ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༦/༢༥

ཉི་ཧོང་ལ་ནུབ་ཆིངས་ཀྱི་དོན་གཅོད་ཁང་འཛུགས་རྒྱུ།


༄༅།། ལོ་རྗེས་མར་ཉི་ཧོང་གི་ས་ཐོག་ཏུ་ནུབ་ཆིངས་སྒྲིག་འཛུགས་ཀྱི་དོན་གཅོད་ཁང་ཞིག་སྒོ་འབྱེད་འཆར་ཡོད་པ་ནི་ནུབ་ཕྱོགས་པའི་དམག་དོན་སྒྲིག་འཛུགས་དེས་ཉི་ཧོང་དང་ཟླ་གྲོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་དམ་ཟབ། རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དུ་ནུབ་ཆིངས་ཀྱི་ཤུགས་རྐྱེན་ཁྱབ་སྤེལ་གཏོང་རྒྱུའི་ཆེད་དུ་ཡིན་ཞིང་། ཕྱི་ཟླ་༥་པའི་ཚེས་༣་ཉིན་ཎི་ཀེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ནུབ་ཆིངས་ཀྱིས་ཨུ་རུ་སུ་དམིགས་འབེན་དུ་བཟུང་བའི་ཞོར་དུ་ཨེ་ཤི་ཡའི་ལས་ཁུངས་དེ་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཨོ་གླིང་དང་ནེའུ་ཛི་ལན་ཌི་བཅས་ལ་དམག་དོན་གྱི་འབྲེལ་བ་རྒྱ་སྐྱེད་དང་རྒྱ་ནག་གི་ཉེན་ཁར་གདོང་ལེན་བྱ་རྒྱུའི་ཆེད་དུ་འཛུགས་ཀྱི་ཡོད་པ་རེད་ཟེར། ད་ལོའི་ཕྱི་ཟླ་༧་པའི་ཚེས་༡༡་ནས་༡༢་བར་དུ་ལི་ཐུ་ཝེ་ཎི་ཡའི་རྒྱལ་ས་ཝིལ་ནེ་སི་གྲོང་ཁྱེར་དུ་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་ཆེས་མཐོའི་འགོ་ཁྲིད་ཚོའི་ཚོགས་འདུ་མ་ཚོགས་གོང་དུ་ཉི་ཧོང་དང་ནུབ་ཆིངས་གཉིས་ཀྱིས་མཉམ་འབྲེལ་གྱི་ཚད་གཞི་མཐོ་རུ་གཏོང་བའི་གྲོས་མཐུན་ཞིག་བཞག་སྟེ་དྲྭ་ལམ་གྱི་བདེ་འཇགས་སྲུང་སྐྱོབ་དང་དྲིལ་བསྒྲགས་ལོག་པ་བཀག་འགོག འཕྲུལ་རིག་གི་ཐོན་སྐྱེད་མཚམས་མི་ཆད་པའི་འབད་བརྩོན་བྱ་རྒྱུའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༧་པའི་ཚེས་༡༡་དང་༡༢་གཉིས་ལ་འཚོགས་ཀྱི་ཡོད་པའི་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་ཆེས་མཐོའི་འགོ་ཁྲིད་ཚོའི་ཚོགས་འདུ་དེར་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཨོ་གླིང་དང་ནེའུ་ཛི་ལན་ཌི་བཅས་ཀྱི་འགོ་ཁྲིད་ཚོ་མཉམ་ཞུགས་བྱ་རྒྱུའི་གནས་ཚུལ་ཐོན། ན་ནིང་ཕྱི་ཟླ་༦་པའི་ནང་དུ་ཉི་ཧོང་གི་སྲིད་བློན་ཀི་ཤི་དྷ་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་ཡོན་སུག་ཡོལ། ཨོ་གླིང་གི་སྲིད་བློན་ཨལ་བྷེ་ནི་སི། ནེའུ་ཛི་ལན་ཌིའི་སྲིད་བློན་ཨར་ཌེན་རྣམས་སི་པེན་གྱི་རྒྱལ་ས་མེ་ཌི་རེ་ཌི་གྲོང་ཁྱེར་དུ་ནུབ་ཆིངས་ཀྱི་ཚོགས་འདུར་ཞུགས། སྔ་ལོའི་ཚོགས་འདུ་དེར་ནུབ་ཆིངས་དང་ཨེ་ཤི་ཡ། ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཟླ་གྲོགས་རྒྱལ་ཁབ་ཁག་གི་མཉམ་འབྲེལ་ཚོགས་འདུ་ཞེས་མིང་བཏགས། ཌན་མག་གི་གཞུང་ཚབ་པས་ཉི་ཧོང་ལ་ནུབ་ཆིངས་ཀྱི་དོན་གཅོད་ཁང་ཞིག་གསར་འཛུགས་བྱེད་ཀྱི་ཡོད་པ་ནི་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དུ་ནུབ་ཆིངས་ཀྱི་དོན་གཅོད་ཁང་འཛུགས་འཆར་ཡོད་པའི་དང་པོ་དེ་རེད། དེ་ནི་མཚོན་དོན་ཙམ་མིན་པར་དངོས་སུ་ཉི་ཧོང་དང་ནུབ་ཆིངས་ཀྱི་འབྲེལ་བ་སྲ་བརྟན་གཏོང་ཐུབ་པ་ཞིག་རེད་ཅེས་བསྟན།།

ཌན་མག་གི་གཞུང་ཚབ་པས་མུ་མཐུད་དུ་ཎི་ཀེ་གསར་འགྱུར་ལས་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། ད་ལྟ་ཉི་ཧོང་དུ་བཅའ་སྡོད་ཌན་མག་གི་གཞུང་ཚབ་ཁང་དུ་ནུབ་ཆིངས་ཀྱི་ལས་དོན་རྣམས་སྒྲུབ་ཀྱི་ཡོད། ༢༠༡༠་ལོར་ནུབ་ཆིངས་ཀྱི་འཐབ་ཇུས་གསལ་བསྒྲགས་བྱས་པའི་རྗེས་སུ་འཛམ་གླིང་གི་ས་ཁམས་ཆབ་སྲིད་ལ་འགྱུར་བ་ཆེན་པོ་ཞིག་ཐེབས། ལོ་༡༣་གྱི་སྔོན་དེར་ཨུ་རུ་སུ་ཡང་ནུབ་ཆིངས་ཀྱི་ཟླ་གྲོགས་སུ་འགྱུར་ཐུབ་པའི་ཚོད་དཔག་བྱས་པ་རེད། ན་ནིང་ནུབ་ཆིངས་ཀྱི་ཆེས་མཐོའི་ཚོགས་ཆེན་ཐོག་ཏུ་ཨུ་རུ་སུ་ཟླ་གྲོགས་སུ་འགྱུར་མི་ཐུབ་པ་དང་ཁ་གཏད་པ་ཞིག་ཏུ་བརྩི་རྒྱུའི་ཐག་བཅད། ཉེ་དུས་ཤིག་ནས་རྒྱ་ནག་ཀྱང་སྟོབས་ཤུགས་རྒྱས་ཏེ་ཨེ་ཤི་ཡ་དང་ཡུ་རོབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཞིག་ཏུ་འགྱུར་སྲིད་པའི་རྟགས་མཚན་ཐོན། དེས་ན་ཉི་ཧོང་དུ་བཅའ་སྡོད་ནུབ་ཆིངས་ཀྱི་དོན་གཅོད་ཁང་གིས་རྒྱ་གར་དང་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས། དེ་བཞིན་ཨེ་ཤི་ཡའི་རྒྱལ་ཁབ་གཞན་ཁག་ལ་འབྲེལ་བ་ཡར་རྒྱས་གཏོང་འཆར་ཡོད་ཅེས་བཤད་འདུག

ཉི་ཧོང་གི་ཀེ་ཨོ་སློབ་གྲྭ་ཆེན་མོའི་ཟུང་འབྲེལ་སློབ་དཔོན་ཚུ་རོ་ཨོ་ཀས་སྔ་ལོ་ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་ནུབ་ཆིངས་ཀྱིས་རྒྱ་ནག་ལ་འཛིན་པའི་ལྟ་སྟངས་འགྱུར། རྒྱ་ནག་ནི་ཁ་གཏད་རྒྱལ་ཁབ་ཉེན་ཁ་ཅན་ཞིག་ཡིན་པར་མ་ཟད། རྒྱ་ནག་གིས་ཨུ་རུ་སུར་རྒྱབ་སྐྱོར་བྱ་རྒྱུ་མཚམས་མི་འཇོག འདི་ནི་ཡུ་རོབ་ཀྱི་བདེ་འཇགས་ལ་ཐད་ཀར་འབྲེལ་བ་ཆགས་ཡོད། ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཉི་ཧོང་ལ་འཚམས་འདྲིར་ཕེབས་པའི་སྐབས་དེར་རྒྱ་ནག་གིས་ཨུ་རུ་སུར་རྒྱབ་སྐྱོར་དང་མཉམ་འབྲེལ་བྱེད་ཀྱི་ཡོད་པ་ནི་ཉེན་ཁ་ཞིག་ཡིན་པའི་ནན་བརྗོད་ལན་མང་བྱུང་། ནུབ་ཆིངས་ཀྱི་དོན་གཅོད་ཁང་ཞིག་ཉི་ཧོང་དུ་བཙུགས་ན་དོན་སྙིང་ཆེན་པོ་ཡོད། ནུབ་ཆིངས་ཀྱིས་རྒྱ་ནག་སོགས་ལ་ཉི་ཧོང་གི་མིག་ལམ་ནས་བལྟ་བར་འགྱུར་ཞེས་བཀྲལ། ཁ་སང་གཟའ་ལྷག་པའི་ཉིན་ནུབ་ཆིངས་ཀྱི་མགྲིན་ཚབ་པས་ཉི་ཧོང་ནི་གལ་འགངས་ཆེན་པོ་ཡིན། ནུབ་ཆིངས་ཀྱི་ཟླ་གྲོགས་ཀུན་གྱི་ནང་ནས་ཉི་ཧོང་ལས་འབྲེལ་བ་དམ་ཟབ་དང་སྟོབས་ཤུགས་ལྡན་པ་སུ་ཡང་མེད། ཡུཀ་རེན་ལ་རྒྱབ་སྐྱོར་དང་བཙན་དབང་རིང་ལུགས་ཀྱི་སྲིད་གཞུང་ཁག་གི་ཉེན་ཁ་འགོག་པར་ཉི་ཧོང་དང་ནུབ་ཆིངས་གཉིས་ལྟ་གྲུབ་དང་ཁེ་ཕན། བློ་འཚབ་བྱ་ཡུལ་རྣམས་གཅིག་པ་ཡིན། ཉི་ཧོང་དང་ནུབ་ཆིངས་ཀྱི་ཟླ་གྲོགས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཅེས་གསལ་བསྒྲགས་སྤེལ།།

ཕྱི་ཟླ་༥་པའི་ཚེས་༤་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ནུབ་ཆིངས་ཤར་ཕྱོགས་སུ་རྒྱ་སྐྱེད་ཀྱི་ཡོད་པར་རྒྱ་ནག་གིས་དོགས་ཟོན་བྱ་དགོས་པར་གྱུར། རྒྱ་ནག་གིས་ཨེ་ཤི་ཡ་ནི་ས་ཁམས་ཆབ་སྲིད་ཀྱི་འཐབ་རྩོད་བྱ་ཡུལ་ཞིག་ལ་འགྱུར་དུ་འཇུག་མི་ཉན་ཞེས་གསལ་བསྒྲགས་སྤེལ། ཉམས་ཞིབ་པ་ཚོས་ཉི་ཧོང་གི་ས་ཐོག་ཏུ་ནུབ་ཆིངས་ཀྱི་དོན་གཅོད་ཁང་བཙུགས་ནས་ཉི་ཧོང་ནུབ་ཕྱོགས་ཀྱི་དམག་དོན་སྒྲིག་འཛུགས་དེའི་ཚོགས་འཐུས་སུ་འགྱུར་ཐུབ་རྒྱུ་དཀའ་བར་སྣང་། ཡིན་ནའང་རྒྱ་ནག་དང་བྱང་ཀོ་རི་ཡ། ཨུ་རུ་སུ་བཅས་ཀྱིས་དམག་འཁྲུག་སློང་སྲིད་པའི་ཉེན་ཁ་ཟློག་ཐབས་སུ་ནུབ་ཆིངས་ཀྱིས་ཨེ་ཤི་ཡར་ཆབ་སྲིད་དང་བདེ་འཇགས་སྲུང་སྐྱོབ་ཀྱི་འབྲེལ་བ་ཟབ་ཏུ་གཏོང་གི་ཡོད་པ་མངོན་གསལ་རེད་ཅེས་གླེང་། ཝ་སེ་ཎ་སློབ་གྲྭ་ཆེན་མོའི་ཆབ་སྲིད་དང་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་ཤི་གྷེ་མུ་རས་རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ན་ཡུ་རོབ་རྒྱལ་ཁབ་ཁག་ཨ་རི་དང་ཉི་ཧོང་གི་རྒྱབ་རྩར་ལང་རྒྱུ་ཡིན་མིན་མི་ཤེས་ཞེས་བཤད་པའི་གནས་ཚུལ་ཐོན།།

ཉི་ཧོང་གི་རྒྱལ་ས་ཀྲོག་ཀིའོ་ལ་ཚུགས་ཡོད་པའི་ཊེམ་པལ་སློབ་གྲྭ་ཆེན་མོའི་ཨེ་ཤི་ཡའི་ཞིབ་འཇུག་ཁང་གི་ཟུང་འབྲེལ་འགན་འཛིན་དྷུ་ཇཱ་རིག་གིས་ཉི་ཧོང་དང་ནུབ་ཆིངས་ཀྱི་འབྲེལ་ཟབ་ཏུ་བཏང་ཚེ། ཉི་ཧོང་གིས་ཡུ་རོབ་རྒྱལ་ཁབ་ཁག་ལ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་ནི་ཡུ་རོབ་རྒྱལ་ཁབ་ཁག་ལ་འབྲེལ་བ་ཡོད་པ་ར་སྤྲོད་བྱེད་ཐུབ་རྒྱུར་ཕན་ཐོགས་འདུག ཉི་ཧོང་གིས་འཛམ་གླིང་གི་བདེ་འཇགས་སྲུང་སྐྱོབ་ལ་ལེགས་སྐྱེས་འབུལ་ཡི་ཡོད། ཉི་ཧོང་གི་ས་ཐོག་ཏུ་ནུབ་ཆིངས་ཀྱི་དོན་གཅོད་ཁང་གསར་འཛུགས་བྱེད་ཀྱི་ཡོད་པ་ནི་འཛམ་གླིང་གི་ས་ཕྱོགས་འདིར་ཉེན་ཁ་ཡོད་པ་སྟོན་ཐབས་རེད། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་དང་ཡར་རྒྱས་གཏོང་རྒྱུ་ཤུགས་ཆེ་རུ་སོང་། རྒྱ་ནག་དང་བྱང་ཀོ་རི་ཡ། ཨུ་རུ་སུ་གསུམ་ལ་ནུབ་ཆིངས་ཀྱི་གདོང་ལེན་བྱ་དགོས། ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་མ་ཡིན་པའི་གྲས་ནས་ཉི་ཧོང་ནི་ཨ་མི་རི་ཀའི་མཐུན་གྲོགས་བླ་ན་མེད་པ་དེ་རེད། ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཅིག་གིས་ཉི་ཧོང་གི་ས་ཐོག་ཏུ་ནུབ་ཆིངས་ཀྱི་དོན་གཅོད་ཁང་འཛུགས་རྒྱུ་དེར་ངོ་རྒོལ་དང་སྐྱོན་བརྗོད་བྱེད་སྲིད་ཅེས་སྨྲས།།

ད་ལོའི་ཕྱི་ཟླ་དང་པོའི་ཟླ་མཇུག་ཏུ་ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་ཉི་ཧོང་ལ་འཚམས་འདྲིར་ཕེབས་ཏེ་སྲིད་བློན་ཀི་ཤི་དྷར་གྲོས་སྡུར་བྱས་ནས་ནུབ་ཆིངས་ཀྱི་དོན་གཅོད་ཁང་འཛུགས་རྒྱུའི་གྲོས་མཐུན་བྱུང་། ཉེ་ཆར་ཕྱི་ཟླ་༤་པའི་ཟླ་དཀྱིལ་དུ་ནུབ་ཆིངས་ཀྱིས་རང་གི་ཚོགས་འཐུས་རྒྱལ་ཁབ་༣༡་ལ་ཉི་ཧོང་གི་ས་ཐོག་ཏུ་ཨེ་ཤི་ཡའི་དོན་གཅོད་ཁང་ཞིག་འཛུགས་དགོས་མིན་བསམ་འཆར་འདྲི་ཞིབ་ཀྱི་བརྡ་ཐོ་བཀྲམ། ཚོགས་འཐུས་རྒྱལ་ཁབ་ཁག་གིས་ལོ་རྗེས་མར་ཉི་ཧོང་གི་ས་ཐོག་ཏུ་ནུབ་ཆིངས་ཀྱི་དོན་གཅོད་ཁང་འཛུགས་དགོས་ཞེས་ཐག་བཅད། ནུབ་ཆིངས་ཀྱི་དོན་གཅོད་ཁང་གི་ལས་ཁུངས་དེ་ཉི་ཧོང་གཞུང་གི་བཀོད་སྒྲིག་བྱེད་པའམ། ཡང་ན་ནུབ་ཆིངས་ཀྱིས་ཁང་པ་གླ་དགོས་མིན་ཐད་ད་དུང་ཐག་ཆོད་མེད་ཅིང་། ནུབ་ཆིངས་ལ་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དང་ཡུ་རོབ་རྒྱལ་ཁབ་ཨོ་སི་ཊི་རི་ཡའི་རྒྱལ་ས་ཝི་ཡ་ན། འཇོར་ཇཱི་ཡ་དང་ཡུཀ་རེན། བྷོ་ཛི་ཎི་ཡ་དང་ཧར་ཛ་གྷོ་ཝི་ན། མོལ་ཌོ་ཝ་དང་ཁུ་ཝེ་ཐེ་བཅས་སུའང་དོན་གཅོད་ཁང་བཙུགས།།

ཎི་ཀེ་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། གོང་གི་གནས་ཚང་རྒྱལ་ཁབ་དེ་དག་གིས་ནུབ་ཆིངས་ལ་དོན་གཅོད་ཁང་འཛུགས་སའི་ཁང་པ་མཁོ་སྤྲོད་བྱས་འདུག གལ་སྲིད་ཉི་ཧོང་གཞུང་གིས་འགྲོ་གྲོན་བཏང་ནས་རང་གི་ས་ཐོག་ཏུ་ནུབ་ཆིངས་ལ་དོན་གཅོད་ཁང་བཙུགས་ན་ཕྱོགས་གཉིས་ཀྱི་འབྲེལ་བ་ཚད་རིམ་གསར་པ་ཞིག་ཏུ་བསླེབས་པ་མཚོན་ཐུབ། ཉི་ཧོང་དང་ནུབ་ཆིངས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་འདོད་ཡོད་པ་ནི་གཉིས་མོས་རེད། ཉི་ཧོང་གིས་བྷེལ་ཇམ་གྱི་རྒྱལ་ས་བྷ་ར་སིལ་སི་གྲོང་ཁྱེར་དུ་བཅའ་སྡོད་ཉི་ཧོང་གི་གཞུང་ཚབ་ཁང་མ་ཡིན་པར་ནུབ་ཆིངས་སྒྲིག་འཛུགས་སུ་བཅའ་སྡོད་ཉི་ཧོང་གི་གཞུང་ཚབ་ཁང་ཞིག་ལོགས་སུ་འཛུགས་རྒྱུ། དེང་སྐབས་བྷེལ་ཇམ་དུ་བཅའ་སྡོད་ཉི་ཧོང་གཞུང་ཚབ་ཁང་གིས་ཡུ་རོབ་མཉམ་འབྲེལ་ལ་འབྲེལ་བ་དང་ནུབ་ཆིངས་ལ་འབྲེལ་བ། བྷེལ་ཇམ་གཞུང་ལ་འབྲེལ་བ་བཅས་ལས་དོན་སྣ་མང་ཞིག་ལྕོགས་ཀྱི་མེད་པས་ཉི་ཧོང་གཞུང་གིས་ནུབ་ཆིངས་ཀྱི་དབུས་སྤྱི་ཁྱབ་ཁང་དུ་བཅའ་སྡོད་ཉི་ཧོང་གི་གཞུང་ཚབ་ཁང་གསར་པ་ཞིག་འཛུགས་རྒྱུའི་ཐག་གཅོད་བྱུང་བའི་གནས་ཚུལ་ཐོན་འདུག

XS
SM
MD
LG