ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༡༥

རྒྱ་ནག་ལ་གློ་ཚད་ཁྱད་མཚར་ཞིག་ཁྱབ་སྟེ་སྨན་ཁང་ཁག་ནད་པས་ཁེངས།


༄༅།། རྒྱ་ནག་རྒྱལ་ཡོངས་སུ་ངོ་ཐག་མི་ཆོད་པའི་གློ་ཚད་ཅིག་ཁྱབ་སྟེ་སྨན་ཁང་ཁག་ནད་པས་གཏམས། གློད་ཚད་དེ་བྱིས་པ་ཚོར་ལྷག་པར་དུ་སྡང་བའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༡་པའི་ཚེས་༢༣་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་ཐེན་ཅིན་བྱིས་པའི་སྨན་ཁང་དུ་ཉིན་ལྟར་ཕྲུ་གུ་ནད་པ་༡༣༠༠༠་རེ་སྨན་བཅོས་བྱེད་དུ་ལྷགས། རྒྱ་ནག་བྱང་ཤར་གྱི་ལེའོ་ནིང་ཞིང་ཆེན། ཏ་ལཱེན་གྲོང་ཁྱེར་གྱི་སྨན་ཁང་ཁག་ཏུ་བྱིས་པ་ཚོར་ཉལ་ཁྲི་དང་ཁང་མིག་མ་ཐེམས་པར་ཕྱི་ལོགས་ཀྱི་སྲང་ཤུར་ནང་དུ་སྨན་བཅོས་བྱ་དགོས་པར་གྱུར། སྒོ་བསྟེན་སྨན་ཁང་ཁག་གིས་ནད་པ་གསར་པ་ལེན་མ་ཐུབ་པར་མི་མང་ལ་དཀའ་ངལ་འཕྲད། པེ་ཅིང་གི་གྲོང་མི་ཞིག་གིས་ཐེ་ཝན་གྱི་ཧྥོར་མོ་ས་བརྙན་འཕྲིན་ཁང་གིས་པེ་ཅིང་གྲོང་ཁྱེར་གྱི་སློབ་གྲྭ་ཁག་གི་དགེ་རྒན་ཚོས་སློབ་ཕྲུག་ཚོ་འཛིན་གྲྭ་འཚོག་ཏུ་ཡོང་མི་དགོས། སློབ་ཕྲུག་གཞན་ལ་གློ་ཚད་ཅིག་ཁྱབ་ཀྱི་ཡོད་པ་ཤོད་ཅེས་བཀོད་འདོམས་བྱས་པའི་གསར་འགྱུར་བསྒྲགས་པ་གོ་ཐོས་བྱུང་སོང་ཞེས་གསར་འགོད་པར་གླེང་མོལ་བྱས་འདུག

པེ་ཅིང་བྱིས་པའི་སྨན་ཁང་གི་འགན་འཛིན་ཀྲུག་ཧུའི་ཞ་ཡིས་ཕྱི་ཟླ་༡༠་པའི་ཚེས་༡་ཉིན་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཚུགས་ཏེ་བདུན་ཕྲག་གཅིག་ལ་གུང་སེང་བཏང་བའི་རྗེས་སུ་གློ་ཚད་ཁྱབ་གདལ་ཤུགས་ཆེན་པོ་ཕྱིན་སོང་། ན་ཚ་དེར་འགོག་སྨན་གྱིས་ཕན་ཐོགས་མི་འདུག་ཅེས་བཤད། པེ་ཅིང་གྲོང་ཁྱེར་གྱི་དམག་མིའི་སྨན་ཁང་བདུན་པའི་བྱིས་པའི་སྨན་པ་ཧྭ་ཧྲན་ཏུང་གིས་རྒྱ་ནག་ཉིན་རེའི་ཚགས་པར་གྱི་དབྱིན་ཡིག་གསར་འགོད་པར་སྤྱི་ཡོངས་ཀྱི་ཆ་ནས་གློ་ཚད་འདི་ཉེན་ཁ་ཆེན་པོ་ཞིག་མ་རེད། གློ་བརྒྱབ་པ་དང་ཚ་བ་འཕར། ནད་པ་ཚོ་ངལ་དུབ་ཀྱིས་མནར་བ་དང་མིད་པ་ན་བ་ཙམ་རེད། ཡིན་ནའང་ཉེ་དུས་ཤིག་ནས་ནད་པ་ཇེ་མང་དུ་ཕྱིན་ཏེ་ནད་གཞི་ལྕི་རུ་འགྲོ་བཞིན་འདུག ནད་པ་ཚབས་ཆེན་མང་དུ་ཕྱིན་ཀྱང་མི་ལ་སྲོག་སྐྱོན་བྱུང་བའི་གནས་ཚུལ་ཐོན་མེད། གློ་ཚད་འདི་འགོས་ན་ནད་པ་དེ་ཉིན་༡༤་ཡས་མས་རེར་སྨན་ཁང་དུ་འདུག་དགོས་ཀྱི་འདུག་ཅེས་ལན་བཏབ། པེ་ཅིང་གི་དམག་མིའི་སྨན་ཁང་དེར་ནད་པ་ཅི་ཙམ་ཡོད་མེད་གསལ་བཤད་མ་བྱུང་།།

ཕྱི་ཟླ་༡༡་པའི་ཚེས་༢༣་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་གློ་ཚད་ཅིག་ཁྱབ་ཀྱི་ཡོད་པ་ནི་དགུན་ཁའི་སྤྱིར་བཏང་གི་ཆམ་རིམས་ཤིག་རེད། དེ་ནི་སྐྲག་དགོས་པ་ཞིག་མ་རེད་ཟེར། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་པེ་ཅིང་དང་བྱང་ཤར་ཕྱོགས་ཀྱི་ལེའོ་ནིང་ཞིང་ཆེན་ལ་རྒྱང་ཁད་དབྱིན་ལེ་༤༠༠་ལྷག་འདུག ལེའོ་ནིང་ལ་ཁྱབ་ཀྱི་ཡོད་པའི་གློ་ཚད་དེ་པེ་ཅིང་ལའང་ཁྱབ་ཀྱི་ཡོད་ན་ནད་རླབས་ཤིག་ཏུ་གྱུར་ཡོད་ཤས་ཆེ། རྒྱ་ནག་གི་བྱིས་པ་ཚོར་གློ་ཚད་འགོ་ཡི་ཡོད་པ་དེས་སློབ་གྲྭ་ཁག་ཏུ་ནད་ཡམས་ཁྱབ་ཡོད་པ་ར་འཕྲོད། གློ་ཚད་དེའི་ངོ་བོ་དང་ནད་རྟགས། སྨན་བཅོས་ཇི་ལྟར་བྱེད་ཀྱི་ཡོད་པ་དང་གློད་ཚད་ཁྱབ་གདལ་ཤུགས་ཆེ་ཆུང་བཅས་ཀྱི་ཞིབ་ཕྲའི་གནས་ཚུལ་རྣམས་མཁོ་སྤྲོད་བྱ་དགོས་ཞེས་འབོད་སྐུལ་ཞུས། ཟླ་བ་འདིའི་ཚེས་༡༣་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་གསར་འགོད་ལྷན་ཚོགས་བསྐོངས་ནས་གློད་ཚད་ཅིག་ཁྱབ་གདལ་འགྲོ་བཞིན་འདུག་ཅེས་བསྒྲགས།།

རྒྱ་ནག་གི་འབྲེལ་ཡོད་གཞུང་འབྲེལ་མི་སྣ་ཚོས་སྔ་ལོ་པྲོག་དབྱིབས་ནད་དུག་བཀག་སྡོམ་གྱི་སྲིད་ཇུས་ཕྱིར་བསྡུ་བྱས་པའི་རྗེས་སུ་ཚད་རིམ་དང་གློ་ཚད་སོགས་ཡོངས་གྲགས་ཀྱི་རིམས་ནད་ཁག་ཅིག་ཁྱབ་འགོ་ཚུགས་སོང་། འདི་ནི་དུས་རྒྱུན་གྱི་ནད་འབུ་ཞིག་ཡིན་པ་དང་བྱིས་པ་ཚོར་ཅུང་ཙམ་གནོད་ཚབས་ཆེ་བ་འདུག་ཅེས་བཀྲལ། ༢༠༡༩་ཡི་ལོ་མཇུག་ཏུ་རྒྱ་ནག་ནས་འཛམ་གླིང་ཡོངས་ལ་པྲོག་དབྱིབས་ནད་དུག་ཁྱབ་ཀྱང་སྐབས་དེར་པེ་ཅིང་གི་དབང་འཛིན་པ་ཚོས་སྦས་གསང་བྱས་པས་འཛམ་གླིང་འཕྲད་བསྟེན་སྒྲིག་དང་རྒྱལ་སྤྱིའི་སྤྱི་ཚོགས་རྒྱ་ནག་གི་འགྲེལ་བཤད་འདིར་ཡིད་ཆེས་བྱེད་དཀའ་ཞིང་། ཁ་སང་གཟའ་ལྷག་པའི་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་བྱང་ཕྱོགས་སུ་སྔོན་ཆད་བྱུང་མྱོང་མེད་པའི་གློ་ཚད་ཅིག་ཁྱབ་ཀྱི་འདུག ཕྱི་ཚེས་༡༤་ཉིན་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་གློ་ཚད་དེ་དང་ད་ལྟའི་གློ་ཚད་འདི་གཅིག་པ་ཡིན་མིན་ཤེས་ཀྱི་མི་འདུག རྒྱ་ནག་གིས་གློ་ཚད་དེའི་སྐོར་གྱི་གནས་ཚུལ་ཁ་གསལ་ཞིག་སྤྲོད་ཀྱི་མི་འདུག་ཅེས་བསྟན།།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་ལ་ཆུ་ཚོད་༢༤་ཡི་ནང་ཚུད་དུ་བྱིས་པ་གཙོས་མི་མང་ལ་གློ་ཚད་ཅིག་ཁྱབ་ཀྱི་ཡོད་པའི་ངོ་བོ་དང་ནད་རྟགས། སྨན་བཅོས་ཀྱི་ཕན་ནུས་སོགས་ཞིབ་ཕྲའི་གནས་ཚུལ་རྣམས་སྤྲོད་དགོས་པའི་སྐུལ་ལྕག་བཏང་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཡིན་ནའང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་དགོས་འདུན་ལྟར་རྒྱ་ནག་གཞུང་གིས་ཡིག་ཆ་ཞིབ་ཕྲ་སྤྲད་ནས་ལན་འདེབས་བྱ་རྒྱུ་ཡིན་མིན་ངེས་གཏན་བྲལ། བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་ཐེ་ཝན་གྱི་ཧྥོར་མོ་ས་བརྙན་འཕྲིན་ཁང་གིས་རྒྱ་ནག་ལ་གློ་ཚད་ཁྱད་མཚར་ཞིག་ཁྱབ་ཀྱི་འདུག་ཅེས་གསར་འགྱུར་སྤེལ། ལོ་ཤས་གོང་དུ་རྒྱ་ནག་གཞུང་གིས་པྲོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་ཕྱིར་བསྒྲགས་མ་བྱས་གོང་དུ་ཐེ་ཝན་གྱི་གསར་འགྱུར་ལས་ཁུངས་ཁག་གིས་ཝུ་ཧན་ལ་ནད་ཡམས་ཤིག་ཁྱབ་ཀྱི་འདུག་ཅེས་གནས་ཚུལ་སྤེལ། ཐེ་ཝན་གཞུང་གིས་འཕྲལ་དུ་རྒྱ་ནག་ལ་འགྲིམ་འགྲུལ་བཀག་པ་དང་པྲོག་དབྱིབས་ནད་དུག་སྔོན་འགོག་གི་སྲིད་ཇུས་ལག་ལེན་བསྟར་ནས་མཚོ་གླིང་དེ་འཛམ་གླིང་ཡོངས་ཀྱིས་མིག་དཔེ་བལྟ་ཡུལ་དུ་གྱུར་ཏེ་བསྔགས་བརྗོད་ཐོབ།།

ད་ལྟ་རྒྱ་ནག་གཅིག་པུ་མ་ཡིན་པར་ཨ་རི་དང་ཡུ་རོབ། ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཏུ་པྲོག་དབྱིབས་ནད་དུག་འགོས་པའི་ནད་པ་མང་དུ་འགྲོ་བཞིན་ཡོད་ཀྱང་ནད་དུག་དེའི་ངར་ཤུགས་ཆག་སྟེ་སྔར་ལྟར་ཉེན་ཚབས་ཆེན་པོ་མིན་ཞིང་། ཧོང་ཀོང་སློབ་གྲྭ་ཆེན་མོའི་ནད་རིགས་བརྟག་དཔྱད་རིག་པ་བ་བྷན་ཀོ་ལིང་ནས་ནམ་ཟླའི་འགྱུར་ལྡོག་གིས་རྒྱ་ནག་གི་ས་གནས་ཁག་ཏུ་གློ་ཚོད་ཕོག་པའི་ནད་པ་མང་དུ་འགྲོ་བཞིན་པ་དང་རྒྱ་ནག་མི་དམངས་ལ་ནད་འགོག་ཟུངས་ཤུགས་ཡག་པོ་ཞིག་ཆགས་ཐུབ་མེད་པས་གློ་ཚད་ཁྱབ་ཀྱི་ཡོད་པ་རེད་ཅེས་བཤད། དེ་རིང་གཟའ་ཕུར་བུའི་ཉིན་རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གིས་ཞིན་ཧྭ་གསར་འགྱུར་ལས་ཁུངས་བརྒྱུད་ནས་ཕ་མ་ཚོས་རང་གི་ཕྲུ་གུ་ཚོར་གློ་ཚད་མི་འགོ་བ་ཇི་ལྟར་བྱ་དགོས་པ་དང་སྨན་ཁང་ཁག་ཏུ་ནད་པ་མང་དྲགས་ཡོད་པ། སྨན་ཁང་དུ་སྒུག་ཡུན་ཧ་ཅང་རིང་པོ་འགོར་གྱི་ཡོད་པ་རྣམས་གསལ་བཀྲོལ་བྱས་ཀྱང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་ལ་གནས་ཚུལ་ཁ་གསལ་སྤྲོད་དགོས་ཞེས་ནན་སྐུལ་བྱས་ཡོད་པ་གླེང་སློང་བྱས་མེད་པའི་གནས་ཚུལ་ཐོན་འདུག

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཕྱི་ཟླ་༡༠་པའི་ཟླ་དཀྱིལ་ནས་རྒྱ་ནག་བྱང་ཕྱོགས་སུ་སྔོན་ཆད་ལོ་གསུམ་གྱི་རིང་བྱུང་མྱོང་མེད་པའི་ཆམ་རིམས་གསར་པ་བསླེབས་འདུག རྒྱ་ནག་མི་དམངས་ཀྱིས་རང་ལ་གློ་ཚད་མི་འགོ་བའི་ཐབས་སུ་ཆམ་རིམས་སྔོན་འགོག་གི་སྨན་ཁབ་རྒྱག་དགོས་པ་དང་ནད་པར་རྒྱང་འགྱེད་དགོས། ནད་མནར་གྱི་དུས་སུ་ཁྱིམ་དུ་འཛུལ་ཏེ་ཕྱི་རུ་མ་འབུད། བརྟག་དཔྱད་བྱས་ནས་དུས་ཐོག་ཏུ་སྨན་བཅོས་བྱོས། ཁ་རས་གྱོན་དགོས་པ་དང་ཡང་ནས་ཡང་དུ་ཁང་པའི་སྒོ་དང་སྒེའུ་ཁུང་ཕྱེ་སྟེ་ཁྱིམ་དུ་མཁའ་དབུགས་གཙང་མ་ཡོང་དུ་འཇུག་དགོས། ནད་པ་ཡིན་མིན་གཉིས་ཀས་ལག་པ་ལན་མང་བཀྲུས་ཏེ་གཙང་སྦྲ་འཕྲོད་བསྟེན་བྱ་དགོས་ཞེས་ནད་འགོག་གི་ལམ་སྟོན་བྱས་འདུག རྒྱ་ནག་གི་སྤྱི་དམངས་སྒེར་པ་ཚོས་ཞི་ཨན་གྲོང་ཁྱེར་གྱི་སྨན་ཁང་ཁག་ཏུ་ནད་པས་འཚང་ཁ་རྒྱག་གི་ཡོད་པ་དང་བྱིས་པ་ཚོས་བརྟག་དཔྱད་བྱ་རྒྱུར་སྒུག་ཡོད་པར་མ་ཟད། བྱིས་པ་ཁག་ཅིག་ལ་གནམ་ཁབ་བརྒྱབ་ནས་སློབ་གྲྭའི་རང་སྦྱོང་བྱེད་ཀྱི་ཡོད་པའི་འཕྲིན་ཐུང་རྣམས་དྲྭ་ལམ་ཐོན།།

རྒྱ་ནག་གཞུང་གིས་ལོ་གསུམ་ལ་པྲོག་དབྱིབས་ནད་དུག་སྔོན་འགོག་སྲིད་ཇུས་ཤིག་ལག་ལེན་བསྟར། མི་གྲངས་ས་ཡ་མང་པོར་བརྟག་དཔྱད་བྱས་ནས་སྒོ་བརྒྱབ་བསྡམས། རྒྱ་ནག་གི་ཚོང་ལས་སོགས་ལ་བར་ཆད་བྱུང་སྟེ་ས་གནས་སྲིད་གཞུང་ཁག་བུ་ལོན་ནང་དུ་ཚུད། ད་ལྟ་སླར་ཡང་གློ་ཚད་ཁྱད་མཚར་ཞིག་ཁྱབ་ཀྱི་ཡོད་པ་སྔོན་འགོག་བྱ་དགོས་ན་རྒྱ་ནག་གི་ས་གནས་སྲིད་གཞུང་ཁག་ལ་སྨན་བཅོས་ཀྱི་འགྲོ་གྲོན་དང་ལས་བྱེད་པ་འདང་ངེས་མེད་པར་འཕྲོད་བསྟེན་མ་ལག་རྣམས་སྤོ་ལུག་རྒྱུའི་མཚམས་སུ་ལྷུང་། ད་ལྟའི་གློ་ཚད་འདི་སླར་ཡང་འཛམ་གླིང་ཡོངས་སུ་ཁྱབ་སྟེ་ནད་ཡམས་ཆེན་པོ་ཞིག་ཏུ་འགྱུར་མི་སྲིད་པའི་ངེས་པ་མེད། རྒྱ་ནག་གིས་པྲོག་དབྱིབས་ནད་ཡམས་དུས་སུ་མི་གྲངས་དུང་ཕྱུར་༡་ཡས་མས་ཤིག་ལ་ནད་དུག་འགོས་སོང་། མི་༡༢༡༠༠༠་ལ་སྲོག་སྐྱོན་བྱང་སོང་ཞེས་གཞི་གྲངས་བཏོན། ཉམས་ཞིབ་པ་ཚོས་རྒྱ་ནག་ལ་པྲོག་དབྱིབས་ནད་དུག་ཁྱབ་ནས་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་ནི་གཞུང་གིས་ཕྱིར་བསྒྲགས་བྱས་པ་ལས་ལྡབ་བཅུ་མང་པ་ཡོད་པའི་ཚོད་དཔག་བྱས་འདུག

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༥ ཚེས་༡༥
please wait

No live streaming currently available

0:00 0:00 Live
XS
SM
MD
LG