ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་མཚོ་དམག་གི་དྲུང་ཆེའི་འོས་མིས་རྒྱ་ནག་གི་རྒྱ་སྐྱེད་གླེང་སློང་།


༄༅།། ཨ་རིའི་མཚོ་དམག་གི་དྲུང་ཆེའི་འོས་མི་དེར་མིང་འདོན་བྱས་པའི་ཁེ་ནེ་ཐེ་བྷ་རེ་ཐེ་ཝེ་ཊིས་རང་ཉིད་དངོས་སུ་ཨ་རིའི་མཚོ་དམག་གི་དྲུང་ཆེར་བསྐོ་བཞག་བྱུང་ན་ཨ་རིའི་མཚོ་དམག་གི་འཐབ་རྒོལ་ནུས་པ་ཤུགས་ཆེ་རུ་བཏང་ནས་ལྷོ་རྒྱ་ནག་རྒྱ་མཚོ་དང་འཛམ་གླིང་གི་བྱང་སྣེ་གཙོས་ས་གནས་གཞན་དུ་རྒྱ་ནག་གཞུང་གིས་འོས་འཚམས་མིན་པའི་དཔུང་ཤུགས་རྒྱ་སྐྱེད་གཏོང་བཞིན་པར་ཁ་གཏད་གཅོག་རྒྱུ་ཡིན་ཞེས་བཤད། སྐུ་ཞབས་བྷ་རེ་ཐེ་ཝེ་ཊི་དངོས་སུ་ཨ་རིའི་མཚོ་དམག་གི་དྲུང་ཆེར་བསྐོ་བཞག་བྱ་རྒྱུ་དེར་ཨ་རིའི་གྲོས་ཚོགས་གོང་མས་ཆོག་མཆན་འགོད་དགོས་པ་རེད།།

ཁེ་ནེ་ཐེ་བྷ་རེ་ཝེ་ཊི་ཨ་རིའི་མཚོ་དམག་གི་དྲུང་ཆེར་བསྐོ་བཞག་བྱ་རྒྱུ་མིན་མིན་ལ་ཁ་སང་གཟའ་ཕུར་བའི་ཉིན་ཨ་རིའི་གྲོས་ཚོགས་གོང་མར་ཉན་ཞིབ་ཚོགས་འདུ་ཞིག་ཚོགས། གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཆེན་པོ་འབྱུང་བཞིན་པ་དང་། ཁྱད་པར་དུ་ཨ་རིའི་འཐབ་འཛིང་གནམ་གྲུ་ཁྱེར་སྤྱད་དམག་གྲུ་ཆེན་པོ་རེ་ཟུང་གི་ནང་དུ་ཏོག་དབྱིབས་རིམས་ནད་ཁྱབ་ཡོད་པའི་སྐབས་འདིར་རྒྱ་ནག་གིས་གོ་སྐབས་བཟུང་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་དཔུང་ཤུགས་རྒྱ་སྐྱེད་གཏོང་གི་ཡོད་མེད་དྲིས། བྷ་རེ་ཝེ་ཊིས་ཨ་རིའི་མཚོ་དམག་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་གི་དམག་ཤུགས་ལ་ཁ་གཏད་གཅོག་ཐུབ་པའི་ནུས་ཤུགས་ཆེན་པོ་ཡོད། མཚོ་ཁུལ་དེར་ཨ་རིའི་དམག་གྲུ་༩༠་ལྷག་སྐོར་སྐྱོད་ཀྱིས་མཚོ་དམག་གི་ལས་འགན་སྒྲུབ་བཞིན་ཡོད། དམག་གྲུ་དེ་དག་གི་ནང་དུ་རིམས་ནད་འགོས་ཁྱབ་བྱུང་མེད་ཅེས་ལན་བཏབ་འདུག

ད་ལོའི་སྤྱི་ཟླ་༣་པའི་ཟླ་མཇུག་ཏུ་ཨ་རིའི་རུ་སི་ཝེལ་ཊི་དམག་གྲུ་ཆེན་མོའི་ནང་གི་མཚོ་དམག་ལ་ཏོག་དབྱིབས་རིམས་ནད་འགོས་ནས་འཐབ་འཛིང་གནམ་གྲུ་ཁྱེར་པའི་དམག་གྲུ་དེའི་དེད་དཔོན་གྱིས་མཚོ་དམག་གི་བདེ་སྡུག་ཡིག་ཐོག་ཏུ་བཀོད་ནས་གླེང་བས་གནས་དབྱུང་བཏང་ཞིང་། མཚོ་དམག་གི་དྲུང་ཆེའི་ལས་ཚབ་ཀྱིས་ཀྱང་རང་གི་ལས་གནས་ནས་དགོངས་པ་ཞུ་དགོས་བྱུང་བས་རྒྱ་ནག་གི་དྲྭ་ལམ་ཁག་ཏུ་ཏོག་དབྱིབས་ནད་དུག་གིས་ཨ་རིའི་མཚོ་དམག་གི་ནུས་སྟོབས་ཉམས་དམས་སུ་གཏོང་གི་འདུག་ཅེས་གླེང་སློང་ཆེན་པོ་བྱས་པར་མ་ཟད། རྒྱ་ནག་གི་དམག་མིའི་གྲས་སུའང་གོ་སྐབས་འདི་བཟུང་ནས་རྒྱ་ནག་གིས་ཨ་རིར་དམག་འཁྲུག་རྒྱག་དགོས་ཞེས་སྐུལ་སློང་བྱེད་མཁན་བྱུང་ཡོད་པ་རེད།།

འོན་ཀྱང་ད་ལྟ་གསར་ཏུ་བསྐོ་བཞག་བྱ་སྲིད་པའི་ཨ་རིའི་མཚོ་དམག་གི་དྲུང་ཆེའི་འོས་མི་འདིས་ཨ་རིའི་འཐབ་འཛིང་གནམ་གྲུ་ཁྱེར་པའི་དམག་གྲུ་ཆེན་མོ་དེར་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གནད་དོན་ཐག་གཅོད་བྱས་ཟིན། ཁོང་གིས་ཨ་རིའི་མཚོ་དམག་ལ་རྒྱ་ནག་གི་དཔུང་སྟོབས་དེར་ཁ་གཏད་གཅོག་ཐུབ་པའི་ནུས་ཤུགས་ཡོད། མ་འོངས་པར་རྒྱ་ནག་གིས་ལུགས་མཐུན་མིན་པར་དམག་དོན་རྒྱ་སྐྱེད་བྱེད་ན་དེ་ལ་ངེས་པར་ཏུ་ཁ་གཏད་གཅོག་རྒྱུ་ཡིན་ཞེས་བཤད་འདུག

XS
SM
MD
LG