ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨུ་རུ་སུའི་དམག་མི་༧༠༠༠་ནས་༡༥༠༠༠་ཙམ་ཡུཀ་རེན་དུ་བསད་སྐད།


༄༅།། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་ནས་ཟླ་བ་གཅིག་འཁོར་བའི་སྐབས་འདིར་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཨུ་རུ་སུའི་དམག་མི་༧༠༠༠་ནས་༡༥༠༠༠་ཙམ་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་འདུག་ཅེས་རགས་རྩིས་ཀྱི་གནས་ཚུལ་ཞིག་སྤེལ། མདའ་དགོང་གཟའ་ལྷག་པའི་དགོང་མོར་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཕུ་ཊིན་གྱིས་ཨུ་རུ་སུའི་དམག་ལ་རྒྱལ་ཁ་འཕྲལ་མྱུར་དུ་འཐོབ་རྒྱུའི་རྩིས་བརྒྱབ་ཀྱང་ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་དྲག་པོ་བྱས་ནས་མི་ལ་བསད་རྨས་ཚབས་ཆེན་བྱུང་། ཟླ་བ་གཅིག་གི་ནང་དུ་ཨུ་རུ་སུའི་དམག་ལ་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་བྱུང་བའི་གྲངས་འབོར་ནི་༡༩༧༩་ནས་༡༩༨༩་བར་དུ་ཨུ་རུ་སུའི་དམག་གིས་ཨབ་གྷ་ཎི་སི་ཐན་ལ་བཙན་འཛུལ་བྱས་ནས་ལོ་བཅུར་དམག་འཁྲུག་བརྒྱབ་པའི་སྐབས་སུ་དམག་མིའི་ཚེ་སྲོག་ཤོར་བའི་གྲངས་འབོར་ལས་ཀྱང་མང་བ་རེད། ང་ཚོའི་རགས་རྩིས་ཀྱི་གནས་ཚུལ་འདི་ཡུཀ་རེན་གྱི་གཞུང་གིས་ཕྱིར་བསྒྲགས་བྱས་པའི་གཞི་གྲངས་ཁག་ལ་ཁུངས་གཏུགས་ཡོད་ཅེས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་མཐོ་རིམ་དམག་དོན་མི་སྣ་ཞིག་གིས་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག ཡུཀ་རེན་གྱི་དམག་ལ་འཆི་རྨས་ཅི་ཙམ་ཕོག་མིན་གྱི་གྲངས་འབོར་གསལ་པོ་ཞིག་ཕྱིར་བསྒྲགས་བྱེད་ཀྱི་མེད་ཀྱང་བདུན་ཕྲག་གཉིས་ཀྱི་སྔོན་དེར་སྲིད་འཛིན་ཛེ་ལན་སི་ཀིའི་གཏམ་བཤད་སྐབས་སུ་ཡུཀ་རེན་གྱི་དམག་མི་༡༣༠༠་ཡས་མས་ཤིག་གི་ཚེ་སྲོག་ཤོར་སོང་ཞེས་བསྒྲགས། ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཡུ་རོབ་གླིང་ལ་གཏན་ནས་བྱུང་མྱོང་མེད་པའི་དམག་འཁྲུག་ཆེན་པོ་ཞིག་ལངས།།

ཕྱི་ཟླ་༣་པའི་ཚེས་༢༢་ཉིན་ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་ཕྱོགས་གཏོགས་ཀོམ་སོ་མོལ་སི་ཀ་ཡ་པ་རཱབ་དྷ་ཞེས་པའི་གསར་ཤོག་གི་དྲྭ་ལམ་དུ་གནས་ཚུལ་བཀོད་པ་ལྟར་ན། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་༡༠༠༠༠་མ་ཟིན་ཙམ་ལ་སྲོག་སྐྱོན་ཕོག རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་ཀོམ་སོ་མོལ་སི་ཀ་ཡ་པ་རཱབ་དྷ་གསར་ཤོག་ལ་ཁུངས་གཏུགས་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་༩༨༦༡་ལ་སྲོག་སྐྱོན་དང་དམག་མི་༡༦༡༥༣་ལ་རྨས་སྐྱོན་ཕོག་འདུག་ཅེས་གནས་ཚུལ་ཁ་སྣོན་སྤེལ། དེ་ནས་ཅང་མ་འགོར་པར་ཀོམ་སོ་མོལ་སི་ཀ་ཡ་པ་རཱབ་དྷ་གསར་ཤོག་གི་དྲྭ་ཚིགས་སུ་ང་ཚོའི་དྲྭ་རྒྱའི་ནང་དུ་དྲྭ་ཇག་འཛུལ་ནས་གསར་འགྱུར་རྫུན་མ་སྤེལ་འདུག ང་ཚོས་འཕྲལ་དུ་གནས་ཚུལ་བདེན་པ་མིན་པ་དེ་བསུབས་པ་ཡིན་ཞེས་མཆན་ཞིག་བཀོད། འདས་པའི་བདུན་ཕྲག་བཞིའི་རིང་ཨུ་རུ་སུའི་གཞུང་གིས་རང་དབང་གི་གསར་འགྱུར་ལས་ཁང་ཁག་སྒོ་བརྒྱབ། ཡུཀ་རེན་གྱི་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་དང་གཞུང་གི་སྲིད་ཇུས་ལ་མི་མཐུན་པའི་གསར་འགྱུར་སྤེལ་མཁན་ཚོར་ལོ་བཅོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་གཅོད་ཆོག་ཅེས་བཅའ་ཁྲིམས་གཏན་ལ་ཕབ། ཀོམ་སོ་མོལ་སི་ཀ་ཡ་པ་རཱབ་དྷ་གསར་ཤོག་གི་གསར་འགོད་པ་ཨ་ལིཀ་ཟན་ཌར་གྷ་མོབ་ཀྱིས་ང་ཚོས་ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོར་ཁ་པར་བཏང་སྟེ་བཅར་འདྲི་ཞུས་པའི་སྐབས་དེར་དྲྭ་ལམ་དུ་དྲྭ་ཇག་འཛུལ་ནས་གསར་འགྱུར་རྫུན་མ་སྤེལ་བ་རེད། ཡིན་ནའང་གསར་འགྱུར་དེ་ཡིག་ཚགས་ནང་དུ་བཅུག་ཡོད་ཅེས་བཀྲལ། ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཚོས་ཕུ་ཊིན་གྱིས་ཨུ་རུ་སུའི་དམག་དཔུང་འབུམ་༡་དང་ཕྱེད་ཀ་ལྷག་ཡུཀ་རེན་གྱི་ཤར་ལྷོ་བྱང་གསུམ་དུ་བཀྲམ་པ་དེའི་དམག་དཔུང་བརྒྱ་ཆ་༡༠་ལྷག་གི་འཐབ་འཁྲུག་ནུས་པ་ཉམས་འདུག ཨུ་རུ་སུའི་དམག་རྣམས་དཔའ་ཞུམ་སྟེ་གཉའ་ཆག་འདུག་ཅེས་བསྟན།།

ཡུཀ་རེན་ལ་བཙན་འཛུལ་བྱུང་ནས་ཟླ་བའི་གཅིག་འཁོར་བའི་དུས་སྐབས་འདིར་སྲིད་འཛིན་ཛེ་ལན་སི་ཀིས་འཛམ་གླིང་མི་དམངས་ཀྱིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས། དམག་འཁྲུག་འདི་རང་དབང་ལ་དགའ་བའི་འཛམ་གླིང་མི་དམངས་ལ་ཆག་སྒོ་ཆེན་པོ་ཞིག་ཏུ་གྱུར་སོང་། རྣམ་པ་ཚོ་ཐང་ཆེན་ཁག་དང་སྲང་ལམ་ཁག་ཏུ་ཐོན་ནས་དམག་འཁྲུག་ལ་ངོ་རྒོལ་དང་ཡུཀ་རེན་ལ་རྒྱབ་སྐྱོར་བྱོས། མི་དམངས་རྣམས་གནད་འགག་ཆེན་པོ་ཡིན། རང་དབང་གནད་འགག་ཆེན་པོ་ཡིན། ཞི་བདེ་གནད་འགག་ཆེན་པོ་ཡིན། ཡུཀ་རེན་གནད་འགག་ཆེན་པོ་ཡིན་ཞེས་དབྱིན་སྐད་དུ་སྔོན་ནས་སྒྲ་འབེབས་བྱས་པའི་བརྙན་ཐུང་ཞིག་བཀྲམ། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་གྱི་དམག་ལ་དེང་རབས་ཅན་གྱི་མཚོན་ཆ་སྤྲད། ཨུ་རུ་སུའི་དམག་ལ་ཕམ་ཉེས་ཆེན་པོ་འབྱུང་གི་ཡོད་པས་སྲིད་འཛིན་ཕུ་ཊིན་འུ་ཐུག་སྟེ་སི་རི་ཡ་དང་ཆེ་ཆི་ཎི་ཡར་གཏོར་རྒོལ་བྱས་པ་ལྟར་ཡུཀ་རེན་གྱི་གྲོང་ཁྱེར་ཁག་དང་མི་མང་དཀྱུས་མ་གནས་སྡོད་བྱ་ཡུལ་ཁག་ལ་གཏོར་རྒོལ་བྱས་ནས་ཐལ་བའི་རྡུལ་དུ་བརླགས། ཨ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་ཕྱི་ལོགས་ཀྱི་སྤྱི་ལེ་༡༥་ནས་༢༠་ཡས་མས་ཤིག་གི་མཚམས་སུ་བཙན་ས་བཟུང་ནས་བསྡད་འདུག ཁོ་ཚོས་ཡུཀ་རེན་གྱི་དམག་ལ་ཕར་རྒོལ་བྱས་ནས་མདུན་སྐྱོད་བྱེད་ཐུབ་ཀྱི་མི་འདུག ཨུ་རུ་སུའི་དམག་དཔུང་གིས་མདུན་སྐྱོད་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་མཐོང་གི་མི་འདུག རྒྱལ་ས་ཀིབ་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་དམག་དཔུང་མཐར་སྐྲོད་བཏང་བའི་གནས་ཚུལ་འབྱུང་གི་འདུག ཡུཀ་རེན་གྱི་ཤར་ཕྱོགས་གྱེན་ལོག་པའི་མངའ་ཁུལ་ཌོ་ནེ་ཛིཀ་དང་ལུ་ཧན་ཛིཀ་ས་གནས་གཉིས་ལ་ཨུ་རུ་སུའི་དམག་གིས་སྲུང་སྐྱོབ་བྱས་ནས་ཡུཀ་རེན་གྱི་དམག་དཔུང་ནུབ་ཕྱོགས་སུ་མདུན་སྐྱེད་བྱེད་དུ་འཇུག་གི་མི་འདུག་ཅེས་བཤད།།

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་ཡུཀ་རེན་གྱི་དམག་ས་ཁག་ཏུ་བྱུས་ཉེས་ཆེན་པོ་བྱུང་། ཡུཀ་རེན་གྱི་མི་དམངས་རྣམས་སྙིང་སྟོབས་མ་ཞུམ་པ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་་ཤུགས་ཆེ་རུ་གཏོང་གི་ཡོད་པས་ཨུ་རུ་སུས་རྡུལ་ཕྲན་མཚོན་ཆས་སྡིགས་ར་བསྐུལ། གཟའ་ལྷག་པའི་ཉིན་ཨུ་རུ་སུའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་ང་ཚོས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱེད་ན་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པ་འགོག་ཐུབ། ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ལ་ཉེ་རྒྱང་གང་དུ་ཡིན་རུང་ཕ་རོལ་པོ་སྐད་ཅིག་ཉིད་དུ་རྩ་བརླག་གཏོང་ཐུབ་པའི་སྟོབས་ཤུགས་ཡོད་ཅེས་འཇིགས་སྣང་བསྐུལ། ཨ་མི་རི་ཀས་གཞུང་འབྲེལ་མི་སྣ་ཚོས་ཨུ་རུ་སུ་ལ་ཕམ་ཉེས་འབྱུང་གི་ཡོད་པའི་སྐབས་དེར་གཏོར་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་བ་དང་ཤུགས་ཆུང་དུ་གཏོང་བ། ཕ་རོལ་པོར་རྡུལ་ཕྲན་མཚོན་ཆས་སྡིགས་བསྐུལ་བྱས་ནས་མགོ་སྒུར་དུ་འཇུག་པའི་འཐབ་ཇུས་ཤིག་འཛིན་སྲོལ་ཡོད་པ་རེད་ཅེས་བཤད། འོན་ཀྱང་ཨུ་རུ་སུས་ངོ་མར་ཡུཀ་རེན་ལ་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་བྱེད་ན་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་ལན་པ་ཇི་ལྟར་སློག་རྒྱུ་ཡིན་མིན་གསལ་བཀྲོལ་མ་བྱུང་། ཁ་སང་གཟའ་ལྷག་པའི་ཉིན་ཡུ་རོབ་མཉམ་འབྲེལ་གྱིས་སླར་ཡང་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༥་དང་ཕྱེད་ཀའི་དཔལ་འབྱོར་རོགས་རམ་སྤྲོད་རྒྱུའི་ཐག་བཅད། དེ་རིང་གཟའ་ཕུར་བུའི་ཉིན་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་གཏོང་ཐབས་དང་ཨུ་རུ་སུའི་ཉེན་ཁར་གདོང་ལེན་བྱེད་ཕྱོགས་ཀྱི་གྲོས་མོལ་བྱས་འདུག

ཨུ་རུ་སུའི་མི་དམངས་དང་གཞུང་གཉེར་གསར་འགྱུར་ལས་ཁང་གི་མདོ་འཛིན་པ་དང་གསར་འགོད་པ། དེ་བཞིན་གསར་འགྱུར་ལས་ཁང་དེ་དག་གི་ལས་བྱེད་པ་ཚོས་དམག་འཁྲུག་ལ་ངོ་རྒོལ་བྱས་ཏེ་རང་རང་གི་ལས་གནས་ཁག་ནས་དགོངས་པ་ཞུས། ད་ལྟའི་བར་དུ་ཨུ་རུ་སུའི་གཞུང་གིས་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་མི་ཁྲི་ཚོ་འགའ་ཞིག་འཛིན་བཟུང་བྱས་པར་མ་ཟད། ཨུ་རུ་སུའི་མཐོ་རིམ་མི་སྣ་ཨ་ན་ཊོ་ལི་ཆུ་བྷ་ཡ་སིས་དམག་འཁྲུག་ལ་ངོ་རྒོལ་བྱས་ཏེ་ལས་གནས་ནས་དགོངས་པ་ཞུས་པའི་གནས་ཚུལ་ཐོན། ཕྱི་ཟླ་༣་པའི་ཚེས་༢༠་ཉིན་ཡུཀ་རེན་གྱི་གསང་བའི་ལས་ཁང་གིས་ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་ཁག་ཅིག་གིས་སྲིད་འཛིན་ཕུ་ཊིན་མགོ་རྟིང་སློག་སྟེ་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་དཔལ་འབྱོར་འབྲེལ་བ་སླར་གསོ་བྱ་རྒྱུའི་ལྐོག་གྲོས་བྱེད་ཀྱི་འདུག ཁོ་ཚོས་ཕུ་ཊིན་ལ་དུག་འདྲེན་པའམ། ཡང་ན་གློ་བུར་དུ་ནད་མནར་འབྱུང་བ། དེ་མིན་ན་སྟེས་དབང་གི་བརྡབས་སྐྱོན་བྱུང་སྟེ་ཤི་བ་རེད་ཅེས་འགྲེལ་བཤད་བརྒྱབ་ནས་ཕུ་ཊིན་མེད་པར་གཏོང་རྩིས་བྱེད་ཀྱི་འདུག ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་དེ་ཚོས་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཏེ། ཕུ་ཊིན་གྱི་ནང་འཁོར་གྲས་ཨ་ལིཀ་ཟན་ཌར་བྷོར་ཊི་ཎི་ཀོབ་འགོ་ཁྲིད་གསར་པར་བསྐོ་བཞག་བྱ་རྒྱུའི་གྲོས་སྡུར་བྱེད་ཀྱི་འདུག ཕུ་ཊིན་ལྐོག་གསོད་བྱ་དགོས་ཐུག་ཀྱང་ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་དེ་ཚོར་ཕུ་ཊིན་མེད་པར་གཏོང་འདོད་ཡོད་པ་གསལ་པོ་རེད། ཕུ་ཊིན་གྱིས་ཨུ་རུ་སུའི་དམག་ལ་བྱུས་ཉེས་བྱུང་བ་ནི་བྷོར་ཊི་ཎི་ཀོབ་ཀྱིས་འགོ་ཁྲིད་པའི་དབུས་གསང་བའི་ལས་ཁུངས་རྩིས་ལོག་ཐེབས་པ་རེད། ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱིས་ཡུཀ་རེན་མི་དམངས་ཀྱིས་འགོག་རྒོལ་དྲག་པོ་བྱ་རྒྱུ་ཡིན་པ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཨུ་རུ་སུར་ཉེས་ཆད་གཅོད་རྒྱུ་ཡིན་པ་སྔོན་དཔག་མ་ཐུབ་པ་རེད་ཅེས་སྐྱོན་བཙུགས་སྐད། ཕུར་ཊིན་མེད་པར་གཏོང་བར་ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་དེ་ཚོས་ཡུཀ་རེན་ལ་མཉམ་འབྲེལ་བྱ་ཐབས་བྱེད་ཀྱི་ཡོད་པ་ཡིན་སྲིད། གསང་བའི་གནས་ཚུལ་དེ་ཚོ་ཨུ་རུ་སུའི་གསང་བའི་ལས་དོན་ལ་འབྲེལ་བ་ཡོད་པའི་མི་ཚོས་ཡུཀ་རེན་ལ་མཁོ་སྤྲོད་བྱས་བྱུང་ཞེས་ཡུཀ་རེན་གྱི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་དེའི་ངོ་དེབ་ནང་དུ་གནས་ཚུལ་སྤེལ་འདུག

XS
SM
MD
LG