ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

 རྒྱ་བལ་གྱི་མཐོ་རིམ་ལས་སྣེའི་ཐུག་འཕྲད་དང་ཕྱོགས་གཉིས་ཀྱི་རྩོད་གཞི། 


བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལི།
བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལི།

༄༅།། ཉེ་ལམ་ཞིག་ནས་ཆོས་ལུགས་དང་རིག་གཞུང་། སྐད་ཡིག་སོགས་ཀྱི་འབྲེལ་བ་དམ་ཟབ་ཡོད་པའི་ལྷོ་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་དང་རྒྱ་གར་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་ནས་དུས་ཡུན་ཟླ་བ་༩་ཡས་མས་ཤིག་ལ་འབྲེལ་བ་ཆད། ཕྱི་ཟླ་༨་པའི་ཚེས་༡༧་ཉིན་རྒྱ་བལ་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོ་ཐུག་འཕྲད་བྱ་འཆར་ཡོད་པ་སྟེ། བལ་ཡུལ་དང་རྒྱ་གར་གྱི་བསྐྱར་ཞིབ་ཚོགས་འདུ་ཐེངས་༨་པ་འཚོགས་ནས་རྒྱ་གར་གཞུང་གིས་འགྲོ་གྲོན་བཏང་སྟེ་བལ་ཡུལ་ལ་རོགས་སྐྱོར་གྱི་འཛུགས་སྐྲུན་ལས་གཞི་ཁག་ཅིག་གཉེར་གྱི་ཡོད་པར་གྲོས་སྡུར་བྱ་རྒྱུའི་གྲོས་མཐུན་བྱུང་ཞིང་། འདི་ནི་བལ་ཡུལ་དང་རྒྱ་གར་གཉིས་ཀྱི་འགལ་ཟླ་སེལ་ཐབས་སུ་ཡར་རྒྱས་ཀྱི་གོམ་སྟབས་ཆེན་པོ་ཞིག་རེད་ཅེས་ཀ་ཐ་མན་རྡུའི་ཕྱི་འབྲེལ་མི་སྣ་ཚོས་ངོས་འཛིན་བྱས་འདུག དེ་ཡང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་གྷལ་ཝ་ལིས་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་ང་ཚོས་ས་མཚམས་ཀྱི་རྩོད་གཞིའི་ཐོག་ཏུ་འབྲེལ་བ་ཡོངས་སུ་བཅད་ནས་འདུག་ཐབས་བྲལ། ང་ཚོས་གྲོས་མོལ་མ་བྱས་པར་གདམ་ཀ་གཞན་པ་མི་འདུག་ཅེས་བཤད། ༢༠༡༦་ལོར་བལ་ཡུལ་གྱི་སྲིད་བློན་པུ་ཤཱི་པ་ཀ་མལ་དྷལ་རྒྱ་གར་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སྐབས་སུ་བལ་རྒྱ་གཉིས་ཀྱི་མཉམ་འབྲེལ་ལས་གཞི་ཁག་ལ་བསྐྱར་ཞིབ་ཚོགས་འདུ་འཚོགས་རྒྱུ། མཉམ་འབྲེལ་ལས་གཞི་དེ་རྣམས་དུས་ཐོག་ཏུ་ལག་བསྟར་དང་དུས་ཐོག་ཏུ་ལེགས་གྲུབ་འབྱུང་དུ་འཇུག་ཐབས་བྱ་དགོས་པའི་གྲོས་མཐུན་བྱུང་ཡོད་པ་རེད།

བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་བྷ་དབྱི་ར་གྷིས་བལ་ཡུལ་གྱི་སྐུ་ཚབ་ཚོགས་པའི་འགོ་འཁྲིད་རྒྱུ་དང་ཀ་ཐ་མན་རྡུར་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་པ་ཁ་བ་ཏྲས་རྒྱ་གར་གྱི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་ནས་ཕྱོགས་གཉིས་ཀྱི་བསྐྱར་ཞིབ་གྲོས་མོལ་མགོ་བརྩམ་རྒྱུ་ཡིན་འདུག བདུན་ཕྲག་རྗེས་མའི་གཟའ་ཟླ་བའི་ཉིན་འཚོགས་འཆར་ཡོད་པའི་ཕྱོགས་གཉིས་ཀྱི་བསྐྱར་ཞིབ་ཚོགས་འདུའི་དགོས་པ་གཙོ་བོ་ནི་རྒྱ་གར་གྱིས་འགྲོ་གྲོན་བཏང་ནས་བལ་ཡུལ་ལ་རོགས་སྐྱོར་བྱེད་ཀྱི་ཡོད་པའི་ལས་གཞི་ཁག་ལ་བསྐྱར་ཞིབ་བྱ་རྒྱུའི་དམིགས་ཡུལ་ཡིན་རུང་བལ་ཡུལ་གྱི་གཞུང་འབྲེལ་མི་སྣ་ཚོས་རྒྱ་གར་ལ་འབྲེལ་བ་སྡུག་ཏུ་སོང་ནས་ཕྱོགས་གཉིས་ཀྱི་གྲོས་མོལ་མཚམས་ཆད་པ་རྣམས་སླར་གསོ་འབྱུང་ཐབས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། རྒྱ་གར་གྱིས་འགྲོ་གྲོན་བཏང་ནས་བལ་ཡུལ་ལ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་དང་རླངས་སྣུམ་གྱི་འདྲེན་གཏོང་གི་ལྕགས་སྦུག་གསར་འཛུགས། རྒྱ་ལམ་དང་ཟམ་པ་འཛུགས་སྐྲུན། བལ་ཡུལ་ལ་ཞིང་ཆུ་འདྲེན་གཏོང་དང་ཞིང་ལས་ཡར་རྒྱས། ལོ་ཤས་གོང་དུ་བལ་ཡུལ་ལ་ས་འགུལ་བརྒྱུགས་ནས་གཏོར་བཤིག་ཚབས་ཆེན་ཐེབས་པ་ཁག་བསྐྱར་དུ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་ཁག་ལ་བསྐྱར་ཞིབ་དང་གྲོས་མོལ་བྱ་རྒྱུ། བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་གྷལ་ཝ་ལིས་གནས་སྐབས་རིང་ང་ཚོས་ས་མཚམས་ཀྱི་རྩོད་གཞི་དེར་གྲོས་མོལ་མ་བྱས་པར་ཟུར་དུ་འཇོག་ཆོག འོན་ཀྱང་སྔ་གཞུག་མ་གཏོགས་རྒྱ་བལ་གྱི་ས་མཚམས་ལ་རྩོད་གཞི་ཡོད་པ་རྣམས་ཐག་གཅོད་བྱ་དགོས། ས་མཚམས་ཀྱི་རྩོད་གཞི་ཞིག་གིས་རྒྱ་བལ་གཉིས་ཀྱི་འབྲེལ་བ་ཡོད་དོ་ཅོག་ལ་དོ་ཕོག་བཏང་ན་དགེ་མཚན་མེད། བདུན་ཕྲག་རྗེས་མའི་གྲོས་མོལ་སྐབས་སུ་ང་ཚོས་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱེད་ན་བཟང་ཕྱོགས་སུ་མདུན་སྐྱོད་བྱེད་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད་འདུག

བལ་ཡུད་དུ་ས་ཁྲ་གསར་པ་བཟུང་ནས་ངོ་རྒོལ་བྱེད་བཞིན་པ།
བལ་ཡུད་དུ་ས་ཁྲ་གསར་པ་བཟུང་ནས་ངོ་རྒོལ་བྱེད་བཞིན་པ།

ན་ནིང་ཕྱི་ཟླ་༡༡་པར་བལ་ཡུལ་གཞུང་གིས་རྒྱ་གར་གྱི་སྟངས་འཛིན་འོག་ཏུ་ཡོད་པའི་ཀ་ལ་པ་ཎི་དང་ལའི་ཕུ་ལེགས། ལིམ་ཕི་ཡ་དྷུ་ར་གསུམ་བལ་ཡུལ་གྱི་ས་ཁྲའི་ནང་དུ་འགོད་རྒྱུའི་ཐག་བཅད། ཉེ་ཆར་ཕྱི་ཟླ་༥་པའི་ཚེས་༢༠་ཉིན་བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལིའི་གཞུང་གིས་ས་ཁྲ་གསར་པ་འགྲེམ་སྤེལ་བྱས་ནས་རྒྱ་བལ་གྱི་ས་མཚམས་སུ་ཆགས་པའི་ཀ་ལ་པ་ཎི་དང་ལའི་ཕུ་ལེགས། ལིམ་ཕི་ཡ་དྷུ་ར་གསུམ་བལ་ཡུལ་གྱི་མངའ་ཁོངས་སུ་གཏོགས་ཞེས་བདག་དབང་བརྩད། བདུན་ཕྲག་སྔོན་མར་བལ་ཡུལ་གཞུང་གིས་ས་ཁྲ་གསར་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་ནས་བལ་ཡུལ་གྱི་མངའ་རིས་དེའི་རྒྱ་ཁྱོན་ལ་ངོས་ལེན་བྱེད་དུ་འཇུག་ཐབས་བྱས་ཀྱང་རྒྱལ་ཚོགས་ཀྱིས་རྒྱ་བལ་ཟུང་གི་རྩོད་གཞིར་གྱུར་པའི་གྲོང་གསེབ་དེ་དག་བལ་ཡུལ་གྱི་མངའ་ཁོངས་སུ་གཏོགས་པའི་ཁས་ལེན་མ་བྱས་པར་ས་ཁྲ་དེ་ཡིག་ཆ་ཉར་ཚགས་ཀྱི་གྲས་སུ་བླངས། རྒྱ་གར་གཞུང་གིས་རྩོད་གཞི་ཅན་གྱི་གྲོང་གསེབ་དེ་རྣམས་སྔ་མོ་ནས་རྒྱ་གར་གྱི་མངའ་ཁོངས་སུ་གཏོགས་པར་རྩོད་པ་མེད། པེ་ཅིང་དང་ལྡི་ལི་གསར་པས་གྲོང་གསེབ་དེ་དག་ལས་ཁག་གཅིག་རྒྱ་དཀར་ནག་གི་ས་མཚམས་ཀྱི་ཚོང་ལས་ས་ཁུལ་ཡིན་ཞེས་གྲོས་མཐུན་བཞག་ཡོད། འདས་པའི་ལོ་བཅུ་ཕྲག་མང་པོར་བལ་ཡུལ་གཞུང་གིས་གཏན་ནས་གྲོང་གསེབ་དེ་དག་གི་བདག་དབང་ལ་རྩོད་གླེང་བྱས་མྱོང་མེད། ད་ལྟ་བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལིར་རྒྱ་ནག་གཞུང་གིས་ངན་སྐུལ་བྱས་ནས་ས་ཁྲ་གསར་པ་འགྲེམ་སྤེལ་བྱེད་དུ་བཅུག་སྟེ་རྒྱ་ནག་གིས་བལ་ཡུལ་དང་རྒྱ་གར་གྱི་འབྲེལ་བར་དཀྲུག་ཤིང་སློང་གི་འདུག རྒྱ་གར་དང་བལ་ཡུལ་གྱི་འབྲེལ་བར་གཏོར་བརླག་གི་ལས་འགན་གཙོ་བོ་ནི་རྒྱལ་ས་ཀ་ཐ་མན་རྡུར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཧུ་ཡན་ཆིས་ཁུར་གྱི་འདུག་ཅེས་སྐྱོན་བཙུགས།།

ལྡི་ལི་གསར་པས་བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལིས་རྒྱ་གར་ལ་འབྲེལ་བ་སྡུག་ཏུ་བཏང་ནས་འཁྲུག་རྩོད་སློང་བ། ཁོ་པས་མཐའ་གཅིག་ཏུ་རྒྱ་ནག་ལ་རྒྱབ་སྐྱོར་བྱས་ནས་རྒྱ་གར་ལ་དགྲར་འཛིན་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པའི་དམིགས་ཡུལ་ནི་སྲིད་བློན་ཨོ་ལིར་རང་གི་གཞུང་འཛིན་ཚོགས་པའི་ནང་ཁུལ་དུ་ངོ་རྒོལ་བྱས་ནས་གནས་དབྱུང་གཏོང་ཐབས་བྱེད་ཀྱི་ཡོད་པར་ཐུག་འདུག བལ་ཡུལ་གྱི་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་བློན་ཨོ་ལིས་སྲིད་བློན་དང་གཞུང་འཛིན་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱི་གོ་གནས་གཉིས་ཀ་འཛིན་མི་ཆོག་ཅེས་གནོན་ཤུགས་སྤྲོད་ཀྱི་ཡོད་པ། ལྷག་པར་དུ་བལ་ཡུལ་ལ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་སྔོན་འགོག་ནུས་པ་ཐོན་པ་ཞིག་བྱས་མ་ཐུབ་པར་བལ་ཡུལ་མི་མང་གིས་ངོ་རྒོལ་བྱེད་ཀྱི་ཡོད་པས་སྲིད་བློན་ཨོ་ལིས་རྒྱ་གར་ལ་འབྲེལ་བ་སྡུག་ཏུ་བཏང་ནས་མང་ཚོགས་ཀྱི་གླེང་ཕྱོགས་སྒྱུར་ཐབས་བྱེད་པའམ། ཡང་ན་ཁོ་པས་མི་རིགས་རིང་ལུགས་ཀྱི་ང་རྒྱལ་བསླངས་ནས་སྲིད་དབང་འཛིན་ཐབས་བྱེད་ཀྱི་འདུག བལ་ཡུལ་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པས་ཕྱི་འབྲེལ་གྱི་ལམ་སྲོལ་དང་སྒྲིག་གཞི་ཁག་ལ་རྒྱབ་འགལ་བྱས་ནས་བལ་ཡུལ་གྱི་ནང་སྲིད་ལ་ཐེ་གཏོགས་དང་བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོར་གནོན་ཤུགས་སྤྲད་ནས་སྲིད་བློན་ཨོ་ལི་སྐྱོབ་ཐབས་བྱེད་ཀྱི་འདུག རྒྱ་ནག་གི་གཞུང་ཚབ་པ་བལ་ཡུལ་གྱི་སྲིད་བློན་ལས་ཁུངས་ནས་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་ཁང་སོགས་ལ་འགགས་ཐོགས་མེད་པར་བསྐྱོད་ཆོག་པར་གཞིགས་ཚེ། བལ་ཡུལ་ནི་རྒྱ་ནག་གི་མི་སེར་སྤེལ་ཡུལ་ལྟ་བུ་ཞིག་ལ་གྱུར་འདུག་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་པར་མ་ཟད། སྲིད་བློན་ཨོ་ལིས་རྒྱ་དཀར་ནག་གཉིས་ཀར་འབྲེལ་བ་སྙོམས་པོ་ཞིག་འཛིན་གྱི་མེད་པ་དང་རྒྱ་ནག་གི་གཞུང་ཚབ་པས་བལ་ཡུལ་གྱི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་ཐལ་དྲགས་ཀྱི་ཡོད་པར་བལ་ཡུལ་གྱི་ཤེས་ཡོན་ཅན་དང་ཉམས་ཞིབ་པ། བལ་ཡུལ་གྱི་སློབ་ཕྲུག་སོགས་ཀྱིས་ཀྱང་སྐྱོན་བརྗོད་དང་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།།

ལྷོ་ཨེ་ཤི་ཡའི་ཉམས་ཞིབ་པ་ཚོས་བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གིས་རྒྱ་གར་ལ་འབྲེལ་བ་ཡར་རྒྱས་གཏོང་ཐབས་དང་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་འབྱུང་ཐབས་སུ་འབད་བརྩོན་བྱེད་ཀྱི་ཡོད་ཀྱང་ཕྱོགས་གཉིས་ཀས་སངས་རྒྱས་བཅོམ་ལྡན་འདས་རྒྱ་གར་བ་དང་བལ་བོ་གཉིས་ཀྱི་གང་ཡིན། ཧིན་རྡུ་ཆོས་ལུགས་ཀྱི་ལྷ་སྟེ། དགའ་བྱེད་ཀྱི་འཁྲུངས་ཡུལ་ངོ་མ་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་གང་དུ་ཡོད་མེད། ལྷ་དགའ་བྱེད་རྒྱ་གར་བ་དང་བལ་བོ་གཉིས་ཀྱི་གང་ཡིན་སོགས་ལ་རྩོད་པ་བརྒྱབ་ནས་འབྲེལ་བ་སྡུག་ཏུ་གཏོང་གི་ཡོད་པས་བདུན་ཕྲག་རྗེས་མའི་གྲོས་མོལ་དེར་གྲུབ་འབྲས་གང་འདྲ་ཞིག་སྨིན་རྒྱུ་ཡིན་མིན་ངེས་གཏན་བྲལ། དུས་རབས་མང་པོར་རྒྱ་གར་དང་བལ་ཡུལ་གཉིས་ཀྱིས་རང་གི་རིག་གཞུང་དེ་ཉིད་ཐུན་མོང་གི་རིག་གཞུང་ཞིག་ཡིན་པ་རྩ་འཛིན་དང་ཕྱོགས་གཉིས་ཀྱི་ས་མཚམས་ལའང་དབྱེ་བ་གསལ་པོ་ཞིག་མེད་པར་རང་སོར་བཞག་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་རྣམས་ས་མཚམས་སུ་བཀག་འགོག་མེད་པར་ཕར་ཚུར་འགྲོ་སྐྱོད་བྱེད་དུ་བཅུག་མོད། འོན་ཀྱང་དེང་སྐབས་བལ་ཡུལ་གྱི་སྲིད་དོན་པ་དང་མི་རིགས་རིང་ལུགས་པ་ཚོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་ས་ལྨིབི་ནི་བལ་ཡུལ་གྱི་མངའ་ཁོངས་སུ་གཏོགས། དེས་ན་སངས་རྒྱས་བཅོམ་ལྡན་འདས་བལ་བོ་ཡིན་དགོས་པ་ལས་རྒྱ་གར་བ་མིན་ཞེས་རྩོད་པ་བརྒྱབ་སྟེ་གཞུང་སྒེར་ཚང་མས་ལྨིབི་ནི་བལ་ཡུལ་གྱི་མངའ་ཁོངས་སུ་གཏོགས་པར་ཁས་ལེན་བྱེད་ཀྱི་ཡོད་ཀྱང་སངས་རྒྱས་བཅོམ་ལྡན་འདས་བལ་བོ་ཡིན་པར་ཁས་ལེན་ཐོབ་དཀའ་བ་ཞིག་ཏུ་གྱུར་འདུག

གཟའ་འཁོར་འདིར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་སངས་རྒྱས་བཅོམ་ལྡན་འདས་དང་སེམས་དཔའ་ཆེན་པོ་གྷན་དྷི་གཉིས་ནི་རྒྱ་གར་གྱི་རླབས་ཆེན་སྐྱེས་བུ་གཉིས་ཡིན་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། དེར་བརྟེན་བལ་ཡུལ་གཞུང་འབྲེལ་མི་སྣ་ཁག་དང་སྲིད་དོན་པ་ཚོས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་སངས་རྒྱས་བཅོམ་ལྡན་འདས་ལྨིབི་ནི་ལ་སྐུ་འཁྲུངས་པ་ཤེས་བཞིན་དུ་སངས་རྒྱས་རྒྱ་གར་བ་ཡིན་ཞེས་བཤད་པ་ནི་ཧམ་པ་རེད་ཅེས་དགག་པ་བརྒྱབ། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ་ལྨིབི་ནི་ཡིན་པ་ནི་ངོ་མ་རེད་ཅེས་གསལ་བཤད་ཀྱི་འཕྲིན་ཐུང་ཞིག་སྤེལ་དགོས་བྱུང་ཞིང་། ལོ་རྒྱུས་ཉམས་ཞིབ་པ་ཚོས་སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་པའི་དུས་སུ་རྒྱ་གར་དང་བལ་ཡུལ་ཞེས་རྒྱལ་ཁབ་མ་འདྲ་བ་གཉིས་དང་ས་མཚམས་ཀྱི་དབྱེ་བ་གསལ་པོ་ཞིག་མི་འདུག དེང་སྐབས་བལ་ཡུལ་དང་རྒྱ་གར་གྱི་ས་མཚམས་སུ་ཁེལ་བའི་ས་གནས་དེ་རྣམས་སེར་སྐྱའི་གྲོང་དང་ཀོ་ལི་ཡན། ཀོ་ས་ལ་དང་མ་ག་དྷ་སོགས་རྒྱལ་ཕྲན་ཆུང་ཆུང་བདུན་ཙམ་རེད། ང་ཚོས་དུས་རབས་༢༡་པའི་ས་ཁམས་ཆབ་སྲིད་ཀྱི་བཞེད་ལུགས་ལྟར་སངས་རྒྱས་བཅོམ་ལྡན་འདས་མི་རིགས་དང་རྒྱལ་ཁོངས་གང་ཡིན་ཐག་གཅོད་བྱེད་ཐུབ་རྒྱུ་ཁག་རེད་ཅེས་བཀྲལ། ཟླ་བ་སྔོན་མར་བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལིས་ལྷ་དགའ་བྱེད་ཀྱི་འཁྲུངས་ཡུལ་རྒྱ་གར་གྱི་ཨ་ཡོ་དྷི་ཡ་མ་རེད། ལྷ་དགའ་བྱེད་ཀྱི་འཁྲུངས་ཡུལ་ངོ་མ་ནི་བལ་ཡུལ་དུ་ཡོད། བལ་ཡུལ་གཞུང་གིས་ལྷ་དགའ་བྱེད་ཀྱི་འཁྲུངས་ཡུལ་དེར་ལྷ་ཁང་ཆེན་པོ་ཞིག་བཞེང་དགོས་ཞེས་གླེང་། བདུན་ཕྲག་སྔོན་མར་རྒྱ་གར་གྱི་ཨ་ཡོ་དྷི་ཡ་ས་གནས་སུ་མཛད་སྒོ་ཆེན་པོ་ཞིག་ཚོགས་ནས་ལྷ་དགའ་བྱེད་ཀྱི་ལྷ་ཁང་བཞེང་རྒྱུའི་སྟ་གོན་མཛད། སྲིད་བློན་མོ་དྷི་དགའ་བྱེད་ལྷ་ཁང་གི་རྨང་རྡོ་འཛུགས་འཇོག་གི་མཛད་སྒོར་དངོས་སུ་ཞུགས། མདོར་ན་བལ་ཡུལ་དང་རྒྱ་གར་གྱི་རྩོད་གཞི་མང་པོ་ཞིག་ནི་ཆབ་སྲིད་དང་དཔལ་འབྱོར་གྱི་ཁེ་ཕན་ལ་ཐུག་པའི་རྩོད་གཞི་ཞིག་དང་། དེང་རབས་ཀྱི་རིག་པའི་གཞུང་ལུགས་དང་གནའ་རབས་ཀྱི་ཆོས་འབྱུང་ལོ་རྒྱུས་སོགས་ལ་་བཞེས་ཚུལ་མི་མཐུན་པའི་འགལ་ཟླ་ཡོད་པ་དེར་ཐུག་འདུག་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG