ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་དཀར་ནག་གཉིས་ཀས་བལ་ཡུལ་ལ་ཏོག་ནད་སྔོན་འགོག་རོགས་སྐྱོར།


༄༅།། རྒྱ་ནག་གིས་བལ་ཡུལ་ལ་སྨན་ཁང་གི་ཡོ་བྱད་དང་ཁ་རས་སོགས་དོ་པོ་བཅུ་ཕྲག་འགའ་ཞིག་གནམ་གྲུའི་ནང་དུ་སྐྱེལ་འདྲེན་གྱིས་བལ་ཡུལ་གཞུང་གི་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ལས་དོན་སྒྲུབ་ཀྱི་ཡོད་པར་རྒྱབ་སྐྱོར་གྱི་ནུས་པ་ཤུགས་ཆེ་རུ་བཏང་ཞིང་། ཁ་སང་ཕྱི་ཚེས་༢༩་ཉིན་རྒྱ་ནག་གི་ཀོང་ཀྲུག་གྲོང་ཁྱེར་ནས་བལ་ཡུལ་ལ་དོ་སྐྱེལ་གནམ་གྲུའི་ནང་དུ་དངོས་ཟོག་སྐྱེལ་འདྲེན་བྱས་ཡོང་བ་རྣམས་འཕྲོད་བསྟེན་བློན་ཆེན་བྷ་ནུ་བྷག་ཏ་དྷ་ཁལ་གྱི་མདུན་དུ་རྩིས་སྤྲོད་བྱས་འདུག ད་དུང་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་དྷུར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་ཀྱང་བལ་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་ལ་ནད་བརྟག་འཕྲུལ་ཆས་དང་དེ་མིན་གྱི་ཅ་ལག་ཁག་ཅིག་མཁོ་སྤྲོད་བྱས་ནས་རྒྱབ་སྐྱོར་གྱི་ལས་དོན་བསྒྲུབས། བལ་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གི་ལས་སྣེ་ཚོས་རྒྱ་ནག་གཞུང་ཚབ་ཁང་གིས་མཁོ་སྤྲོད་བྱས་པའི་ཁ་རས་སོགས་རྒྱ་ནག་གི་འབྱོར་ལྡན་པ་ཇཱེཀ་མའི་ཐེབས་རྩ་ཁང་དང་དེ་མིན་གྱི་རྒྱ་ནག་གི་སྤྱི་ཚོགས་ཕན་བདེའི་ཚོགས་པ་ཁག་གིས་རོགས་སྐྱོར་བྱས་པ་རེད། རྒྱ་ནག་གི་སི་ཁྲོན་ཞིང་ཆེན་གཞུང་གིས་ཀྱང་བལ་ཡུལ་ལ་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ཡོ་བྱད་རྣམས་རོགས་སྐྱོར་སྤྲད་སོང་། བལ་ཡུལ་ལ་རྒྱ་ནག་ནས་འོར་འདྲེན་བྱས་པའི་དོ་པོ་དེ་དག་གི་ནང་དུ་སྐྱེ་བོ་སྒེར་ལ་མཁོ་བའི་ནད་འགོག་ཡོ་བྱད་ཆ་འགྲིག་༡༠༠༠༠༠་དང་ཏོག་དབྱིབས་ནད་བརྟག་འཕྲུལ་ཆས་༥༠༠༠༠་ཡོད་ཅེས་བཤད་འདུག ཨ་རིའི་ཇཱོན་སི་ཧོབ་ཀིན་སི་སློབ་གྲྭ་ཆེན་མོའི་ཞིབ་འཇུག་གྲངས་ཐོ་ལྟར་ན། ད་ལྟའི་བར་དུ་བལ་ཡུལ་ལ་ཏོག་དབྱིབས་ནད་དུག་འགོས་པའི་མི་༥་དང་འཆི་སྐྱོན་བྱུང་བ་གཅིག་ཀྱང་བྱུང་མེད་པ་རེད།།

ཉི་མ་གཅིག་གི་སྔོན་དེར་རྒྱ་གར་གྱིས་ཀྱང་བལ་ཡུལ་ལ་ཛ་དྲག་གི་ཉེན་སྐྱོབ་སྨན་པ་དང་འཕྲོད་བསྟེན་ལས་སྣེ་མཁས་པའི་རུ་ཁག་ཅིག་གཏོང་ཆོག་ཅེས་གྲོས་གཞི་བཏོན། བལ་ཡུལ་གཞུང་གིས་སྨན་ཁང་གི་ཡོ་བྱད་དང་ནད་བརྟག་འཕྲུལ་ཆས་སོགས་དགོས་གལ་ཆེན་པོ་ཡོད་པ་ལས་སྨན་པ་དང་འཕྲོད་བསྟེན་ལས་སྣེ་མཁས་པའི་རོགས་སྐྱོར་དགོས་ས་མ་རེད་ཅེས་ལན་བཏབ། རྒྱ་ནག་གི་རོགས་སྐྱོར་རྣམས་བལ་ཡུལ་གྱི་ས་ཐོག་ཏུ་འབྱོར་ཟིན་པའི་རྗེས་སུ་མ་གཏོགས་རྒྱ་གར་གཞུང་གིས་བལ་ཡུལ་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་རོགས་སྐྱོར་བྱེད་ཆོག་བཤད་ཅེས་མེད་པ་དང་། རྒྱ་དཀར་ནག་གཉིས་ཀྱིས་རྟག་ཏུ་བལ་ཡུལ་ལ་ཤུགས་རྐྱེན་ཐེབས་ཐབས་སུ་ལག་སྔ་སུ་མགྱོགས་འགྲན་རྩོད་བྱེད་ཀྱི་ཡོད་ཀྱང་ཏོག་དབྱིབས་རིམས་ནད་སྔོན་འགོག་དུས་སུ་ལྡི་ལི་གསར་པ་པེ་ཅིང་གི་གཞུག་ལ་ལུས་འདུག་ཅེས་བལ་ཡུལ་དང་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་གནས་སྤེལ་འདུག བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་གྱིས་ང་ཚོར་རྒྱ་གར་གྱིས་རོགས་སྐྱོར་བྱ་དགོས་ཞེས་གྲོས་གཞི་བཏོན་སོང་། ཡིན་ནའང་ང་ཚོས་སྨན་ཁང་གི་ཡོ་བྱད་དང་ནད་བརྟག་འཕྲུལ་ཆས་སོགས་དགོས་གལ་ཆེན་པོ་འདུག་ཅེས་ལན་བཏབ་པ་ཡིན་ཞེས་བཤད་ཡོད་པར་མ་ཟད། བལ་ཡུལ་གྱི་དམག་གི་སྨན་པའི་མཐོ་རིམ་ལས་སྣེ་ཞིག་གིས་ཀྱང་རྒྱ་གར་གྱི་སྨན་པ་དང་འཕྲོད་བསྟེན་མཁས་པའི་རོགས་སྐྱོར་དགོས་ཀྱི་མི་འདུག་ཚོས་རིམས་ནད་ཁྱབ་གདལ་ལ་སྟངས་འཛིན་དང་དེ་ལ་སྔོན་འགོག་གི་གྲ་སྒྲིག་ཆ་ཚང་བྱས་ཡོད་ཅེས་བཤད་ཡོད་པའི་གནས་ཚུལ་ཐོན་འདུག


རྒྱ་གར་ལའང་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་ཇེ་ཆེར་སོང་བའི་སྟབས་ཀྱིས་སྲིད་འཛིན་མོ་དྷིས་མི་འབོར་དུང་ཕྱུར་༡༣་ལྷག་ཡོད་པའི་རྒྱ་གར་རྒྱལ་ཡོངས་ལ་དུས་ཡུན་ཉི་མ་༢༡་ལ་འགྲོ་འོང་བཀག རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ཅིག་གིས་རྒྱ་གར་ལ་རོགས་སྐྱོར་དགོས་ན་ཝུ་ཧན་གྲོང་ཁྱེར་དུ་བྲེལ་མྱུར་གྱིས་འཛུགས་སྐྲུན་བྱས་པའི་སྨན་ཁང་དེ་འདྲ་རྒྱ་གར་གྱི་ས་གནས་ཁག་ཏུ་འཛུགས་སྐྲུན་བྱེད་ཆོག་ཅེས་གྲོས་གཞི་བཏོན། རྒྱ་གར་གྱི་བཟོ་ཚོང་མཉམ་འབྲེལ་མཐུན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཨ་ཏུལ་དྷ་ལ་ཀོ་ཏིས་ང་ཚོས་སྔ་མོ་ནས་ཏོག་དབྱིབས་ནད་དུག་ལ་སྔོན་འགོག་ཇི་ལྟར་བྱ་དགོས་མིན་གྱི་སྲིད་ཇུས་དང་ཐབས་ཇུས་གཏན་འབེབས་བྱས་ཟིན་ཡོད། རྒྱ་གར་གཞུང་གིས་མི་མང་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་ཀྱང་རྒྱ་ཆེན་པོ་ཞིག་བྱེད་ཀྱི་ཡོད་ཅེས་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་ཚོར་ལན་འདེབས་བྱས་འདུག ཕྱི་ཟླ་༣་པའི་ཚེས་༣༠་ཉིན་རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གཞུང་གིས་བདུན་ཕྲག་རེར་མི་༥༠༠༠་རེར་བརྟག་དཔྱད་བྱེད་ཀྱི་ཡོད་པ་དང་ཨ་རིས་བདུན་ཕྲག་རེར་མི་༢༦༠༠༠་རེ་ལ་བརྟག་དཔྱད། དབྱིན་གཞུང་གིས་བདུན་ཕྲག་རེར་མི་༡༦༠༠༠་རེ་ལ་བརྟག་དཔྱད་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ། ད་ལྟ་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་མི་༡༠༥༠་ཡས་མས་ཤིག་དང་མི་༢༩་ལ་འཆི་སྐྱོན་བྱུང་འདུག་ཅེས་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

རྒྱ་ནག་གིས་རྒྱལ་ཁབ་གཞན་ལ་ཛ་དྲག་གིས་ཕྱིར་ཚོང་བྱས་པ་དང་རོགས་སྐྱོར་བྱས་པའི་སྨན་ཁང་གི་ཡོ་བྱད་དང་ནད་བརྟག་འཕྲུལ་ཆས་སོགས་ལ་སྐྱོན་མང་པོ་ཞིག་ཡོད་པས་ཡུ་རོབ་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གི་ཅ་ལག་དེ་རྣམས་ཕྱིར་སློག་བྱེད་པའམ། ཡང་ན་བཀོལ་སྤྱོད་བྱ་རྒྱུ་མཚམས་འཇོག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོནདཔེར་ན་ཡུ་རོབ་རྒྱལ་ཁབ་སི་པེན་དང་ནེ་དྷ་ལན་ཌི། ཏུར་ཀི་དང་ཆེཀ་སྤྱི་མཐུན་རྒྱལ་ཁབ་སོགས་ཀྱིས་རྒྱ་ནག་ནས་ནང་འདྲེན་བྱས་པའི་ནད་བརྟག་འཕྲུལ་ཆས་དང་སྨན་པའི་ནད་འགོག་གདོང་འབག་སྟོང་ཕྲག་མང་པོ་སྤུས་ཚད་ཞན་དྲགས་ཏེ་ཕན་ཐོགས་མེད་པར་གྱུར་འདུག དེང་སྐབས་ཡུ་རོབ་རྒྱལ་ཁབ་ཁག་ལ་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་ཨི་ཊི་ལི་གཅིག་པུར་མི་༡༠༧༧༩་ལ་འཆི་སྐྱོན་དང་མི་༩༧༦༨༩་ལ་ནད་དུག་འགོས། མི་༡༣༠༣༠་དྲག་སྐྱེད་བྱུང་བའི་གནས་ཚུལ་ཐོན། སི་པེན་ལ་ཏོག་དབྱིབས་ནད་དུག་གིས་མི་༧༣༤༠་ལྷག་ལ་འཆི་སྐྱོན་དང་མི་༨༥༠༠༠་ལྷག་ལ་ནད་དུག་འགོས་འདུག ཁ་སྔོན་གཟའ་སྤེན་པའི་ཉིན་ཡུ་རོབ་རྒྱལ་ཁབ་ནེ་དྷར་ལན་ཌིའི་འཕྲོད་བསྟེན་ལྷན་ཁང་གིས་ཕྱི་ཟླ་༣་པའི་ཚེས་༢༡་ཉིན་རྒྱ་ནག་ནས་འབྱོར་བའི་ཁ་རས་དང་སྨན་ཁང་གི་ཡོ་བྱད་རྣམས་ཛ་དྲག་གི་སྒོ་ནས་སྨན་ཁང་ཁག་ལ་བཀྲམ་ཟིན། འོན་ཀྱང་ཁ་རས་དེ་རྣམས་རན་པོ་མེད་པ་དང་ཁ་རས་ཀྱི་ཕྱི་ཚགས་དམ་པོ་མེད་པ། ཁ་རས་ཀྱི་སྤུས་ཚད་ཞན་པ་བཅས་ལ་བརྟེན་ནས་ཁ་རས་༦༠༠༠༠༠་ཕྱིར་བསྡུས་བྱས་པ་ཡིན། དོ་པོ་གཞན་རྣམས་སྨན་ཁང་ཁག་ལ་འགྲེམ་སྤེལ་བྱ་རྒྱུ་མཚམས་འཇོག་བྱས་ཡོད། ད་ལྟ་ང་ཚོས་རྒྱ་ནག་ནས་ཐོན་པའི་ཁ་རས་དེ་རྣམས་བཀོལ་སྤྱོད་བྱ་རྒྱུ་མིན་པའི་ཐག་བཅད་པ་ཡིན་ཞེས་བསྒྲགས།།


སི་པེན་ལའང་རྒྱ་ནག་ནས་ཐོན་པའི་ནད་བརྟག་འཕྲུལ་ཆས་སྤུས་ཚད་ཞན་དྲགས་པའི་དཀའ་ངལ་གཅིག་མཚུངས་ཤིག་འཕྲད་ཀྱི་ཡོད་ཅིང་ སི་པེན་གཞུང་གིས་རྒྱ་ནག་ནས་ཏོག་དབྱིབས་ནད་བརྟག་འཕྲུལ་ཆས་འབུམ་ཕྲག་འགའ་ཞིག་ཉོས་པ་ཡིན། འོན་ཀྱང་ནད་བརྟག་འཕྲུལ་ཆས་༦༠༠༠༠་ཡས་མས་ཤིག་ཕན་ཐོགས་མི་འདུག་ཅེས་གནས་ཚུལ་སྤེལ། པེ་ཅིང་དུ་བཅའ་སྡོད་སི་པེན་གྱི་གཞུང་ཚབ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཧྲེན་ཀྲེན་གྲོང་ཁྱེར་དུ་ཚུགས་པའི་ནད་བརྟག་འཕྲུལ་ཆས་བཟོ་ཚོང་ཁང་དེར་གཞུང་གི་ལག་འཁྱེར་དང་སྨན་ཁང་གི་ཡོ་བྱད་སོགས་བཟོ་སྐྲུན་བྱེད་ཆོག་པའི་དགོས་ངེས་ཀྱི་ཆོག་མཆན་ཁག་ཐོབ་མེད་པ་རེད། ཡིན་ནའང་སི་པེན་གཞུང་གིས་རྒྱ་ནག་གཞུང་དང་ཨ་ལི་བྷ་བྷ་བཟོ་ཚོང་ཁང་གི་རོགས་སྐྱོར་སྤྲད་པའི་ཁ་རས་དང་སྨན་ཁང་གི་ནད་བརྟག་ཡོ་ཆད་རྣམས་སྤུས་ཞན་ཅ་ལག་དེ་དག་གི་གྲས་སུ་ཚུད་མེད་ཅེས་གསལ་བཤད་བྱས་འདུག ཏུར་ཀི་གཞུང་གིས་ཀྱང་རྒྱ་ནག་ནས་ཏོག་དབྱིབས་ནད་བརྟག་འཕྲུལ་ཆས་མང་པོ་ཞིག་ནང་འདྲེན་བྱས་པ་ཡིན། ནད་བརྟག་འཕྲུལ་ཆས་༣༥༠༠༠༠་ཡས་མས་ཤིག་གིས་མི་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་ཚུལ་བཞིན་བྱས་ཐུབ་སོང་། ནད་བརྟག་འཕྲུལ་ཆས་ཁག་ཅིག་གིས་མི་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་ཐུབ་ཀྱི་མི་འདུག་ཅེས་གནས་ཚུལ་སྤེལ་འདུག

ཕྱི་ཟླ་༣་པའི་ཚེས་༣༠་ཉིན་གྱི་སྔ་དྲོའི་བར་དུ་ཨ་མི་རི་ཀར་རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གི་རྐྱེན་པས་མི་༢༤༤༣་ལ་འཆི་སྐྱོན་དང་མི་༡༤༠༤༧༠་ཐམ་པར་ནད་དུག་འགོས་འདུག དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཨི་རན་ལའང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་དཀའ་ངལ་ཚབས་ཆེན་་ཞིག་འཕྲད་ཀྱི་ཡོད་ཅིང་། གཟའ་ཟླ་བའི་ཉིན་ཨི་རན་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ད་ལྟའི་བར་དུ་རྒྱལ་ཁབ་དེར་ཏོག་དབྱིབས་ནད་དུག་གིས་མི་༢༧༥༧་ལ་འཆི་སྐྱོན་དང་མི་༤༡༤༩༥་ལ་ནད་དུག་འགོས། ཨི་རན་གྱི་རྒྱལ་སྲུང་ལྷན་ཁང་གིས་ནད་བརྟག་འཕྲུལ་ཆས་ཤིག་གསར་བཟོ་བྱས་ཡོད། འཕྲུལ་ཆས་དེས་དུས་ཡུན་ཆུ་ཚོད་གསུམ་གྱི་ནང་ཚུད་དུ་མི་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་ཐུབ་ཀྱི་འདུག་ཅེས་བསྒྲགས་ཀྱང་ཉམས་ཞིབ་པ་ཚོས་ཨི་རན་ལ་ཏོག་དབྱིབས་ནད་དུག་གི་རྐྱེན་པས་མི་ལ་འཆི་སྐྱོན་བྱུང་བ་དང་ནད་མནར་བྱུང་བའི་མིའི་གྲངས་འབོར་ནི་རྒྱལ་ཁབ་དེའི་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལས་ཀྱང་མང་བ་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྒྱ་ནག་ལ་མཚོན་ན་ནད་པ་ཇེ་ཉུང་དུ་སོང་སྟེ་ཝུ་ཧན་གྲོང་ཁྱེར་དང་རྒྱ་ནག་གི་གྲོང་ཁྱེར་ཁག་གི་འགྲིམ་འགྲུལ་བཀག་སྡོམ་ཕྱིར་འཐེན། རྒྱ་ནག་གི་བཟོ་གྲྭ་ཁག་ཀྱང་བསྐྱར་དུ་སྒོ་ཕྱེས་ནས་ཚོང་ལས་གཉེར་ཐབས་བྱེད་ཀྱི་ཡོད། འོན་ཀྱང་རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གིས་འཛམ་གླིང་ཡོངས་སུ་མི་༣༤༠༤༡་འཆི་སྐྱོན་དང་མི་༧༢༤༩༤༥་ལ་ནད་དུག་འགོས་ནས་ནད་མནར་བྱུང་ཡོད་པ་རེད།།

XS
SM
MD
LG