ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བལ་ཡུལ་ལ་རྒྱ་གར་ནས་སྨན་ཁབ་ས་ཡ་༡་འབྱོར་བ། 


༄༅།། ཁ་སང་གཟའ་ཉི་མར་བལ་ཡུལ་ལ་རྒྱ་གར་གྱི་སེ་རམ་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་དབྱིན་ཇིའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ས་ཡ་༡་འབྱོར། དེ་ནི་བལ་ཡུལ་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་དཀའ་ངལ་ཆེན་པོ་ཡོད་པ་སེལ་ཐབས་སུ་ཕན་ཐོགས་ཆེན་པོ་ཞིག་ཏུ་གྱུར། རྒྱ་གར་གྱི་དམག་གི་གནམ་གྲུ་ཞིག་གིས་འགོག་ཁབ་དེ་རྣམས་བལ་ཡུལ་ལ་སྐྱེལ་འདྲེན་བྱས་འདུག ཉེ་ཆར་བལ་ཡུལ་གཞུང་གིས་རྒྱ་ནག་གིས་བཟོས་པའི་འགོག་ཁབ་རྣམས་བལ་ཡུལ་ལ་ཛ་དྲག་གི་ཆེད་དུ་བཀོལ་སྤྱོད་བྱེད་ཆོག་ཅེས་ཆོག་མཆན་བཀོད། འོན་ཀྱང་བལ་ཡུལ་གཞུང་གིས་སྔོན་ལ་རྒྱ་གར་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ས་ཡ་༢་ཉོ་རྒྱུ་ཡིན་ཞེས་ཐག་བཅད། ཟླ་བ་སྔོན་མར་རྒྱ་གར་གཞུང་གིས་བལ་ཡུལ་ལ་འགོག་ཁབ་ས་ཡ་༡་ཞལ་འདེབས་སྤྲད། བལ་ཡུལ་གཞུང་གིས་སྨན་པ་དང་སྨན་ཞབས་པ། འཕྲོད་བསྟེན་ལས་སྣེ་དང་གསར་འགོད་པ། ཉེན་རྟོག་པ་སོགས་ནད་ཡམས་ཀྱི་མདུན་སར་བསྐྱོད་དགོས་པའི་ཆེད་ལས་པ་ཚོར་སྔོན་ལ་འགོག་ཁབ་རྒྱག་རྒྱུ་འགོ་ཚུགས། དེའི་རྗེས་སུ་བལ་ཡུལ་གྱི་རྒན་རྒོན་ཚོར་འགོག་ཁབ་རྒྱག་འཆར་ཡོད་ཅེས་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་འདུག ད་ལྟའི་བར་དུ་བལ་ཡུལ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༢༧༣༤༣༡་བྱུང་ཡོད་པ་དང་༢༠༦༡་ལ་འཆི་སྐྱོན་ཕོག་པའི་གནས་ཚུལ་ཐོན། རྒྱ་གར་གཞུང་གིས་བྷ་ར་ཏ་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་མང་དག་ཅིག་བལ་ཡུལ་དང་འབྲུག་ཡུལ། མལ་དི་ཝྭི་སི་དང་བངྒ་ལ། འབར་མ་དང་མཱོ་རི་ཏི་སི། སེ་ཆེལ་སི་བཅས་ལ་མཁོ་སྤྲོད་བྱས་ཤིང་། རྒྱ་གར་གཞུང་གིས་སོ་ཊི་ཨ་རེ་བྷི་ཡ་དང་ལྷོ་ཨ་ཧྥི་རི་ཀ ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་དང་མོ་རོ་ཀོ་བཅས་ལ་སེ་རམ་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་དབྱིན་ཇིའི་འགོག་ཁབ་དེ་ཕྱིར་ཚོང་བྱ་རྒྱུའི་གྲོས་མཐུན་བཞག་འདུག

ཉམས་ཞིབ་པ་ཚོས་བལ་ཡུལ་རྒྱལ་ཡོངས་སུ་སྨན་པ་དང་སྨན་ཞབས་པ་སོགས་ནད་ཡམས་ཀྱི་མདུན་སར་བསྐྱོད་དགོས་པའི་ཆེད་ལས་པ་༤༣༠༠༠༠་འདུག ཁོ་ཚོར་ཕྱི་ཟླ་དང་པོའི་ཚེས་༢༧་ནས་འགོག་ཁབ་རྒྱག་རྒྱུ་འགོ་བཙུགས་ཏེ་ཕྱི་ཟླ་༢་པའི་ཚེས་༥་ཉིན་མཇུལ་བསྒྲིལ། ད་ལྟའི་བར་དུ་བལ་ཡུལ་གྱི་འཕྲོད་བསྟེན་ལས་སྣེ་༡༧༡༤༨༦་ལ་མ་གཏོགས་འགོག་ཁབ་བརྒྱབ་མི་འདུག བལ་ཡུལ་གཞུང་གིས་སྨན་པ་དང་སྨན་ཞབས་པ་སོགས་ཛ་དྲག་གི་ཆེད་ལས་པ་ཚོས་འགོག་ཁབ་རྒྱག་དགོས་ཞེས་ནན་སྐུལ་བྱས་པའི་རྗེས་སུའང་ཛ་དྲག་གི་ཆེད་ལས་པ་འགོག་ཁབ་བརྒྱབ་ཡོད་པ་མི་གྲངས་༡༨༤༨༥༧་ལས་བྱུང་མི་འདུག བལ་ཡུལ་གྱི་འཕྲོད་བསྟེན་ལས་སྣེ་ཚོའི་གྲས་སུའང་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ལ་དོགས་ཟོན་བྱེད་མཁན་མང་དག་ཅིག་འདུག སྨན་པ་དང་སྨན་ཞབས་པའི་འཕྲོ་ནས་བལ་ཡུལ་གཞུང་གིས་གསར་འགོད་པ་དང་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་དང་དོན་གཅོད་ལས་ཁུངས་ཁག་གི་སྲི་ཞུ་བ་སོགས་མི་༢༠༠༠༠་ཡས་མས་ཤིག་ལ་འགོག་ཁབ་བརྒྱབ། དེ་ནས་བལ་ཡུལ་གཞུང་གིས་དངུལ་རྩའི་ཚོང་ལས་ཁག་གི་ལས་མི་རྣམས་དང་མི་དམངས་ཀྱིས་འོས་འདེམས་བྱས་པའི་འཐུས་མི་ཚོར་འགོག་ཁབ་བརྒྱབ། ད་ལྟ་ཁྱོན་བསྡོམས་བལ་ཡུལ་གཞུང་གིས་མི་༤༠༠༠༠༠་ཡས་མས་ཤིག་ལ་འགོག་ཁབ་རྒྱག་ཐུབ་ཡོད་པ་ནི་གཞུང་གི་དམིགས་ཚད་དང་པོ་དེར་གྲུབ་གྲབས་སུ་གྱུར་པ་རེད་ཅེས་བསྒྲགས། བལ་ཡུལ་གྱི་སྨན་པ་དང་སྨན་ཞབས་པ་ཚོས་འགོག་ཁབ་རྒྱག་གི་མེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་སྲིད་གཞུང་གིས་མི་དམངས་ལ་འགོག་ཁབ་རྒྱག་དགོས་པ་གནད་འགག་ཆེན་པོ་ཡིན་པའི་དྲིལ་བསྒྲིགས་བྱེད་ཐུབ་ཀྱི་མེད་པ་དང་མི་དམངས་རྣམས་འགོག་ཁབ་དེ་ཚོ་བདེ་འཇགས་ཡིན་མིན་ལ་དོགས་པ་ཡོད་པ་སེལ་མ་ཐུབ་པ། བལ་ཡུལ་གཞུང་གིས་འགོག་ཁབ་རྒྱག་ས་བཀོད་སྒྲིག་དང་འགོག་ཁབ་ཇི་ལྟར་རྒྱག་རྒྱུ་ཡིན་མིན་གྱི་འཆར་འགོད་བྱས་མ་ཐུབ་པའི་སྐྱོན་འདུག་ཅེས་ཐེར་འདོན་བྱས་འདུག

བལ་ཡུལ་གྱི་སྨན་པའི་ལྷན་ཚོགས་ཀྱི་གཙོ་འཛིན་བྷ་ཝན་ཀོ་ར་ལས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ང་ཚོར་སྨན་ཁབ་འདང་ངེས་ཤིག་ཡོད་ཀྱང་ནད་ཡམས་ཀྱི་མདུན་སར་སྐྱོད་པའི་ཆེད་ལས་པ་ཚང་མར་འགོག་ཁབ་རྒྱག་ཐུབ་ཀྱི་མི་འདུག དེའི་ལན་ཁག་ནི་ང་ཚོས་གཞི་རིམ་ནས་འགོག་ཁབ་རྒྱག་ས་དང་རྒྱག་མཁན། མི་སུ་སུ་ལ་འགོག་ཁབ་རྒྱག་རྒྱུ་ཡིན་མིན་གྱི་གོ་རིམ་ཞིབ་ཕྲ་ཞིག་བསྒྲིག་མ་ཐུབ་པ་དང་མི་དམངས་ལ་གོ་བརྡ་ཡག་པོ་ཞིག་མ་འཕྲོད་པའི་སྐྱོན་རེད། བལ་ཡུལ་ལ་འགོག་ཁབ་རིམ་པ་གཉིས་པ་རྒྱག་འཆར་ཡོད་པ་དེའི་ཁོངས་སུ་མི་འབོར་མང་དག་ཅིག་ཚུད་རྒྱུ་ཡིན་པས་སྲིད་གཞུང་གིས་གསར་འགྱུར་གྱི་བརྒྱུད་ལམ་ཡོད་ཚད་དང་སྤྱི་ཚོགས་འབྲེལ་མཐུད་དྲྭ་རྒྱ་སོགས་ཀྱི་བརྒྱུད་ལམ་ཡོད་དོ་ཅོག་བཀོལ་སྤྱོད་བྱས་ནས་མི་དམངས་ལ་འགོག་ཁབ་བརྒྱབ་ན་དགེ་མཚན་ཡོད་པའི་གོ་རྟོགས་སད་དུ་འཇུག་དགོས། མི་དམངས་ལ་འགོག་ཁབ་རྒྱག་རྒྱུ་དེར་དགོས་ངེས་ཀྱི་མཐུན་རྐྱེན་ཁག་ཀྱང་བསྐྲུན་དགོས་ཞེས་ནན་བརྗོད་བྱས་འདུག དེང་སྐབས་བལ་ཡུལ་རྒྱལ་ཡོངས་སུ་འགོག་ཁབ་རྒྱག་ས་ས་གནས་༢༠༠་ལས་མེད་ཅིང་། བལ་ཡུལ་གྱི་སྨན་པ་དང་འཕྲོད་བསྟེན་ལས་སྣེ་ཚང་མ་འགོག་ཁབ་རྒྱག་ས་ཁག་ལ་སླེབས་ཐུབ་པའི་ངེས་པ་མེད་པ་སྟེ། བལ་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གིས་རྒྱལ་ཡོངས་སུ་བྱིས་པའི་ནད་རིགས་སྔོན་འགོག་ཁང་༡༦༠༠༠་སྒོ་ཕྱེ་ནས་ལོ་ལྟར་ཕྲུ་གུ་༧༠༠༠༠༠་ལྷག་ལ་ནད་རིགས་སྔོན་འགོག་གི་སྨན་ཁབ་རྒྱག་ཐུབ་ཀྱི་ཡོད། འོན་ཀྱང་བལ་ཡུལ་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྣམས་འཁྱག་སྒམ་ཧ་ཅང་གྲང་མོའི་ནང་དུ་སྐྱེལ་འདྲེན་བྱ་དགོས་པ་དང་འཁྱག་སྒམ་གྲང་མོའི་ནང་དུ་ཉར་འཇོག་བྱེད་དགོས་པ། སྨན་ཁབ་དེ་རྣམས་ཡུན་རིང་ཉར་འཇོག་བྱེད་མི་ཉན་པ་བཅས་ཀྱིས་འགོག་ཁབ་དེ་དག་དུས་ཐོག་ཏུ་རྒྱག་མ་ཐུབ་པའི་དཀའ་ངལ་འཕྲད། སྨན་པ་མ་ར་སི་ཎི་ཞེས་པ་ཞིག་གིས་བལ་ཡུལ་ལ་འགོག་ཁབ་རིམ་པ་གཉིས་པ་རྒྱག་པའི་དུས་སུ་གྲུབ་འབྲས་ཆེན་པོ་ཞིག་འཐོན་རྒྱུ་ཡིན་མིན་ནི་མི་མང་ལ་འགོག་ཁབ་རྒྱག་ས་གང་མང་ཞིག་བཀོད་སྒྲིག་བྱེད་ཐུབ་རྒྱུ་ཡིན་མིན་ལ་ཐུག་འདུག་ཅེས་བཤད།།

བལ་ཡུལ་གཞུང་གིས་རྒྱ་གར་གྱི་སེ་རམ་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་དབྱིན་ཇིའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྣམས་ལོ་ན་༥༥་ཡན་ཆད་དུ་སོན་པའི་སྤྱི་དམངས་ཚོར་རྒྱག་རྒྱུའི་ཐག་བཅད། བལ་ཡུལ་གྱི་མི་འབོར་ཁོངས་སུ་ལོ་ན་༥༥་ཡན་ཆད་དུ་སོན་པའི་མི་༣༧༠༠༠༠༠་ལྷག་ཡོད་པར་མ་ཟད། བལ་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གི་སྨན་པ་ཨ་དྷི་ཀ་རིས་ཁ་སང་གཟའ་ཉི་མར་བལ་ཡུལ་ལ་རྒྱ་གར་ནས་འགོག་ཁབ་ས་ཡ་༡་འབྱོར་སོང་། བདུན་ཕྲག་འགའ་ཞིག་གི་རྗེས་སུ་སླར་ཡང་འགོག་ཁབ་ས་ཡ་༡་འབྱོར་རྒྱུ་རེད། ང་ཚོར་སྨན་ཁབ་འཇོག་ས་མེད་པ་དང་སྨན་ཁབ་འདང་ངེས་མེད་པའི་དཀའ་ངལ་མེད། ཕྱི་ཟླ་༣་པའི་ཚེས་༧་མི་འགྱངས་པར་བལ་ཡུལ་གཞུང་གིས་འབྲེལ་ཡོད་ལས་སྣེ་ཚོར་སྦྱོང་བརྡར་སྤྲོད་རྒྱུ་དང་མཐུན་རྐྱེན་གྲ་སྒྲིག་བྱེད་ཚར་རྒྱུའི་གདེང་ཚོད་ཡོད། ཕྱི་ཟླ་༣་པའི་ཚེས་༧་ནས་བལ་ཡུལ་གྱི་རྒན་རྒོན་རྣམས་ལ་འགོག་ཁབ་རྒྱག་རྒྱུ་འགོ་ཚུགས་ཐུབ་རྒྱུ་རེད་ཅེས་བཤད། ད་དུང་བདུན་ཕྲག་གཉིས་ཀྱི་རྗེས་སུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཀྱང་བལ་ཡུལ་ལ་འགོག་ཁབ་༢༢༥༦༠༠༠་ལྷག་རོགས་རམ་སྤྲོད་ཀྱི་ཡོད་པ་རྣམས་འབྱོར་གྱི་འདུག དེས་ན་བལ་ཡུལ་གྱི་མི་འབོར་བརྒྱ་ཆ་༣་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་འདང་ངེས་ཤིག་ཡོད་ཀྱང་བལ་ཡུལ་གཞུང་གིས་འགོག་ཁབ་རྒྱག་ས་གང་མང་ཞིག་བཀོད་སྒྲིག་བྱེད་ཐུབ་རྒྱུ་ཡིན་མིན། སྨན་ཁབ་རྣམས་ཆུད་ཟོས་སུ་མ་བཏང་བར་འཁྱག་སྒམ་ཧ་ཅང་གྲང་མོའི་ནང་དུ་ཉར་འཇོག་བྱེད་ཐུབ་རྒྱུ་ཡིན་མིན་ལ་བློ་འཚབ་བྱ་དགོས་པ་ཞིག་ཏུ་གྱུར་འདུག

བལ་ཡུལ་གྱི་ནད་རིགས་སྔོན་འགོག་ཁང་གི་འགན་འཛིན་ཟུར་པ་མ་ར་སི་ཎིས་བཤད་པ་ལྟར་ན། རྒན་རྒོན་ལ་འགོག་ཁབ་རྒྱག་རྒྱུ་ནི་བྱིས་པ་ཚོར་ནད་རིགས་སྔོན་འགོག་གི་སྨན་ཁབ་བརྒྱབ་པ་དང་གཅིག་མཚུངས་མ་རེད། གལ་སྲིད་འགོག་ཁབ་རྒྱག་ས་དེ་རང་ཁྱིམ་ནས་དུས་ཡུན་སྐར་མ་༤༥་ལྷག་ལ་རྐང་ཐང་དུ་འགྲོ་དགོས་ས་ཞིག་ཏུ་ཡོད་ཚེ། བལ་བོ་རྣམས་ཧ་ལམ་འགོག་ཁབ་རྒྱག་ཏུ་འགྲོ་ས་མ་རེད། འགོག་ཁབ་རྒྱག་ས་ཁག་རྦད་དེ་ཐག་རིང་དུ་ཡོད་ན་རྒན་རྒོན་རྣམས་སླེབས་ཐུབ་རྒྱུ་ཁག་པོ་རེད། བལ་ཡུལ་གཞུང་གིས་ངེས་པར་དུ་འགོག་ཁབ་རྒྱག་མཁན་རྣམས་གྲོང་གསེབ་ཁག་དང་ཐག་ཉེ་ཁག་ལ་གཏོང་ཐབས་བྱ་དགོས་ཞེས་ལམ་སྟོན་བྱས་འདུག བལ་ཡུལ་གྱི་ཆགས་ཡུལ་དེ་ཉིད་རི་ལུང་རྫ་ལུང་ཡིན་པ་དང་རླངས་འཁོར་སོགས་ཀྱི་འགྲིམ་འགྲུལ་སྟབས་བདེ་མེད་པས་འགོག་ཁབ་རྒྱག་ས་ཅི་ཙམ་བཀོད་སྒྲིག་བྱེད་ཐུབ་རྒྱུ་ཡིན་མིན་ངེས་གཏན་བྲལ། སྨན་པ་ཇཱ་གྷ་ཏ་ཞེས་པ་ཞིག་གིས་འགོག་ཁབ་ལ་ཞོར་གནོད་ཅུང་ཟད་འབྱུང་སྲིད། བལ་ཡུལ་གཞུང་གིས་སྔོན་ནས་འགོག་ཁབ་ཀྱི་ཕན་ནུས་དང་ཞོར་གནོད་བཅས་པ་འགྲེལ་བཤད་གསལ་པོ་ཞིག་མ་བརྒྱབ་ན་མི་མང་རྒན་རྒོན་རྣམས་འགོག་ཁབ་རྒྱག་ཏུ་ཡོང་རྒྱུ་ཡིན་མིན་ཐེ་ཚོམ་རེད། བལ་ཡུལ་ལ་འགོག་ཁབ་རག་གི་ཡོད་པ་ནི་དགའ་དགོས་པའི་གནས་ཚུལ་ཞིག་ཡིན་རུང་མི་མང་རྣམས་འགོག་ཁབ་རྒྱག་ཏུ་ཡོང་གི་མེད་པ་དང་འགོག་ཁབ་རྒྱག་ས་གྲ་སྒྲིག་བྱེད་ཐུབ་ཀྱི་མེད་པ་ཧ་ཅང་ཕངས་པོ་ཞིག་རེད། མི་མང་ལ་འགོག་ཁབ་མ་བརྒྱབ་ན་ཏོག་དབྱིབས་ནད་དུག་བཅོས་ཐབས་མེད་པ་དང་འགོག་ཁབ་ལ་ཡིད་ཆེས་སླེབས་ཐུབ་པའི་སློབ་གསོ་སྤྲོད་པའམ། ཡང་ན་བལ་ཡུལ་མི་དམངས་ལ་འགོག་ཁབ་བརྒྱབ་ན་དགེ་མཚན་ཆེན་པོ་ཡོད་པའི་གོ་རྟོགས་སྤེལ་དགོས་ཞེས་ལམ་སྟོན་བྱས་འདུག

XS
SM
MD
LG