ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༢༧

འབྲོག་མོ་ཞིག་གི་མིག་ཆུ་དང་བློས་གཏོང་།


བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ཀྱིས་རང་གི་མྱོང་བ་བརྗོད་པའི་སྐབས།
བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ཀྱིས་རང་གི་མྱོང་བ་བརྗོད་པའི་སྐབས།

༄༅།། རྣམ་སྐྱིད་ལགས་ཟླ་བཅུའི་སྔོན་ལ་རང་དབང་ལུང་པར་བཙན་བྱོལ་དུ་འབྱོར་ཡང་རྒྱ་ནག་གི་ཉེན་རྟོག་པ་ཚོས་ཕ་མ་ཙོས་པའི་གཞིས་སུ་ཡོད་པའི་ནང་མི་ཚོར་འཇིགས་སྣང་སྐུལ་བར་བརྟེན། ད་ལྟའི་བར་དུ་རང་གིས་གང་མྱངས་པ་རྣམས་ཕྱི་བསྒྲགས་བྱེད་ཐུབ་མེད་པ་རེད། དེ་ལྟར་རུང་ཕྱིས་སུ་ཀིརྟི་རིན་པོ་ཆེར་མཇལ་ཁ་ཞུས་སྐབས་བོད་ནང་གི་དངོས་ཡོད་གནས་ཚུལ་ཕྱི་བསྒྲགས་བྱེད་རྒྱུ་གལ་ཆེན་ཡིན་པའི་བཀའ་བསྩལ་བ་ལྟར་གསར་འགོད་ལྷན་ཚོགས་དེ་བསྐྱངས་པ་ངོ་སྤྲོད་གནང་སོང་།

རྣམ་སྐྱིད་དང་བསྟན་འཛིན་སྒྲོལ་མའི་ཞི་རྒོལ།
please wait
རྣམ་སྐྱིད་དང་བསྟན་འཛིན་སྒྲོལ་མའི་ཞི་རྒོལ།

No media source currently available

0:00 0:00:10 0:00

རྣམ་སྐྱིད་ལགས་དང་སྤུན་མཆེད་མ་བསྟན་འཛིན་སྒྲོལ་མ་གཉིས་ཀྱིས་སྤྱི་ལོ་༢༠༡༥་ལོའི་ཟླ་༩་བར་བོད་མདོ་སྨད་རྔ་བ་རྫོང་གི་དཔའ་བོའི་སྲང་ལམ་དུ་གཅིག་གིས་༧གོང་ས་མཆོག་གི་སྐུ་པར་དང་། གཅིག་ཤོས་ཀྱིས་ཀིརྟི་རིན་པོ་ཆེའི་སྐུ་པར་བཟུང་ནས་ཞི་བའི་ངོ་རྒོལ་བྱས་ཀྱང་། རྒྱ་ནག་གཞུང་གིས་གཞི་རྩའི་ཆ་ནས་དམ་དྲག་ཆེན་པོ་དང་གནས་ཚུལ་གསང་ཐབས་བྱེད་པ་ལ་བརྟེན་ནས་དུས་ཐོག་ཏུ་གནས་ཚུལ་ཕྱི་ལ་ཐོན་མེད། སྤྱི་ལོ་༢༠༡༦་ལོའི་སྤྱི་ཟླ་༡༡་ཏེ་ལོ་གཅིག་གི་རྗེས་སུ་གཞི་ནས་དཔའ་བོའི་སྲང་ལམ་དུ་ཞི་བའི་ཁྲོམ་སྐོར་བྱེད་པའི་བརྙན་དེ་ཕྱི་ལ་འབྱོར་ཡོད་མོད། ཡང་ཞི་རྒོལ་བྱེད་མཁན་བུ་མོ་དེ་གཉིས་སུ་ཡིན་པ་སོགས་ཀྱི་གནས་ཚུལ་ད་ལྟའི་བར་དུ་ཤེས་རྟོགས་བྱུང་ཐུབ་མེད།

རྣམ་སྐྱིད་ལགས་ཀྱིས་བརྗོད་ན་ཉིན་དེར་དཔའ་བོའི་སྲང་ལམ་དུ་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་པ་ནས་རྔ་བ་རྫོང་གི་བཀག་ཉར་ཁང་ཆེ་བ་དང་ཁྲོ་ཆུའི་བཀག་ཉར་ཁང་སོགས་སུ་གསང་བའི་ངང་བཀག་ཉར་འདྲི་རྩད་བྱས་ཏེ་ནང་མི་ཚོས་ཀྱང་གང་དུ་ཡོད་པ་མ་ཤེས་པར་ལོ་གཅིག་ལ་འགོར་ཞིང་། དེའི་རིང་ལ་ཞི་བའི་ཁྲོམ་སྐོར་གྱི་རྒྱབ་ཏུ་ངན་སྐུལ་སློང་མཁན་སུ་ཡིན་ཞེས་དང་། ལྷག་པར་དུ་ངོ་རྒོལ་གྱི་རྒྱབ་ཏུ་༧རྒྱལ་བ་རིན་པོ་ཆེའི་ཚོགས་པ་ཡོད་པས་རྩིས་སྤྲོད་བྱེད་དགོས་ཚུལ་སོགས་ཀྱི་འདྲི་རྩད་བྱེད་པ། བཀག་ཉར་ཁང་གི་ཁང་མིག་ཆུང་ཆུང་དེར་ཚ་གློག་སྤར་ནས་རྔུལ་ཆུ་བཞུར་དུ་བཅུག་པ་དང་བཏུང་ཆུ་མི་སྤྲོད་པར་ཉིན་ཤས་ལ་གཉིད་བཅག་པས་ད་ནི་ཤི་ན་ཡག་ས་རེད་བསམ་པ་བྱུང་ཡོད་འདུག གསང་བའི་བཀག་ཉར་གྱི་ལོ་གཅིག་དེའི་རིང་ལ་ནང་མི་ཚོས་ཀྱང་ཤི་གསོན་མ་ཤེས་པར་ལྷག་ཡོད་པས་ཕྱི་རྒྱལ་དུ་གནས་ཚུལ་དུས་ཐོག་ལ་འབྱོར་མེད་པ་རྒྱུན་ལྡན་ཡིན་པ་རེད།

རྣམ་སྐྱིད་ལགས་ཀྱིས་བརྗོད་ན་མནར་གཅོད་དང་བཙོན་ལས་བྱེད་མཁན་གྱི་ཉེན་རྟོག་པའི་ནང་དུ་རྒྱ་མི་དང་བོད་མི་གཉིས་ཀ་ཡོད་ཅིང་། དཔའ་བོ་ཡིན་ན་རང་ལུས་མེར་སྲེག་མི་གཏོང་དོན་ཅི་ཡིན་ཞེས་དང་། འབྲོག་མོ་ཚོས་ནོར་ལུག་གི་རྗེས་སུ་ལས་འགུལ་མི་སྤེལ་བར། གྲོང་ཁྱེར་ལ་ཡོང་ནས་ངོ་རྒོལ་བྱེད་དོན་ཅི་ཡིན་ལ་སོགས་པའི་ཟུར་ཟ་དང་བརྙས་བཅོས་རབ་དང་རིམ་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གིས་བོད་ཐོག་ལ་འཛིན་པའི་སྲིད་ཇུས་དེར་ངོ་རྒོལ་གྱིས་ཞི་བའི་ཁྲོམ་སྐོར་བྱེད་སྐབས་རྣམ་སྐྱིད་དང་བསྟན་འཛིན་སྒྲོལ་མ་གཉིས་ཀ་ལོ་༡༥་ལས་སོན་མེད་ཅིང་། ལོ་༡༥་ལས་སོན་མེད་པའི་ན་ཆུང་བུ་མོ་གཉིས་ཀྱི་སེམས་སུ་ངོ་རྒོལ་བྱེད་རྒྱུའི་བསམ་བློ་དེ་ཇི་ལྟར་འཁོར་བ་སྐད་ཆ་དྲིས་སྐབས། རྣམ་སྐྱིད་ལགས་ཀྱིས། ༢༠༠༨་ལོར་བོད་མི་མང་པོ་བསད་པ་རེད། ཁྲིམས་ལ་བཅུག་པ་རེད། བཅར་རྡུང་བྱས་པ་རེད། ལོ་༡༥་དང་༡༦། ༢༠་ལ་སོགས་པའི་བཙོན་མཇུག་ཁྲིམས་ཐག་བཅད་ཡོད་ས་ཡོད། དེ་ཚོའི་ནང་ལ་བསད་པ་དང་ཤི་སོང་བ་མང་པོ་ཡོད། ༢༠༠༩་ལོ་ནས་དཔའ་བོ་བཀྲ་བྷེས་རང་སྲེག་ངོ་རྒོལ་བྱས་པ་ནས་མགོ་བཙུགས་ནས་མུ་མཐུད་དུ་རང་སྲེག་ངོ་རྒོལ་བྱས་པ་རེད། མི་ཚང་མས་དེ་འདྲ་བྱེད་ཡོང་དུས་ང་རང་གི་སེམས་སུ་ཡང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་རྒྱུའི་བསམ་བློ་འཁོར་སོང་ཞེས་བརྗོད་བྱུང་།

འདི་ཀ་ཨ་རིའི་རླུང་འཕྲིན་ཁང་གི་ངོ་དེབ་ཏུ་བོད་མི་ཞིག་ཆབ་ངོམས་ཨ་ཚོགས་ཞེས་པ་ཞིག་གིས་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ཀྱི་ཆེད་དུ་ལས་དོན་དེ་འདྲ་ཞིག་གནང་བར་ང་རང་ངོས་ནས་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། བཀའ་དྲིན་ཆེ་ཞེས་བྲིས་འདུག་ལ། བྱམས་པ་དངོས་གྲུབ་ཅེས་པ་ཞིག་གིས། རྣམ་སྐྱིད་ལགས་འཚམས་འདྲི་ཞུ། ཁྱོད་ལ་དེ་འདྲ་སྙིང་སྟོབས་ཞིག་སུས་བྱིན་པ་རེད་ཅེས་དྲི་བ་བཏང་འདུག་པར།

དྲི་བ་དང་བསམ་ཚུལ།
དྲི་བ་དང་བསམ་ཚུལ།

རྣམ་སྐྱིད་ལགས་ཀྱིས་ལན་དུ། རྒྱ་ནག་གིས་བོད་དུ་ཁྱད་གསོད་དང་གཉའ་གནོན། སྐྱེས་བུ་དམ་པ་ཚོ་བོད་དུ་ཕེབས་སུ་མི་མཇུག་པ། ༢༠༠༨་ལོར་ང་རང་ཆུང་ཆུང་རེད་དེ། བསད་པ་དང་ཁྲིམས་ལ་བཅུག་པ། བཅར་རྡུང་བྱེད་པ། མི་ཁ་ཤས་ནད་པར་བཏང་ནས་སྨན་ཁང་ལ་བསྟན་ཡང་བསྟན་རྒྱུ་མེད་པ། མིག་ཡིན་ན་འཕྲོ་བརླག་སོང་བ་དེ་འདྲ་ཡོད། འཛམ་གླིང་དུ་དཀོན་ཡང་བོད་ཆོལ་ཁ་གསུམ་ལ་ཡོད་པའི་༧རྒྱལ་བ་རིན་པོ་ཆེ་འདི་འདྲ་བོད་ལ་ཕེབས་ཏུ་མི་མཇུག་པ། འདི་འདྲའི་འོག་སེམས་སྐྱོ་ནས་ཡར་ལངས་བྱས་པ་ཡིན་ཞེས་ལན་འདེབས་་ཞོར་དུ་རྣམ་སྐྱིད་ལགས་ཀྱི་མིག་ཟུང་ནས་མཆི་མ་ཕྲེང་རྡོག་རེ་རེ་ཁོང་གི་མཁུར་ཚོས་རྒྱུད་དེ་ག་ལེར་མ་ནེ་ནས་མར་ཟགས་བཞིན་ཡོད་འདུག་ལ། རྣམ་སྐྱིད་ལགས་ཀྱིས་བོད་ནང་གི་བོད་མིའི་དཀའ་ངལ་སྡུག་རྣམས་འགྲེལ་བརྗོད་བྱེད་སྐབས་ངུ་སྐད་དང་མཉམ་དུ་མིག་ཆུ་ཡང་ཡང་ཤོར་བ་མཐོང་ཐུབ།

རྣམ་སྐྱིད་ལགས་ཀྱི་སྐེ་ལ་ཕྲེང་བ་ལྗང་ཁུ་ཞིག་བཏགས་ཡོད་པ་དེ་སྟོན་ཞོར་དུ། ཁོང་དང་ཁོང་གི་སྤུན་མཆེད་མ་བསྟན་འཛིན་སྒྲོལ་མ་གཉིས་ཀྱིས་ངོ་རྒོལ་བྱེད་རྒྱུ་ཐག་གཅོད་བྱེད་རྗེས། བོད་ཆས་གཅིག་པ་དང་ཕྲེང་བ་གཅིག་པ་རེ་གྲ་སྒྲིག་བྱེད་པས་དེའི་སྐབས་ཀྱི་ཕྲེང་བ་ཡིན་པ་འགྲེལ་བརྗོད་བྱེད་སོང་ལ། སྐབས་དེའི་ཞི་རྒོལ་གྱི་བརྙན་པར་དེའི་ནང་དུ་བོད་ཆས་ཁ་དོག་དང་སྐེད་རགས་སོགས་གཅིག་མཚུངས་ཡིན་པའི་བུ་མོ་ཆུང་ཆུང་རྣམ་སྐྱིད་དང་བསྟན་འཛིན་སྒྲོལ་མ་གཉིས་ཀྱིས་ལག་ཟུང་གིས་སྐུ་པར་རེ་བཀྱགས་ནས་སྐབས་འབོད་བྱེད་བཞིན་ཁྲོམ་སྐོར་བྱེད་བཞིན་པ་མཐོང་ཐུབ། རྣམ་སྐྱིད་ཀྱིས་ཁོང་གཉིས་ཀྱིས་སྐབས་དེའི་འབོད་ཚིག་གི་ནང་དོན་སྐབས་ངོ་སྤྲོད་སྐབས་སུ། ༼༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ཏུ་མཇུག་དགོས། ཀི་རྟི་སྐྱབས་མགོན་རིན་པོ་ཆེ་བོད་དུ་ཕེབས་དགོས། བོད་ལ་རང་དབང་དགོས་༽ཞེས་སྐད་འབོད་བྱེད་ཞོར་ངོ་རྒོལ་བྱེད་དུས་སྐར་མ་བཅུ་ཙམ་ལས་མ་འགོར་བར་ཉེན་རྟོག་པ་ཐོན་སོང་ཞེས་དང་། སྐབས་དེར་སྲང་ལམ་གྱི་བོད་མི་གཞན་ཚོས་ཀྱང་ཀི་བཏབ་ནས་ངེད་གཉིས་ཀྱི་ངོ་རྒོལ་ལ་རྒྱབ་རོགས་བྱེད་སོང་ཞེས་ངོ་སྤྲོད་གནང་སོང་།

བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད།
བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད།

ཡང་རྣམ་སྐྱིད་ལགས་ལོ་༡༥་ལས་སོན་མེད་པས་བཙོན་མཇུག་ཁྲིམས་ཐག་བཅད་པ་དེ་ལོ་ཚད་ཀྱི་ཆ་ནས་ཁྲིམས་ལུགས་གང་ཞིག་གཞི་ལ་བཞག་པ་སྐད་ཆ་དྲིས་སྐབས། སྤྱི་ལོ་༢༠༠༨་ལོར་ཞི་བའི་ངོ་རྒོལ་བྱུང་བ་དང་རང་ལུས་མེར་སྲེག་གནང་མཁན་གྱི་ནང་དུ་ལོ་༡༥་དང་༡༦་ ༡༧་ཅན་མང་པོ་་ཡོད་པ་དང་། དེ་ཚོར་རྒྱ་ནག་གཞུང་གི་ཁྲིམས་ཁང་ཚོས་ལོ་༡༨་ཟིན་ཚར་བའི་ཁྲིམས་ཐག་གཅོད་ཀྱིན་པ་དེ་ཚོ་རྒྱུན་ལྡན་ཡིན་པ་རེད་འདུག

རྣམ་སྐྱིད་ལགས་ཀྱིས་རང་ཉིད་ཀྱི་མྱོང་བ་ཁོ་ན་ཕྱི་བསྒྲགས་བྱེད་རྒྱུ་མ་ཡིན་པར། བོད་ནང་དུ་ད་ལྟ་མྱངས་དང་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་དང་ཆབ་སྲིད་བཙོན་ཟུར་ཚོའི་དཀའ་སྡུག་ངོ་སྤྲོད་སྐབས་སུ། ཁོང་གིས་འདི་ཀ་རླུང་འཕྲིན་ཁང་ལ་སྤྱི་ལོ་༢༠༡༡་ལོར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་སྲེག་ངོ་རྒོལ་གནང་མཁན་བློ་བཟང་དཀོན་མཆོག་དང་བློ་བཟང་སྐལ་བཟང་གཉིས་ཀྱི་ད་ལྟའི་གནས་སྟངས་ཀྱི་འདྲ་པར་མང་པོ་མཁོ་སྤྲོད་བྱེད་བྱུང་མོད། འོན་ཀྱང་གསར་འགྱུར་བརྙན་འཕྲིན་གྱི་ཁྲིམས་དང་སྒྲིག་གཞིས་རྨ་ཁྲག་ལྟ་ན་མི་བཟོད་པའི་བདེན་དཔང་གི་འདྲ་པར་མང་པོ་དམར་རྗེན་དུ་སྟོན་ཐབས་མི་འདུག རྣམ་སྐྱིད་ལགས་ཀྱིས་བརྗོད་ན། དགེ་འདུན་པ་བློ་བཟང་དཀོན་མཆོག་དང་བློ་བཟང་སྐལ་བཟང་གཉིས་མེར་སྲེག་བཏང་རྗེས་ལོ་གཉིས་ལ་བཙོན་ཁང་དུ་བཅུག་པ་དང་། སྐབས་དེར་སྨན་བཅོས་ཡག་པོ་མ་བྱེད་པ། མེར་སྲེག་རྗེས་ཁྲག་མ་འདང་བའི་སྐབས་སུ་ཁྲག་བཙོག་པ་མང་པོ་བརྒྱབ་པ་བཅས་ཀྱིས་ད་ལྟ་མགོ་ཡོམ་འཁོར་བ་ལ་སོགས་པའི་ནད་ངོ་མི་ཟིན་པ་དེ་འདྲ་མང་པོས་བཙོན་གྲོལ་བཏང་བ་ནས་སྨན་བཅོས་རྐྱང་རྐྱང་བྱེད་དེ་སྡོད་དགོས་བྱུང་ཡང་རྒྱ་ནག་གིས་སྨན་བཅོས་ལྟ་སྐྱོང་མི་བྱེད་པར་ནང་མིས་འགྲོ་གྲོན་ཚད་མེད་གཏོང་དགོས་བྱུང་བཞིན་པ་རེད། ལྷག་པར་དུ་བཙོན་ཁང་དུ་དགེ་འདུན་པ་བློ་བཟང་སྐལ་བཟང་གི་རྐང་བ་ཐེངས་གསུམ་ལ་བཅད་ཡོད་ཅིང་། དེ་གཅོད་ཐེངས་རེ་ལ་ཁྱེད་ཚོ་དཔའ་བོ་ཡིན་པ་རེད་ཅེས་བཤད་དེ་ཤིང་སྡོང་ནང་བཞིན་བཏུབ་པ། རྨ་ཁ་དྲག་སྐྱེད་བྱུང་བཞིན་པའི་སྐབས་སུ་རྨ་རས་སྡུག་རྩུབ་ཀྱིས་བླངས་ནས་ཆེད་དུ་རྨ་ཁར་འཛུབ་མོ་བཙུགས་ནས་ན་ཟུག་སློང་བ་དང་བརྙས་བཅོས་བྱས་པས། ད་ལྟ་བློ་བཟང་སྐལ་བཟང་ལགས་དབང་བོ་སྐྱོན་ཅན་གྱི་རྐུབ་སྟེགས་འཁོར་ལོ་ཅན་དུ་བསྡད་ཡོད་པ་རེད།

རང་སྲེག་ངོ་རྒོལ་བའི་རྨ་ཁ་དང་དཀའ་སྡུག་གི་མི་ཚེ།
please wait
རང་སྲེག་ངོ་རྒོལ་བའི་རྨ་ཁ་དང་དཀའ་སྡུག་གི་མི་ཚེ།

No media source currently available

0:00 0:02:08 0:00

ཡང་རྣམ་སྐྱིད་ལགས་ཀྱིས་བརྗོད་ན། དགེ་འདུན་པ་རྒྱ་མཚོ་ཞེས་པ་ཞིག་རང་སྲེག་ངོ་རྒོལ་རྗེས་སུ་ལོ་བདུན་ཙམ་ལ་བཙོན་མཇུག་བྱས་པ་དང་། སྨན་བཅོས་བྱེད་བཞིན་ཡོད་ཅེས་ཁབ་སྣ་ཚོགས་བརྒྱབ་བརྒྱབ་མཐར། གློད་གྲོལ་བཏང་ནས་སྤྱི་ཚོགས་སུ་ཡོང་དུས་དགེ་འདུན་པ་རྒྱ་མཚོ་ལགས་སྨྱོས་ཡོད་འདུག དེར་བརྟེན་ད་ལྟ་ཡང་བསྐྱར་བཙོན་མཇུག་བྱས་ཡོད་པ་འགྲེལ་བརྗོང་གནང་བྱུང་། ཡང་བོད་ནང་དུ་གལ་ཏེ་ཁྱེད་རང་ཆབ་སྲིད་བཙོན་ཟུར་ཞིག་ཡིན་ཚེ། ལས་བྱེད་དང་ཚོང་ལས། སློབ་སྦྱོང་སོགས་མི་ཚང་མར་ཡོད་དགོས་པའི་གཞི་རྩའི་རང་དབང་དང་ཐོབ་ཐང་རྣམས་ཚེ་གང་ལ་བརླག་པ་དང་། ད་དུང་ཆབ་སྲིད་བཙོན་པ་ཚོའི་ནང་མི་དང་བུ་རབས་ཚ་རྒྱུད་བཅས་ལ་ཁ་བྲལ་བ་རེད་ཅེས་དབྱེ་འབྱེད་བྱེད་བཞིན་པ་དང་སྤྱི་ཚོགས་ཀྱི་མཐར་འདེད་པ། ཐ་ན་སྡེ་བ་ཧྲིལ་བོ་ཁ་བྲལ་བ་རེད་ཅེས་དམ་དྲག་དང་སུན་བཙེར་གཞན་ལས་མང་བ་བྱེད་ཀྱིན་ཡོད་པ་རེད།

མཇུག་མཐར་རྣམ་སྐྱིད་ལགས་ཀྱིས། བོད་ཕྱི་ནང་གི་བོད་མི་སུ་ཡིན་ཡང་བསྟན་པ་ཆོས་རིག་གི་ཆེད་དུ་ཤུགས་རྒྱག་དགོས་པ་གལ་ཆེན་པོ་རེད། མི་དེ་འདྲ་མང་པོས་རང་ལུས་མེར་སྲེག་བཏང་བ་རེད། ད་དུང་ཡང་བརྒྱ་བརྒྱ་སྟོང་སྟོང་གིས་རྒྱ་ནག་གི་མངའ་འོག་ཏུ་དུས་ཚོད་སྐར་ཆ་རེ་རེ་མྱངས་བཞིན་ཡོད། འདི་ཚོ་བསམ་ནས་མཐུན་སྒྲིལ་བྱེད་དགོས། རྒྱ་ནག་གཞུང་གིས་འདི་དབུས་གཙང་རེད། འདི་ཁམས་རེད། འདི་ཨ་མདོ་རེད་ཅེས་དབྱེ་བ་ཕྱེས་ནས་འདི་ལ་ཉུང་ཉུང་ཞིག་དང་དེ་ལ་ཀུ་ཡངས་པོ་ཞིག་ཅེས་མནར་ཅོད་གཏོང་རྒྱུར་དབྱེར་མེད་རེད། བོད་ཆོལ་ཁ་གསུམ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་ནི་ཁྲིམས་ཁང་དུ་ཡོད་པ་ཚོ་དང་བོད་མི་ཤི་གསོན་གཉིས་ཀྱི་རེ་བ་རེད་ཅེས་བོད་མི་ཡོངས་ལ་འབོད་སྐུལ་ཞུས་སོང་།

གླེང་སྟེགས།

XS
SM
MD
LG