ངོ་འཕྲད་བདེ་བའི་དྲ་འབྲེལ།

དངུལ་སྒོར་སྤྲད་ནས་ཨ་རིའི་དམག་མི་གསོད་དུ་བཅུག་པའི་གླེང་སློང་ཇེ་ཆེ། 


༄༅།། ཨ་མི་རི་ཀ་བ་མང་ཆེ་བས་ཨུ་རུ་སུའི་གསང་བའི་ལས་ཁང་ཞིག་གིས་ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་གྱེན་ལོག་ཤོག་ཁག་གི་དྲག་སྤྱོད་པ་ཚོར་དངུལ་སྒོར་སྤྲད་ནས་ཨ་རིའི་དམག་མི་རྣམས་གསོད་དུ་བཅུག་པ་རེད་ཅེས་གནས་ཚུལ་ཐོན་པར་བདེན་ཤས་ཆེ་བའི་ལྟ་ཚུལ་བཟུང་ཡོད་ཅིང་། མི་མང་སྐད་ཆ་འདྲི་ཡུལ་ཕྱེད་ཀ་ལྷག་གིས་ཨ་མི་རི་ཀས་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གསར་པ་གཅོད་དགོས་ཞེས་ལན་བཏབ། བདུན་ཕྲག་འདིའི་གཟའ་ཟླ་བ་དང་མིག་དམར་གཉིས་ལ་རོ་ཡེ་ཊར་གསར་འགྱུར་ལས་ཁང་དང་ཨིབ་སོ་སི་ཉམས་ཞིབ་ཁང་གཉིས་ཀྱིས་ཨ་མི་རི་ཀའི་མི་མང་ཁག་ཅིག་ལ་ཨུ་རུ་སུའི་གསང་བའི་ལས་ཁང་ཞིག་གིས་ཏ་ལི་བྷན་གྱེན་ལོག་ཤོག་ཁག་གི་དྲག་སྤྱོད་པ་ཚོར་དངུལ་སྒོར་སྤྲད་ནས་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀའི་དམག་མི་གསོད་དུ་བཅུག་པ་རེད་ཅེས་གནས་ཚུལ་ཐོན་པར་ཡིད་ཆེས་ཅི་ཙམ་ཡོད་མེད། གལ་སྲིད་གནས་ཚུལ་དེ་བདེན་པ་ཡིན་ན་ཨ་མི་རི་ཀས་ཨུ་རུ་སུ་ལ་ལན་པ་གང་འདྲ་ཞིག་སློག་དགོས་མིན་སོགས་ལ་བསམ་ཚུལ་འདྲི་ཞིབ་བྱས་ཤིང་། ལོ་བཞིའི་སྔོན་དེར་ཨུ་སུ་རུའི་གཞུང་གིས་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱས་ནས་ཌོ་ནལ་ཊམ་ལ་རྒྱལ་ཁ་འཐོབ་ཏུ་འཇུག་ཐབས་བྱས་པ་རེད་ཅེས་གནས་ཚུལ་ཐོན་པར་ཨ་མི་རི་ཀ་བ་རྣམས་ད་དུང་ཡང་དོགས་པ་སངས་མེད། ད་ལྟ་སླར་ཡང་ཨུ་རུ་སུའི་གསང་བའི་ལས་ཁང་ཞིག་གིས་དངུལ་སྒོར་ནས་ཨ་མི་རི་ཀའི་དམག་མི་གསོད་དུ་བཅུག་པ་རེད་ཅེས་གནས་ཚུལ་ཐོན་ཡོད་པས་ཨ་མི་རི་ཀ་བ་ཚོར་ཨུ་རུ་སུ་ལ་ཡིད་ཆེས་མེད་པ་དང་དགྲར་འཛིན་གྱི་སྡང་ཟུག་སྔར་ལས་ཆེ་རུ་ཕྱིན་འདུག

ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་དང་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གཉིས་ཀས་ཨུ་རུ་སུའི་དམག་གི་གསང་བའི་ལས་ཁང་ཞིག་གིས་ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་གྱེན་ལོག་ཤོག་ཁག་གི་དྲག་སྤྱོད་པ་ཚོར་དངུལ་སྒོར་སྤྲད་ནས་ཨ་མི་རི་ཀའི་དམག་མི་གསོད་དུ་བཅུག་འདུག་ཅེས་གནས་ཚུལ་རིམ་པ་ཞིག་སྤེལ། བདུན་ཕྲག་སྔོན་མར་སྲིད་འཛིན་ཌོ་ནལ་ཊམ་གྱིས་གསར་འགོད་པར་ཚོར་གསང་བའི་ལས་ཁང་གི་ལས་སྣེ་ཚོས་གནས་ཚུལ་དེ་ངོ་མ་ཡིན་མིན་ངེས་གཏན་གསལ་པོ་ཞིག་བྱེད་ཐུབ་ཀྱི་མི་འདུག རྒྱུ་མཚན་དེ་ལ་བརྟེན་ནས་གནས་ཚུལ་དེ་ང་ལ་སྙན་སེང་ཞུས་མེད་ཟེར་གྱི་འདུག་པས་ངས་ཀྱང་དེའི་སྐོར་ཤེས་རྟོགས་བྱུང་མ་སོང་ཞེས་བཤད། ཡིན་ནའང་ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་ལོ་འདིའི་མགོ་སྟོད་དུ་ཨ་རིའི་དབུས་གསང་བའི་ལས་ཁང་གིས་གནས་ཚུལ་དེ་ཡིག་ཐོག་ཏུ་བཀོད་ནས་སྲིད་འཛིན་ཌོ་ནལ་ཊམ་ལ་ཕུལ་འདུག་པར་མ་ཟད། ཁ་སྔོན་ཕྱི་ཟླ་༥་པའི་ནང་དུའང་ཨ་རིའི་དབུས་གསང་བའི་ལས་ཁང་གིས་སྲིད་འཛིན་ཌོ་ནལ་ཊམ་ལ་གནས་ཚུལ་མང་པོ་ཞིག་ཡིག་ཐོག་ཏུ་བཀོད་ནས་ཕུལ་ཡོད་པ་དེའི་ཁོངས་སུའང་ཨུ་རུ་སུའི་གསང་བའི་ལས་ཁང་གིས་དངུལ་སྒོར་སྤྲད་ནས་ཨ་རིའི་དམག་གི་གསོད་དུ་འཇུག་གི་འདུག་ཅེས་བཀོད་པའི་གནས་ཚུལ་དེ་འདུག་ཅེས་གནས་ཚུལ་སྤེལ། ཉམས་ཞིབ་པ་ཁག་ཅིག་གིས་ཇཱོན་བྷོལ་ཊོན་གྱི་དཔེ་དེབ་ནང་དུའང་གནས་ཚུལ་དེ་བཀོད་ཡོད་པ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ནག་སུབ་བྱེད་དུ་བཅུག་པ་རེད་ཅེས་བསྒྲགས། ཇཱོན་བྷོལ་ཊོན་གྱིས་གོང་གི་གནས་ཚུལ་དེ་རང་གི་དཔེ་དེབ་ནང་དུ་བཀོད་པ་སྲིད་འཛིན་གྱིས་ནག་སུབ་བྱེད་དུ་བཅུག་པ་རེད་ཅེས་གསར་འགྱུར་ཐོན་པ་བདེན་པ་མིན་པའི་དག་སྐྱེལ་བྱས་མེད་པ་རེད།།

ཨ་མི་རི་ཀ་བ་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༦༠་ལྷག་གིས་ཨུ་རུ་སུའི་གསང་བའི་ལས་ཁང་གིས་དངུལ་སྒོར་སྤྲད་ནས་ཨ་རིའི་དམག་མི་གསོད་དུ་བཅུག་པ་རེད་ཅེས་གནས་ཚུལ་ཐོན་པར་ཡིད་ཆེས་བརྟན་པོ་ཡོད་ཟེར་པ་དང་ཡིད་ཆེས་གང་འཚམ་ཡོད་ཅེས་ལན་བཏབ། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༢༡་གིས་གནས་ཚུལ་དེ་ཚོར་ཁུངས་ལུང་ཡོད་མེད་བཤད་དཀའ། དེ་ལ་ཡིད་ཆེས་བྱ་འོས་མིན་ཤེས་ཀྱི་མི་འདུག་ཅེས་ལན་བཏབ། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༣༩་ཙམ་གྱིས་སྔོན་མར་གསར་འགྱུར་དེ་ཡོངས་གྲགས་སུ་མ་གྱུར་སྔོན་ནས་ཌོ་ནལ་ཊམ་གྱིས་ཨུ་རུ་སུའི་གསང་བའི་ལས་ཁང་གིས་ཨ་རིའི་དམག་མི་དམིགས་འབེན་དུ་བཟུང་ནས་གསོད་དུ་འཇུག་གི་ཡོད་པའི་གནས་ཚུལ་དེ་ཤེས་རྟོགས་བྱུང་ཡོད་ངེས་རེད་ཅེས་ལན་བཏབ། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༢༦་གིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་གནས་ཚུལ་ཤེས་རྟོགས་བྱུང་ཡོད་རྒྱུ་མ་རེད་ཅེས་ལན་བཏབ། ཨ་རི་བ་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༨༡་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ནི་མི་ཉེན་ཁ་ཅན་ཞིག་རེད་ཟེར། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༣༥་ཡས་མས་ཤིག་གིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨུ་རུ་སུ་ལ་འབྲེལ་བ་འཛིན་ཕྱོགས་འདིར་མོས་མཐུན་ཡོད་ཟེར། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༥༢་ལྷག་གི་མོས་མཐུན་མེད་ཅེས་ལན་བཏབ་འདུག

ད་ལྟ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རི་རྒྱལ་ཡོངས་སུ་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་རིམས་ནད་སྔོན་འགོག་བྱེད་ཀྱི་ཐུབ་པར་སྐྱོན་བརྗོད་དྲག་པོ་འཕོག་གི་ཡོད་པ་དང་ཨ་རིའི་དཔལ་འབྱོར་ཉམས་རྒུད། ཨ་མི་རི་ཀར་མི་མང་ལས་ཤོར་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པ་ནི་ལོ་འདིར་ཌོ་ནལ་ཊམ་བསྐྱར་དུ་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་འབྱུང་རྒྱུའི་འགོག་རྐྱེན་གཙོ་བོ་ཁག་ཅིག་ལ་འགྱུར་གྱི་ཡོད་མོད། འོན་ཀྱང་ཉེ་དུས་ཤིག་ནས་ཨུ་རུ་སུའི་གསང་བའི་ལས་ཁང་གིས་ཏ་ལི་བྷན་གྱེན་ལོག་ཤོག་ཁག་གི་དྲག་སྤྱོད་པ་ཚོར་དངུལ་སྒོར་སྤྲད་ནས་ཨ་རིའི་དམག་མི་གསོད་དུ་བཅུག་རེད་ཅེས་གནས་ཚུལ་ཐོན་ནས་བཟུང་། སྲིད་འཛིན་ཌོ་ནལ་ཊམ་ལ་ཨུ་རུ་སུའི་གསང་བའི་ལས་ཁང་གིས་ངོ་མར་དངུལ་སྒོར་སྤྲད་ནས་ཨ་མི་རི་ཀའི་དམག་མི་གསོད་དུ་བཅུག་ཡོད་མེད། ཁོང་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་བསྟུན་མཁས་བྱ་དགོས་དོན་ཅི་ཞིག་ཡིན་ནམ། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨུ་རུ་སུ་ལ་ལན་པ་ནན་པོ་ཞིག་སློག་ཕོད་ཀྱི་མེད་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ། ཁོང་གིས་གནས་ཚུལ་དེ་ཤེས་རྟོགས་བྱུང་མ་སོང་ཞེས་རྩད་གཅོད་མི་བྱེད་པར་གཡོལ་ཐབས་བྱེད་དོན་ཅི་ཞིག་ཡིན་ནམ་ཞེས་གནད་དོན་གསར་པ་ཞིག་གི་ཐོག་ཏུའང་སྐྱོན་བརྗོད་བྱེད་འགོ་ཚུགས། ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་ཌོ་ནལ་ཊམ་ལ་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གསར་པ་འགེལ་དགོས་ཞེས་གནོན་ཤུགས་སྤྲད། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་གྱིས་སྲིད་འཛིན་ཊམ་ལ་ལས་འགན་ཟོལ་འཇོག་མ་བྱ་ཞེས་ནན་སྐུལ་བྱས་འདུག

སྲིད་འཛིན་ཊམ་དང་ཕུ་ཊིན་གཉིས་ཉི་ཧོང་དུ། ༢༠༡༩།༦།༢༨
སྲིད་འཛིན་ཊམ་དང་ཕུ་ཊིན་གཉིས་ཉི་ཧོང་དུ། ༢༠༡༩།༦།༢༨

ཕོ་བྲང་དཀར་པོའི་མཐོ་རིམ་ལས་སྣེ་ཚོས་ཨུ་རུ་སུའི་གསང་བའི་ལས་ཁང་གིས་དངུལ་སྒོར་སྤྲད་ནས་ཨ་མི་རི་ཀའི་དམག་མི་གསོད་དུ་འཇུག་གི་འདུག་ཅེས་གནས་ཚུལ་འདི་གསར་འགོད་པ་ཚོར་མཁོ་སྤྲོད་བྱེད་མཁན་སུ་ཡིན་མིན་རྩད་གཅོད། གསར་འགོད་པ་ཚོར་ནང་ཁུལ་གྱི་གསང་བའི་གནས་ཚུལ་འདི་མཁོ་སྤྲོད་བྱེད་མཁན་རེད་སྙམ་པའི་དོགས་པ་བྱ་ཡུལ་གྱི་ཐོ་གཞུང་དེར་མི་བཅུའི་མིང་ཐོ་བཀོད། གལ་སྲིད་ཐོ་གཞུང་དེར་བཀོད་པའི་མི་སུ་ཞིག་གིས་གསར་འགོད་པ་ཚོར་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པ་ར་འཕྲོད་ན་མི་དེ་ལས་གནས་ནས་ཕྱིར་ཕུད་གཏོང་བ་སོགས་ཀྱི་ཉེས་ཆད་གཅོད་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ད་ལྟའི་བར་དུ་ཨ་རིའི་གྲོས་ཚོགས་གོང་འོག་གི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་སྲིད་འཛིན་ཌོ་ནལ་ཊམ་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱེད་མི་ཕོད། ད་ལྟ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཞིབ་འཇུག་བྱས་ནས་ཨུ་རུ་སུའི་གསང་བའི་ལས་ཁང་གིས་དངུལ་སྒོར་སྤྲད་དེ་ཨ་མི་རི་ཀའི་དམག་མི་གསོད་དུ་བཅུག་ཡོད་མེད་གསལ་པོ་བྱ་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ་མགོ་བརྩམས། སྲིད་འཛིན་ཌོ་ནལ་ཊམ་གྱིས་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་ལ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གདན་འདྲེན་ཞུ་རྒྱུ་ཡིན་ཟེར་གྱི་ཡོད་པར་བསྐྱར་དུ་བསམ་བློ་གཏོང་དགོས་ཞེས་ནན་སྐུལ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG