ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༧/༡༦

ཤར་པ་ཧྥུ་ནུ་རུས་རང་གི་གླ་ཕོགས་འཐུང་ཆུ་མཁོ་འདོན་ཐད་ཞལ་འདེབས། 


པ་སངས་ལྷ་མོ་གྲོང་རྡལ་དང་པོའི་འགོ་ཁྲིད་ཤར་པ་ཧྥུ་ནུ་རུས་
པ་སངས་ལྷ་མོ་གྲོང་རྡལ་དང་པོའི་འགོ་ཁྲིད་ཤར་པ་ཧྥུ་ནུ་རུས་

༄༅།། དེང་སྐབས་བལ་ཡུལ་གྱི་མངའ་ཁོངས་སུ་གཏོགས་པའི་ཤར་ཁུམ་བུ་རྫོང་། པ་སངས་ལྷ་མོ་གྲོང་རྡལ་དང་པོའི་འགོ་ཁྲིད་ཤར་པ་ཧྥུ་ནུ་རུས་རང་གི་གླ་ཕོགས་རྣམས་ས་གནས་ཀྱི་འཐུང་ཆུ་མཁོ་འདོན་ལས་དོན་ཡར་རྒྱས་གཏོང་བར་ཞལ་འདེབས་ཕུལ་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༥་པའི་ཚེས་༡༡་ཉིན་བལ་ཡུལ་གྱི་ཧི་མ་ལ་ཡ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཤར་པ་ཧྥུ་རུ་རུས་རང་གི་གླ་ཕོགས་རྣམས་ཞལ་འདེབས་སྤྲད་དེ་ས་གནས་དེའི་འཐུང་ཆུ་མཁོ་འདོན་ལས་ཁུངས་ལ་ལས་བྱེད་པ་གསར་པ་ཞིག་གླས། པ་སངས་ལྷ་མོ་གྲོང་རྡལ་དང་པོའི་མི་མང་ལ་འཐུང་ཆུ་དུས་ཐོག་ཏུ་གཏོང་ཐུབ་ཀྱི་མེད་པའི་དཀའ་ངལ་དེ་བསལ། གྲོང་རྡལ་དེའི་ཁྱིམ་ཚང་ཁག་ལ་ཟླ་བ་རེར་ཆུ་རིན་བལ་སྒོར་༡༩༠་རེ་བསྡུ་བཞིན་པ་མེད་པར་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

པ་སངས་ལྷ་མོ་གྲོང་རྡལ་དང་པོའི་འགོ་ཁྲིད་ཤར་པ་ཧྥུ་ནུ་རུས་
པ་སངས་ལྷ་མོ་གྲོང་རྡལ་དང་པོའི་འགོ་ཁྲིད་ཤར་པ་ཧྥུ་ནུ་རུས་


འདས་པའི་ཟླ་བ་༤་ཡས་མས་ཤིག་ལ་ས་གནས་དེའི་འགོ་ཁྲིད་ཚོར་ཆབ་སྲིད་ཀྱི་རྩོད་གཞི་བྱུང་སྟེ་འཐུང་ཆུང་མཁོ་འདོན་བྱ་རྒྱུ་དེར་དཀའ་ངལ་ཕྲད། འཐུང་ཆུ་མཁོ་འདོན་མི་ཐུབ་པའི་དཀའ་ངལ་མཐའ་དག་ཤར་པ་ཧྥུར་ཏཱན་དཱིའི་འགོ་ཁྲིད་འོག འཐུང་ཆུ་མཁོ་འདོན་འཛིན་སྐྱོང་ཁང་ལ་ཚོགས་མི་༡༡་ཡོད་པ་དེ་དག་གི་མཉམ་དུ་ཐག་གཅོད་བྱ་དགོས་མོད། ཡིན་ནའང་ས་གནས་དེའི་ལས་སྣེ་ཚོ་མི་དམངས་ལ་འཐུང་ཆུ་མཁོ་འདོན་བྱེད་ཕྱོགས་སུ་གྲོས་འཆམ་མ་བྱུང་བར་མང་ཚོགས་ཀྱིས་འཐུང་ཆུ་མེད་པའི་དཀའ་ངལ་མྱོང་། པ་སངས་ལྷ་མོ་གྲོང་རྡལ་དང་པོར་ཁྱིམ་ཚང་༡༡༦་ཡོད་པ་དེ་དག་གི་འཐུང་ཆུའི་འབྱུང་ཁུངས་ནི་ནག་མཁར་ཁར་ཆུ་མིག་ཅིག་ཡོད་པ་དེ་ནས་འཐེན་དགོས་པའི་གནས་ཚུལ་ཐོན་འདུག

ཤར་ཁུམ་བུའི་ཁུལ་
ཤར་ཁུམ་བུའི་ཁུལ་

འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གིས་ཤར་ཁུམ་བུའི་ཁུལ་དུ་དགུན་ཁར་གནམ་གཤིས་གྲང་དྲགས་ཏེ་རྒྱུག་ཆུ་རྣམས་འཁྱག་པར་ཐེབས་ནས་མི་མང་ལ་འཐུང་ཆུ་ཆད། དབྱར་དུས་ཚད་པ་རྒྱས་ནས་ཐན་པ་བྱུང་། ཆུ་མིག་དང་རྒྱུག་ཆུ་ཆུང་བ་རྣམས་སྐམ་སྟེ་ས་གནས་ཀྱི་ཡུལ་མི་ཚོར་འཐུང་ཆུ་ཇེ་དཀོན་དུ་གྱུར། ཉེ་ཆར་ཕྱི་ཟླ་༣་པའི་ཚེས་༡༡་ཉིན་བལ་ཡུལ་གྱི་ཁཱ་པར་ཧབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཤར་ཁུམ་བུ་རྫོང་གི་པ་སངས་ལྷ་མོ་གྲོང་རྡལ་གྱི་འགོ་ཁྲིད་ཤར་པ་མིག་དམར་ཚེ་རིང་གཙོས་འགོ་ཁྲིད་ཚོས་ས་གནས་མང་ཚོགས་ཀྱིས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་བསྟུན་ནས་འཚོ་བའི་གོམས་སྲོལ་བསྒྱུར་དགོས། ལོ་རེ་བཞིན་ཁ་བ་འབབ་རྒྱུ་ཉུང་དུ་འགྲོ་བཞིན་པ་དང་འཐུང་ཆུ་ཇེ་དཀོན་གྱི་དཀའ་ངལ་ཆེ་རུ་འགྲོ་ཤས་ཆེ། ས་གནས་ཡུལ་མི་ཚོས་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་དང་གཅེས་སྤྲས་བྱ་དགོས་པའི་ལམ་སྟོན་བྱས་འདུག

བལ་པོའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ཤར་ཁུམ་བུ་རྫོང་གི་པ་སངས་ལྷ་མོ་གྲོང་རྡལ་གྱི་འགོ་ཁྲིད་གཞོན་པ་བཀྲ་ཤི་ལྷ་མོ་གཉིས་ཀྱིས་མཉམ་འབྲེལ་གྲོས་མཐུན་ཞིག་ལ་མིང་རྟོགས་བཀོད་ནས་གནམ་གཤིས་འགྱུར་ལྡོག་གིས་ས་གནས་མི་མང་གི་འཚོ་བར་ཤུགས་རྐྱེན་ཅི་ཙམ་ཐེབས་ཀྱི་ཡོད་མེད། ཤར་ཁུམ་བུ་ཁུལ་དུ་ཐན་པ་བྱུང་སྟེ་ཆུའི་ཐོན་ཁུངས་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་སེལ་ཐབས་སུ་བལ་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་ནས་རོགས་སྐྱོར་ཅི་ཞིག་སྒྲུབ་ཐུབ་མིན། ཉེ་བའི་ལོ་ཤས་ཤིག་ནས་འཛམ་གླིང་གི་གངས་རི་མཐོ་ཤོས་ཇོ་མོ་གླང་མ་ཚུད་པའི་ཧི་མ་ལ་ཡའི་ལྗོངས་ཀྱི་གངས་རི་དང་སྲིད་པའི་འཁྱག་རོམ་རྣམས་ཞུ། ད་ནས་རིམ་བཞིན་ས་གནས་དེའི་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་དང་ཞིང་ལས། འབྲོག་ལས་བཅས་ལ་དོ་ཕོག་འབྱུང་རྒྱུའི་ཉེན་ཁ་ཆེ་རུ་སོང་། ཁོ་ཚོས་ཇོ་མོ་གླང་མའི་གངས་རི་དང་དེའི་ཁུལ་གྱི་འཁྱག་རོམ། ཤར་ཁུམ་བུའི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཕྱོགས་སུ་ཞིབ་འཇུག་བྱ་དགོས་ཞེས་ནན་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༥་པའི་ཚེས་༦་ཉིན་རྒྱ་གར་གྱི་ཨེ་ཤི་ཡའི་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་དུ་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་པ་ནཱ་ཝིན་ཤྲི་བ་ས་ཏ་བས་ཤར་ཁུམ་བུ་རྫོང་དུ་བཙོག་ཆུ་གཙང་བཟོ་ཁང་ཞིག་འཛུགས་རྒྱུའི་རྨང་རྡོ་བཙུགས། རྒྱ་གར་གྱི་གཞུང་ཚབ་པའི་ལྷན་དུ་ཤར་ཁུམ་བུ་རྫོང་གི་པ་སངས་ལྷ་མོ་གྲོང་རྡལ་གྱི་འགོ་ཁྲིད་ཤར་པ་ཚེ་རིང་ཡང་ཁུམ་ལྗོངས་དང་ཀུན་བདེ་བཙོག་ཆུ་གཙང་བཟོ་ཁང་གི་རྨང་རྡོ་འཛུགས་འཇོག་གི་མཛད་སྒོར་ཞུགས། བལ་ཡུལ་དང་རྒྱ་གར་གྱི་མཉམ་འབྲེལ་འཛུགས་སྐྲུན་ལས་འཆར་ཁོངས་སུ་རྒྱ་གར་གྱིས་འགྲོ་གྲོན་བཏང་ནས་འཐུང་ཆུ་འདྲེན་གཏོང་དང་བཙོག་ཆུ་གཙང་བཟོའི་ལས་གཞི་ཁག་གཉེར་གྱི་ཡོད་པར་མ་ཟད། ན་ནིང་ཡང་རྒྱ་གར་གྱི་རོགས་རམ་འོག་ཁུམ་ལྗོངས་དང་ཀུན་བདེ། ནམ་ཆེན་བྷ་ཛར་བཅས་ས་གནས་ཁག་གསུམ་ལ་འཐུང་ཆུ་འདྲེན་གཏོང་གི་ལས་གཞི་གཉེར་འདུག

༢༠༢༢་ལོའི་ཕྱི་ཟླ་༤་པའི་ཚེས་༡༤་ཉིན་བལ་ཡུལ་གྱི་རི་པབ་ལིག་འཛམ་གླིང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་དབྱིན་ཇིའི་དབང་བསྒྱུར་འོག་ནས་རང་བཙན་ཐོབ་སྟེ་ལོ་༧༥་ཕྱིན་པའི་དུས་ཆེན་དང་བསྟུན་ནས་རྒྱ་གར་གྱི་རོགས་སྐྱོར་འོག་བལ་ཡུལ་ལ་ལས་གཞི་༧༥་བཙུགས། རྒྱ་གར་གཞུང་གིས་བལ་ཡུལ་ལ་རོགས་སྐྱོར་ལས་གཞི་ཁག་གཉེར་གྱི་ཡོད་པ་དེར་ཧིན་སྒོར་ས་ཡ་༤༢.༣༩་འགྲོ་གྲོན་བཏང་ཞིང་། རྒྱ་གར་གྱི་རོགས་སྐྱོར་འོག་ཤར་ཁུམ་བུ་རྫོང་གི་ཁྱིམ་ཚང་༦༠༠་ཡས་མས་དང་སྨན་ཁང་། སློབ་གྲྭ་ཁག་དང་གཞུང་གི་ལས་ཁུངས་ཁག དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པ་བཅས་ལ་འཐུང་ཆུ་གཙང་མ་མཁོ་འདོན་བྱུང་། ས་གནས་དེའི་མི་དམངས་ལ་འཐུང་ཆུ་གཙང་མ་མཁོ་འདོན་ཐུབ་པའི་རྐྱེན་གྱིས་མིའི་འཕྲོད་བསྟེན་དང་གཙང་སྦྲ། མི་དམངས་ཀྱི་ཉིན་རེའི་འཚོ་བའི་བྱེད་སྒོ་ཁག་སྟབས་བདེ་རུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

བལ་ཡུལ་དུ་བཅའ་སྡོད་རྒྱ་གར་གཞུང་ཚབ་ཁང་གིས་བཙོག་ཆུ་གཙང་བཟོའི་ལས་གཞི་འདིས་རྒྱ་གར་གཞུང་དམངས་གཉིས་ཀས་བལ་ཡུལ་གྱི་ཤར་ཁུམ་བུ་རྫོང་གི་མཐའ་མཚམས་ཁག་ཏུ་རོགས་སྐྱོར་ལས་གཞི་ཁག་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་མཚོན་ཐུབ་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ༢༠༡༧་ལོར་རྒྱ་གར་གྱི་གཞུང་ཚབ་ཁང་ནས་ཤར་ཁུམ་བུ་རྫོང་གི་ཐ་མེ་ཀཱོ་ལ་ཆུ་ཤུགས་གློག་ཁང་ཆུང་བ་ཡར་རྒྱས་བཏང་སྟེ་ཁུམ་ལྗོངས་དང་ཀུན་བདེ། ནམ་ཆེན་བྷ་ཛར་བཅས་ཀྱི་ཁྱིམ་ཚང་༡༢༠༠་ལྷག་ལ་གློག་འཐེན། ཤར་ཁུམ་བུ་རྫོང་ཁོངས་སུ་འཛམ་གླིང་གི་གངས་རི་མཐོ་ཤོས་ཇོ་མོ་གླང་མ་ཆགས་ཡོད་པ་དང་ལོ་ལྟར་འཛམ་གླིང་ཡུལ་གྲུ་གང་ས་ནས་རི་འཛེག་པ་བརྒྱ་ཕྲག་མང་པོ་ས་གནས་དེར་འདུ་ཡི་ཡོད་པའི་གནས་ཚུལ་ཐོན་འདུག

བལ་ཡུལ་ལ་འཛམ་གླིང་རྒྱལ་ཁབ་ཁག་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་གིས་འཕྲོད་བསྟེན་དང་ཤེས་ཡོན་སློབ་གསོ། རྒྱ་ལམ་འཛུགས་སྐྲུན་སོགས་ཀྱི་རོགས་སྐྱོང་བྱེད་ཀྱི་ཡོད་པ་ལྟར་རྒྱ་གར་གྱིས་ཀྱང་བལ་ཡུལ་ལ་རོགས་སྐྱོར་རྒྱ་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཨེ་ཤི་ཡའི་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༠༣་ནས་རྒྱ་གར་གཞུང་ཚབ་ཁང་གིས་བལ་ཡུལ་གྱི་ས་གནས་ཁག་གི་ཡུལ་སྡེ་དེ་ཚོར་ཕན་རླབས་ཆེ་བའི་འཛུགས་སྐྲུན་ལས་གཞི་༥༢༣་གཉེར་རྒྱུ་མགོ་བརྩམས། ལས་གཞི་དེ་དག་གི་ཁོངས་ནས་ལས་གཞི་༤༦༧་ལེགས་འགྲུབ་བྱུང་། བལ་ཡུལ་གྱི་ཞིང་ཆེན་དང་པོའི་ནང་དུ་ལས་གཞི་༧༨་གཉེར་བ་དེའི་ཁོངས་ཀྱི་ལས་གཞི་༢་ཤར་ཁུམ་བུ་རྫོང་དུ་གཉེར་འདུག རྒྱ་གར་གྱིས་བལ་ཡུལ་ལ་རོགས་སྐྱོར་སྣ་མང་དང་ལས་རིགས་སྣ་མང་གི་ཐོག་ཏུ་མཉམ་འབྲེལ། རྒྱ་གར་གྱིས་བལ་པོའི་ས་གནས་ཁག་ཏུ་འཐུང་ཆུ་མཁོ་འདོན་དང་བཙོག་ཆུ་གཙང་བཟོའི་ལས་འཆར་ཤུགས་ཆེན་པོ་གཉེར་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

འབྲེལ་ཡོད།

XS
SM
MD
LG