ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་ལ་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆེ་རུ་འགྲོ་བཞིན་པ། 


༄༅།། བལ་ཡུལ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཇེ་མང་དུ་སོང་སྟེ་སྨན་ཁང་ཁག་ནད་པས་ཁེངས། སྲིད་བློན་ཤར་མ་ཨོ་ལིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རོགས་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས། དེང་སྐབས་བལ་ཡུལ་གྱི་མི་གྲངས་༡༠༠༠༠༠་རེའི་ནང་དུ་ཉིན་ལྟར་མི་༢༠་ཐམ་པར་ཏོག་དབྱིབས་ནད་དུག་འགོས་པའི་ནད་རྟགས་ཐོན། འདི་ནི་བདུན་ཕྲག་གཉིས་ཀྱི་སྔོན་དུ་རྒྱ་གར་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པ་ནད་པ་ཐོན་པའི་གྲངས་ཚད་དང་མཉམ། རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་དང་ཟླ་གམ་དམར་པོ་གཉིས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སྔོན་གཟའ་མཇུག་དེར་བལ་ཡུལ་གཞུང་གིས་བརྟག་དཔྱད་བྱས་པའི་མི་དེ་དག་གི་བརྒྱ་ཆ་༤༤་ལ་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན། རྒྱ་གར་དང་མ་འདྲ་བར་བལ་ཡུལ་གཞུང་གིས་མི་གྲངས་ས་ཡ་མང་པོར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་ཐུབ་ཀྱི་མེད་པ་དང་བལ་ཡུལ་ལ་རྒྱ་གར་ལས་ཀྱང་ནད་ཡམས་ཁྱབ་གདལ་ཚབས་ཆེན་ཞིག་འབྱུང་ཉེན་འདུག་ཅེས་བཤད། འདས་པའི་བདུན་ཕྲག་འགའ་ཞིག་ནས་རྒྱ་གར་ལ་འཕྲད་བཞིན་པའི་དཀའ་ངལ་དེར་བསྡུར་ན་བལ་ཡུལ་ལ་སྨན་པ་ཉུང་བ་དང་སྨན་ཁང་ཁག་གི་མཐུན་རྐྱེན་ཞན་པ། བལ་ཡུལ་གྱི་སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་ལམ་ལུགས་དེ་ཉིད་ཚགས་ཚུགས་མེད་པ། བལ་ཡུལ་གཞུང་གིས་བརྟག་དཔྱད་བྱས་པའི་ཁོངས་སུ་ནད་རྟགས་ཐོན་མཁན་ཇེ་མང་དུ་འགྲོ་བཞིན་པ་སོགས་ཀྱིས་བརྟག་དཔྱད་ཡག་པོ་དང་བརྟན་པོ་ཞིག་བྱེད་ཐུབ་ཀྱི་མེད་པའི་རྟགས་མཚན་མངོན། བལ་ཡུལ་གྱི་དུར་ཁྲོད་ཁག་ཏུ་བེམ་པོ་མང་པོ་དུས་གཅིག་དུ་བསྲེག་དགོས་པ་དང་དུར་ས་རྒྱ་བསྐྱེད་དགོས་པ། ཐ་ན་རྒྱལ་ས་ཀ་ཐ་མན་རྡུ་གྲོང་ཁྱེར་ནས་རི་བོ་ཇོ་མོ་གླང་མའི་ལྷོ་འདབས་བར་དུ་བལ་ཡུལ་གྱི་ཕྱོགས་བཞི་མཚམས་བརྒྱད་ལ་ཏོག་དབྱིབས་ནད་དུག་ཁྱབ།།

བལ་ཡུལ་ལ་ཏོག་དབྱིབས་ནད་དུག་བསྐྱར་དུ་ཁྱབ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་མི་ཚོགས་འདུ་འཛོམ་དང་སྲོལ་རྒྱུན་གྱི་དུས་སྟོན་ཁག་ཚུགས་པ། ཆབ་སྲིད་ཀྱི་ལས་འགུལ་སྤེལ་བ་དང་གཉེན་སྟོན་རྒྱས་པོ་བྱས་ནས་མི་ཚོགས་འདུས་པ། མི་དམངས་ཀྱིས་སྤྱི་ཚོགས་རྒྱང་བཀྱེད་ཀྱི་ཁྲིམས་ལ་བརྩི་མེད་བཏང་བ། བལ་ཡུལ་གཞུང་གིས་ནད་ཡམས་ཁྱབ་གདལ་ཐེངས་གཉིས་པ་འདིར་སྔོན་འགོག་བྱ་རྒྱུ་དུས་འགྱངས་སོང་བ་བཅས་ཡིན་ཞིང་། བལ་ཡུལ་གྱི་འཕྲོད་བསྟེན་དང་མི་འབོར་ཞིབ་བཤེར་ལྷན་ཁང་གི་མགྲིན་ཚབ་པ་སྨན་པ་ཨ་དྷི་ཀ་རིས་གསར་འགོད་པར་བཤད་པ་ལྟར་ན། བལ་ཡུལ་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་རྒྱུ་ཉིན་རེ་བཞིན་ཚབས་ཆེ་རུ་འགྲོ་བཞིན་འདུག ནམ་ཞིག་བལ་ཡུལ་ལ་ཏོག་དབྱིབས་ནད་དུག་ཁྱབ་པ་བཀག་སྡོམ་བྱེད་མི་ཐུབ་པའི་ཚད་དེར་ལྷུང་ས་རེད་ཅེས་བཤད། བལ་ཡུལ་གཞུང་གིས་ས་མཚམས་བཀག་པ་དང་རྒྱལ་ནང་དུ་སྒོ་བརྒྱ་བསྡམས་ནས་དོགས་ཟོན་བྱེད་ཀྱི་ཡོད། འོན་ཀྱང་ཉམས་ཞིབ་པ་ཁག་ཅིག་གིས་རྒྱལ་ས་ཀ་ཐ་མན་རྡུ་གཙོས་བལ་ཡུལ་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་ཟིན་ཏེ་ས་མཚམས་བཀག་པ་དང་སྒོ་བརྒྱ་བསྡམས་པ་ཙམ་གྱིས་ཕན་ཐོགས་མེད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་སྟེ། ཟླ་བ་གཅིག་གི་སྔོན་དེར་བལ་ཡུལ་ལ་མི་འབོར་ས་ཡ་༣༡་ཡོད་པ་དེའི་ཁོངས་སུ་ཉིན་རེར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༠༠་ཡས་མས་ལས་མ་ཐོན། ད་ལྟ་བལ་ཡུལ་རྒྱལ་ཡོངས་སུ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༨༦༠༠་རེ་ཐོན། བལ་པོ་ཁག་ཅིག་གིས་ལྷོ་ཕྱོགས་ཀྱི་ས་མཚམས་ཁག་ནས་རྒྱ་གར་ལ་ཁྱབ་ཀྱི་ཡོད་པའི་ངོ་བོ་གཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་བལ་ཡུལ་ལ་ཁྱབ་ཀྱི་འདུག་ཅེས་སྐྱོན་བཙུགས།།

བལ་པོ་ཚོས་ལམ་ཡིག་དང་མཚམས་སྦྱོར་དཔང་ཡིག་སོགས་ཅི་ཡང་སྟོན་མི་དགོས་པར་ས་མཚམས་བརྒལ་ནས་རྒྱ་གར་ལ་ཕར་འགྲོ་ཚུར་འོང་བྱེད་ཆོག་པར་མ་ཟད། རྒྱ་གར་བ་དང་བལ་པོ་མང་དག་ཅིག་གིས་ཕན་ཚུན་གྱི་ས་ཐོག་ཏུ་ཚོང་ལས་གཉེར་གྱི་ཡོད་པས་ལྷོ་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་བར་དུ་འགྲོ་འོང་འགོག་རྒྱུ་ཤིན་ཏུ་དཀའ། སྨན་པ་ཨ་དྷི་ཀ་རིས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཐེངས་གཉིས་པ་ཁྱབ་པའི་རྗེས་སུ་རྒྱ་གར་བ་ཕོན་ཆེན་ཞིག་བལ་ཡུལ་སོགས་རྒྱལ་ཁབ་གཞན་ལ་བར་གསེང་དུ་བྲོས། བལ་ཡུལ་དང་རྒྱ་གར་དབར་གྱི་འགྲིམ་འགྲུལ་ནི་འགོག་མི་ཐུབ་པ་ཞིག་རེད་ཅེས་བསྟན། ཁ་སྔོན་ནས་བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གི་ས་མཚམས་ཀྱི་འགྲིམ་འགྲུལ་དམ་དུ་བཏང་སྟེ་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་ཁག་ཏུ་འཛུལ་སྒོ་༣༥་ཡོད་པ་དེའི་ཁོངས་སུ་བལ་པོའི་སྤྱི་དམངས་རྣམས་འཛུལ་སྒོ་༡༣་གང་རུང་ནས་མ་གཏོགས་རྒྱ་གར་ལ་ཕྱིན་ཏེ་རང་ཡུལ་དུ་ཕྱིར་ལོག་བྱེད་མི་ཆོག་པའི་ཁྲིམས་བསྡམས། རྒྱ་གར་ལ་ཕྱིན་པའི་བལ་པོའི་སྤྱི་དམངས་ཚོར་ས་མཚམས་སུ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་ནས་ནད་རྟགས་མ་ཐོན་པ་རྣམས་རང་ཁྱིམ་དུ་ལོག་ཆོག་པ། ནད་རྟགས་ཐོན་པ་རྣམས་ས་མཚམས་སུ་ཟུར་འགོག་བྱེད་འགོ་ཚུགས། བལ་ཡུལ་གྱི་སྤྱི་དམངས་འཕྲོད་བསྟེན་ཉམས་ཞིབ་པ་སྨན་པ་དྷི་ཤི་ཏས་ནད་ཡམས་སྔོན་འགོག་གི་ལས་ཐབས་དེ་དག་ལག་ལེན་བསྟར་རྒྱུ་འཕྱི་དྲགས་པ་རེད། ཏོག་དབྱིབས་ནད་དུག་བལ་ཡུལ་ལ་ཁྱབ་གདལ་འགྲོ་དང་འགྲོ་བཞིན་པ་རེད་ཅེས་བཀྲལ། རྒྱལ་ས་ཀ་ཐ་མན་རྡུ་ནས་གྲོང་གསེབ་ཁག་ལ་ཕྱིར་ལོག་བྱེད་ཀྱི་ཡོད་པའི་ལས་མི་རྣམས་དང་གྲོང་ཁྱེར་གྱི་ཡུལ་མི་མང་དག་ཅིག་གྲོང་གསེབ་ཁག་ལ་ནད་གཡོལ་དུ་འགྲོ་བཞིན་པ་བཅས་ཀྱིས་ཀྱང་རྒྱལ་ཡོངས་ལ་ནད་དུག་ཁྱབ་གདལ་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༤་པའི་མགོ་སྟོད་དེར་བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལིས་མི་དམངས་ལ་སྒོག་པ་དང་ཨམ་རུད་ཤིང་ཏོག་གི་ལོ་མ་བཟས་ན་ཏོག་དབྱིབས་རིམས་ནད་བཅོས་ཐུབ་ཅེས་ཁུངས་ལུང་མེད་པའི་འུར་སྒྲོགས་བྱས་ཤིང་། སྔ་ལོ་སྲིད་བློན་ཨོ་ལིས་བལ་པོ་ཚོས་རྒྱུན་དུ་བྲོ་རྫས་སྣ་མང་ཞིག་ཟ་བཞིན་ཡོད་པས་བལ་པོའི་ལུས་ལ་ཐུན་མོང་མ་ཡིན་པའི་ནད་འགོག་མ་ལག་ཅིག་གྲུབ་ཡོད་ཅེས་བསྒྲགས། དེར་བརྟེན་ལོ་འདིའི་ཕྱི་ཟླ་༤་པ་ནས་བལ་ཡུལ་གྱི་ས་གནས་ཁག་ཏུ་ཆོས་ལུགས་ཀྱི་དུས་ཆེན་ཁག་ཚུགས་པ་དང་རྒྱ་གར་ལ་གནས་སྐོར་དུ་བསྐྱོད་པ། རྒྱ་གར་གྱི་ཧ་རི་དྷོ་ཝར་ས་གནས་སུ་དུས་ཡུན་ཟླ་བ་གཅིག་ལ་ཧིན་རྡུ་ཆོས་དད་པ་ས་ཡ་༡༢་ལྷག་འདུས་ནས་ཆུ་བོ་གངྒའི་ནང་དུ་ལུས་ཁྲུས་སྒྲིབ་སྦྱང་གི་བྱེད་སྒོར་ཞུགས། བལ་ཡུལ་གྱི་རྒྱལ་པོ་ཟུར་པ་གྷེ་ཉན་དྷ་ར་གཏན་ཞལ་གཉིས་ཀྱང་ཀུམ་བྷུ་མེ་ལ་སྒྲིབ་སྦྱང་དུས་ཆེན་ལ་ཕེབས་ཏེ་ཏོག་དབྱིབས་ནད་དུག་འགོས། སྐབས་དེར་བལ་ཡུལ་དུའང་ཆོས་ལུགས་ཀྱི་དུས་སྟོན་ཆེན་པོ་ཞིག་ཚུགས་ནས་མི་མང་སྟོང་ཕྲག་མང་པོ་གནས་གཅིག་ཏུ་འདུས། བྷག་ཏ་པུར་ས་གནས་སུ་ཆོས་ལུགས་དུས་ཆེན་ཚུགས་ནས་མི་ཚོགས་ཁྲི་ཚོ་འགའ་ཞིག་འདུས་པ་བལ་ཡུལ་གཞུང་གིས་འགོག་ཐབས་བྱས་ཀྱང་མི་མང་གིས་ང་ཚོའི་ཆོས་ལུགས་དུས་ཆེན་ནི་སོ་སོའི་ཚེ་སྲོག་ལས་ཀྱང་རྩ་ཆེན་ཡིན་ཞེས་འགོག་མ་ཐུབ། ཕྱི་ཟླ་༤་པའི་ཚེས་༢༤་ཉིན་བལ་ཡུལ་ལ་ཏོག་དབྱིབས་ནད་དུག་གསར་དུ་འགོས་པའི་ནད་པ་༢༤༠༠་ཐོན་པའི་ཉིན་དེར་སྲིད་བློན་ཤར་མ་ཨོ་ལིས་༢༠༡༥་ལོར་ས་ཡོམ་གྱིས་བཤིག་པའི་དྷར་མ་མཁར་ལྕོག་བསྐྱར་དུ་བཞེངས་པའི་སྒོ་འབྱེད་མཛད་སྒོ་ཚོགས། དེ་ནས་ཉིན་ལྔའི་གཞུག་སྟེ། ཕྱི་ཟླ་༤་པའི་ཚེས་༢༩་ནས་བལ་ཡུལ་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་འཐོན་རྒྱུ་༤༨༠༠་ལྷག་བརྒལ།།

ཕྱི་ཉིན་དེར་བལ་ཡུལ་གྱི་འཕྲོད་བསྟེན་དང་མི་འབོར་ཞིབ་བཤེར་ལྷན་ཁང་གི་མགྲིན་ཚབ་པས་ང་ཚོའི་སྨན་བཅོས་མཐུན་རྐྱེན་གྱིས་ལྟ་སྐྱོང་བྱེད་མི་ཐུབ་པའི་ནད་པའི་གྲངས་འབོར་ཞིག་འཕར་སྣོན་འགྲོ་བཞིན་འདུག སྨན་ཁང་ཁག་ཏུ་ནད་པ་ཚོར་ཉལ་ས་བཀོད་སྒྲིག་དང་སྨན་བཅོས་བྱེད་མི་ཐུབ་པའི་མཚམས་སུ་ལྷུང་གི་འདུག་ཅེས་སྡུག་སྐད་བརྒྱབ། བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་སྲིད་བློན་ཨོ་ལིས་བལ་ཡུལ་གཞུང་གིས་་གང་ཐུབ་ཀྱིས་ནད་ཡམས་སྔོན་འགོག་བྱས་ཀྱང་གླགས་ཁེལ་མ་སོང་། ང་ཚོ་རྟེན་ཅིང་འབྲེལ་བའི་འཇིག་རྟེན་ཞིག་ཏུ་འཚོ་གནས་བྱེད་བཞིན་ཡོད་པས་ནད་ཡམས་འདིས་སུ་གཅིག་ཀྱང་ཚེ་ཐར་ལ་གཏོང་མི་སྲིད། དེས་ན་སུ་གཅིག་ལའང་བདེ་འཇགས་མེད་ཅེས་དབྱིན་སྐད་དུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་རོགས་སྐྱོར་ཞུས། བལ་ཡུལ་ལ་ནད་པ་ཛ་དྲག་ཅན་རྣམས་འཇོག་སའི་ས་མིག་༡༥༩༥་དང་དབུགས་གཏོང་འཕྲུལ་ཆས་༤༨༠་ལས་མེད་ཅིང་། བལ་ཡུལ་ལ་ཏོག་དབྱིབས་ནད་དུག་ཁྱབ་གྱི་ཡོད་པ་འགོག་ཐབས་འབའ་ཞིག་ནི་མི་དམངས་ལ་སྨན་ཁབ་རྒྱག་རྒྱུ་དེ་ཡིན་རུང་བལ་པོའི་མི་འབོར་བརྒྱ་ཆ་༡་ཡས་མས་ཤིག་ལ་མ་གཏོགས་སྨན་ཐུན་གཉིས་ཀའི་འགོག་ཁབ་མ་འདང་། ཨ་མི་རི་ཀར་དབྱིན་ཇིའི་ཨེ་སི་ཊ་ར་ཛེ་ནེ་ཁ་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་སྨན་ཁབ་ས་ཡ་༦༠་ལྷག་འཐོལ་པ་ཡོད་པ་རྣམས་རྒྱལ་ཁབ་༢༠་ཐམ་པར་བགོ་འགྲེམ་བྱེད་ཀྱི་ཡོད་ཀྱང་རྒྱལ་ཁབ་དེ་དག་གི་གྲས་སུ་བལ་ཡུལ་མ་ཚུད། ཨ་རིའི་གཞུང་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་༨་དང་ཕྱེད་ཀ་ཏོག་དབྱིབས་ནད་དུག་སྔོན་འགོག་ལ་འགྲོ་གྲོན་རོགས་རམ་སྤྲོད་རྒྱུའི་ཁས་ལེན་ཐོབ། ཉམས་ཞིབ་པ་ཚོས་མིག་སྔར་བལ་ཡུལ་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པའི་གྲངས་ཚད་ལ་གཞིགས་ཚེ། བལ་ཡུལ་གཞུང་གིས་ཉུང་མཐར་ཡང་རྒྱལ་ཡོངས་སུ་མི་༢༨༥༠༠༠་ཡས་མས་ཤིག་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་འབྱུང་རྒྱུའི་གྲ་སྒྲིག་བྱེད་དགོས་ཀྱི་འདུག་ཅེས་སྔོན་བརྡ་བཏང་འདུག

XS
SM
MD
LG