ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༣/༠༡/༢༧

བལ་ཡུལ་རྒྱལ་ཡོངས་སུ་སོ་ནམ་ལོ་སར་གྱི་དགའ་སྟོན་ཚུགས། 


༄༅།། ད་ལོའི་ཕྱི་ཟླ་དང་པོའི་ཚེས་༢༢་ཉིན་བལ་ཡུལ་རྒྱལ་ཡོངས་སུ་སོ་ནམ་ལོ་སར་གྱི་དགའ་སྟོན་ཚུགས། ཕྱི་ཟླ་དང་པོའི་ཚེས་༢༣་ཉིན་ཧི་མ་ལ་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། དགུན་གྱི་ཉི་ལྟོག་གཞུག་གི་ཟླ་བ་གསར་པ་དེ་ནི་སོ་ནམ་ལོ་སར་ཡིན་པ་དང་༢༠༢༣་ལོའི་ཕྱི་ཟླ་དང་པའི་ཚེས་༢༢་ཉིན་ལོ་སར་ཁེལ་འདུག ལོ་ལྟར་བལ་ཡུལ་རྒྱལ་ཡོངས་སུ་ལོ་སར་ཞེས་སྲུང་བརྩི་ཞུ་སྲོལ་ཡོད་པའི་དུས་ཆེན་འདི་བོད་ཀྱི་ལོ་སར་འགོ་ཚུགས་པ་ཞིག་རེད། མི་ཚོས་ལོ་གསར་པའི་བཀྲ་ཤིས་དགའ་སྟོན་འདིར་བདུན་ཕྲག་མང་པོའི་སྔོན་ནས་གྲ་སྒྲིག་བྱས་ཏེ་ལོ་སར་ཉིན་སྐྱེས་ཕོ་མོ་གཉིས་ཀས་སྲོལ་རྒྱུན་གྱི་ཆས་གོས་གྱོན་ཏེ་གཟབ་འཕྱོར་སྤྲས། རྔ་བརྡུངས་ཏེ་སྲོལ་རྒྱུན་གྱི་གླུ་གཞས་ལེན་པ་དང་བྲོ་གར་འཁྲབ། ཟས་རིགས་ཞིམ་པོ་གྲ་རྒྱས་སྣ་ཚོགས་བསྒྲིགས། གལ་སྲིད་མི་ཞིག་སོ་ནམ་ལོ་སར་གྱི་དགའ་སྟོན་ལ་རོལ་འདོད་ཡོད་ཚེ། ད་ལྟའི་དུས་ཚོད་འདི་བལ་ཡུལ་དུ་བསྐྱོད་པའི་དུས་སྐབས་མཆོག་ཏུ་གྱུར་པ་དེ་རེད་ཅེས་གསར་འགྱུར་སྤེལ་འདུག
སོ་ནམ་ལོ་སར་ནི་བལ་ཡུལ་གྱི་ས་གནས་ཁག་ཏུ་གནས་འཁོད་རྟ་མང་བའི་ལོ་སར་ཡིན་པ་དང་ལོ་སར་ཚེས་༡་ནས་རྟ་མང་བ་ཚོར་དུས་སྐབས་གསར་པ་ཞིག་འགོ་ཚུགས། རྟ་མང་བ་ནི་བལ་ཡུལ་དབུས་ཕྱོགས་ཀྱི་མཐོ་ས་ཁག་དང་རྒྱལ་ས་ཀ་ཐ་མན་རྡུ་བཅས་སུ་འཚོ་གནས་བྱེད་པའི་མི་རིགས་ཤིག་ཡིན་པ་དང་བལ་ཡུལ་གྱི་མི་འབོར་གྱི་བརྒྱ་ཆའི་༨་ཟིན། ཁོ་ཚོར་རང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ཞིག་ཡོད་པར་མ་ཟད། རྟ་མང་ཞེས་པའི་ཚིག་གི་འབྱུང་ཁུངས་དེ་གསལ་པོ་མེད་ཀྱང་རྟ་འཚོང་རྒྱག་མཁན་དང་རྟ་པར་གོ་དགོས། དུས་ཀྱི་འགྱུར་ལྡོག་དང་བསྟུན་ནས་རྟ་མང་བ་རྣམས་རྒྱ་གར་དང་འབར་མ་སོགས་སུ་གནས་སྤོར་བྱུང་། རྟ་མང་བའི་ཡུལ་སྲོལ་གོམས་གཤིས་རྣམས་བལ་པོ་བྱིངས་ཀྱི་སྲོལ་རྒྱུན་དང་མི་འདྲ་བར་ཐ་དད་ཅིག་རེད། ཁོ་ཚོ་བོད་དམ། རྒྱ་ནག་གི་ལོ་ཐོའི་རྗེས་སུ་འབྲང་གི་ཡོད་པས་རྟ་མང་བའི་ལོ་སར་ཡང་དགུན་གྱི་ཟླ་བ་གཉིས་པའི་ནང་དུ་ཁེལ་གྱི་ཡོད་ཅིང་། རྟ་མང་བ་ཚོར་བྱི་བ་གླང་སྟག་ཡོས་འབྲུག་སྤྲུལ་སོགས་ལོ་རྟགས་མ་འདྲ་བ་༡༢་འདུག རྟ་མང་བའི་ལོ་སར་ནི་དུས་ཡུན་བདུན་ཕྲག་གཅིག་ལ་རོལ་གྱི་འདུག་ཅེས་གནས་ཚུལ་སྤེལ། བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོས་རྟ་མང་ཞེས་པའི་ཚིག་གི་གོ་དོན་ནི་རྟ་དམག་རེད། སྔོན་ཆད་བོད་ཀྱི་བཙན་པོའི་དུས་སུ་མཐའ་མཚམས་སྲུང་བའི་རྟ་དམག་བཏང་སྟེ་གཞིས་ཆགས་པའི་སྐྱ་དམག་ལ་རྟ་དམག་ཅེས་འབོད་ཀྱང་ཕྱིས་སུ་སྒྲ་ཉམས་ནས་རྟ་མང་དུ་གྱུར་པ་རེད་ཅེས་འགྲེལ།།

ཕྱི་ཟླ་དང་པོའི་ཚེས་༢༢་ཉིན་བལ་ཡུལ་གྱི་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་གནས་ཚུལ་ཐོན་པ་ལྟར་ན། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ལོ་ཐོ་ལྟར་རྟ་བ་མང་ཚོས་བལ་ཡུལ་རྒྱལ་ཡོངས་སུ་སོ་ནམ་ལོ་སར་ལ་དགའ་སྟོན་བྱེད་ཀྱི་འདུག འདི་ནི་འཇམ་དཔལ་དབྱངས་ཀྱི་ལོ་ཐོ་གཞི་བཟུང་བྱས་ན་བོད་ལོ་༢༨༥༩་པ་རེད། རྟ་མང་བ་ཚོར་སྟག་གི་ལོ་དེ་མཇུག་བསྒྲིལ་ནས་ཡོས་ཀྱི་ལོ་དེ་གསར་དུ་ཤར། བལ་ཡུལ་གྱི་རྒྱལ་ས་དང་འཕགས་པ་ཤིང་ཀུན། བྱ་རོང་ཁ་ཤོར་དང་ས་གནས་འདྲ་མིན་དུ་རྟ་མང་བ་ཚོས་གཟབ་འཕྱོར་སྤྲས་ཏེ་དགོན་པ་དང་ལྷ་ཁང་ཁག་ལ་མཇལ་སྐོར་དུ་བསྐྱོད། ཁོ་ཚོས་ཕན་ཚུན་མགྲོན་འབོད་དང་གཞས་བཏང་སྟེ་བྲོ་འཁྲབ། ཕན་ཚུན་ཆང་འགྱོག་རེས་སོགས་དགའ་སྟོན་གྱི་བྱེད་སྒོ་སྣ་ཚོགས་ཤིག་བཀོད་སྒྲིག་བྱས་འདུག་ཅེས་གནས་ཚུལ་སྤེལ། དེ་བཞིན་འབྲས་ལྗོངས་སུའང་སོ་ནམ་ལོ་སར་གྱི་དགའ་སྟོན་ཚུགས། ཕྱི་ཟླ་དང་པོའི་ཚེས་༢༢་ཉིན་འབྲས་ལྗོངས་ཀྱི་དངུལ་ཁང་ཁག་སྒོ་བརྒྱབ་སྟེ་གུང་སེང་སྤྲད། འབྲས་ལྗོངས་ཀྱི་རང་དབང་ཉིན་རེའི་ཚགས་པར་གྱིས་ཕྱི་ཟླ་དང་པོའི་ནང་དུ་གཞུང་འབྲེལ་གྱི་གུང་སེང་མང་པོ་ཁེལ་གྱི་འདུག དེས་ན་མི་མང་གི་སྔོན་ནས་དངུལ་ཁང་དུ་དངུལ་སྒོར་བཅོལ་དགོས་པ་དང་དངུལ་སྒོར་ལེན་དགོས་པ། དངུལ་ཁང་དུ་བསྐྱོད་ནས་ལས་དོན་བསྒྲུབ་དགོས་པ་ཅི་ཞིག་ཡོད་ཀྱང་གཞུང་འབྲེལ་གུང་སེང་ཡིན་མིན་ལ་བལྟ་གལ་ཆེ་ཞེས་གསར་འགྱུར་སྤེལ་འདུག

ཕྱི་ཟླ་དང་པོའི་ཚེས་༥་ཉིན་བལ་ཡུལ་གི་ཨེ་སི་བྷི་ཨེ་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་སར་གྱི་རྟེན་འབྲེལ་ནི་བོད་པ་དང་འབྲུག་པ། རྒྱ་གར་དང་བལ་ཡུལ་གྱི་ནང་པ་རྣམས། གུ་རོང་བ་དང་རྟ་མང་བ། ཤར་པ་སོགས་ཀྱིས་བྱེད་ཀྱི་རེད། བལ་ཡུལ་ལ་མི་འབོར་ས་ཡ་༣༠་ཡོད་པ་དེའི་ཁོངས་ཀྱི་མི་འབོར་བརྒྱ་ཆ་༩་ནང་པ་ཡིན་ཞིང་། གུ་རོང་བ་ཚོས་ལོ་སར་གྱི་རྟེན་འབྲེལ་བྱེད་སྲོལ་ཡོད་པ་དང་༢༠༢༢་ལོར་གུ་རོང་བའི་ལོ་སར་དེ་ཕྱི་ཟླ་༡༢་པའི་ཚེས་༣༠་ཉིན་ཁེལ་འདུག ཨོ་གླིང་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་རྟ་མང་བ་དང་གུང་རོང་བ་ཚོས་ཀྱང་ལོ་སར་ལ་དགའ་སྟོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། འབུམ་རམས་པ་གུ་རོང་མོ་ཧན་ཞེས་པ་ཞིག་གིས་གུ་རོང་བ་ཚོས་སྤར་ཁ་རྩི་བ་དང་སྤར་ཁ་རེ་སེམས་ཅན་རེས་མཚོན་འདུག གུ་རོང་བའི་ལོ་སར་དུས་སུའང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བ་དང་བཟའ་མི་ལྷན་འཛོམས། སྡེ་མི་མཉམ་འཛོམས་ཀྱིས་དགའ་སྟོན་ཚུགས་ཏེ་རྩེ་མོ་རྩེད། ལོ་ན་རྒན་རབས་པ་ཚོས་ལོ་ཆུང་རྣམས་ཚེ་ཐག་རིང་བའི་སྨོན་འདུན་ཞུ་བ་དང་དགེ་འདུན་པ་ཚོས་མི་མང་རྣམས་བྱིན་གྱིས་རླབས་ནས་ལོ་གསར་པ་དེ་བཀྲ་ཤིས་པ་དང་ཕུན་སུམ་ཚོགས་པ་ཞིག་ཏུ་འགྱུར་རྒྱུའི་རྟེན་འབྲེལ་སྒྲིག་གི་རེད་ཅེས་བཀྲལ།།

ཨོ་གླིང་དུ་གནས་འཁོད་རྟ་མང་བ་བསོད་ནམས་དར་རྒྱས་ཀྱིས་ཏ་མུ་དང་རྟ་མང་གི་ལོ་སར་རྣམས་ཕྱིའི་རྒྱལ་ཁབ་ཁག་ཏུ་སྲུང་བརྩི་བྱེད་ཀྱི་ཡོད་པ་འདིས་རང་གི་རིག་གཞུང་གཞན་ལ་རྒྱུས་སྟོན་བྱེད་པའི་གོ་སྐབས་ཡག་པོ་ཞིག་རེད། ང་ཚོའི་ལོ་སར་དང་ཏ་མུའི་ལོ་སར། རྒྱལ་པོའི་སར་རྣམས་དགའ་སྟོན་བྱེད་སྟངས་གཅིག་མཚུངས་སུ་ངེས། དེ་ནི་བཟའ་མི་ལྷན་འཛོམས་དང་དགའ་ཉེ་ཐུག་འཕྲད་ཀྱིས་ལོ་གསར་པར་སྔུན་བསུ་བའི་དུས་ཆེན་ཞིག་ཡིན། ང་ཚོས་རང་གི་རིག་གཞུང་དང་སྲོལ་རྒྱུན་རྣམས་གཅེས་འཛིན་བྱེད་ཀྱི་ཡོད་ཀྱང་མི་རབས་འགྱུར་རེ་བཞིན་དུ་རིག་གཞུང་དང་སྲོལ་རྒྱུན་ལའང་འགྱུར་བ་ཕྲན་བུ་རེ་ཐེབས་ཀྱི་ངེས་རེད་ཅེས་བཤད། ཨོ་གླིང་གི་ཝིཀ་ཊོ་རི་ཡ་ས་ཁུལ་གྱི་རྟ་མང་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་རྟ་མང་མ་ནི་ཤ་ཞེས་པ་ཞིག་གིས་གསར་འགོད་པར་བཤད་པ་ལྟར་ན། བལ་ཡུལ་དུ་རྟ་མང་བའི་ལོ་སར་གྱི་ཆེད་དུ་བདུན་ཕྲག་འགའ་རེར་ཆོས་ཕྱོགས་ཀྱི་བྱེད་སྒོ་རྣམས་སྤེལ་གྱི་རེད། ང་ཚོས་ཨོ་གླིང་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་རྣམས་སྤེལ་མི་ཐུབ་ཀྱང་ས་གནས་ཀྱི་རྟ་མང་བ་རྣམས་ལོ་ལྟར་མཉམ་དུ་འདུས་ནས་ལོ་སར་གྱི་དགའ་སྟོན་ཚོགས་ཀྱི་ཡོད། ང་ཚོས་བླ་མ་ཞིག་གདན་འདྲེན་ཞུས་ནས་ལོ་སར་གྱི་བྱུང་རབས་ངོ་སྤྲོད། བླ་མའི་དྲུང་ནས་ཆོས་དང་བྱིན་རླབས་ཞུས། ང་ཚོས་རང་གི་ཆས་གོས་གྱོན་ཏེ་གླུ་ལེན་གར་རྩེད་དང་བྲོ་སོགས་འཁྲབ་ནས་ལོ་སར་གྱི་དགའ་སྟོན་ཚུགས་ཀྱི་ཡོད། ད་ལོའི་རྒྱལ་པོའི་ལོ་སར་ནི་ཕྱི་ཟླ་༢་པའི་ཚེས་༢༡་ཉིན་ཁེལ་གྱི་འདུག་ཅེས་བཤད་འདུག

XS
SM
MD
LG