟོད་སྒོམ་དང་ཕུ་ནུའི་འདུ་ཤེས་ཟབ་བཏང་སྟེ་རྒྱལ་ཁབ་འདིའི་མང་ཚོགས་ཀྱི་མཐུན་སྒྲིལ་སྲ་བརྟན་གཏོང་ཐུབ་ཅེས་གསལ་བསྒྲགས་སྤེལ། དེ་བཞིན་བལ་ཡུལ་གྱི་སྲིད་འཛིན་གཞོན་པས་ཀྱང་རྟ་མང་བ་གཙོས་སོ་ནམ་ལོ་གསར་ལ་དགའ་སྟོན་བྱེད་བཞིན་པའི་མི་རིགས་ཁག་ལ་ལོ་གསར་པའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུས་འདུག
གླེང་སྟེགས།