ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཨུ་རུ་སུ་དང་ཡུཀ་རེན་གྱིས་ཞི་བདེ་མ་གླེང་བར་གྲོས་མོལ། 


༄༅།། ཉེ་ཆར་ཨིན་རྡུ་ནེ་ཤི་ཡའི་བྷ་ལི་ས་གནས་སུ་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོའི་ཚོགས་ཆེན་སྐབས་དེར་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་དམག་འཁྲུག་མཇུག་སྒྲིལ་གྱི་ཞི་བའི་གྲོས་གཞི་དོན་ཚན་བཅུ་གསལ་བསྒྲགས་སྤེལ། གྲོས་གཞི་དེར་༢༠༡༤་ལོར་ཨུ་རུ་སུས་བཙན་འཕྲོག་བྱས་པའི་ཁེ་རེ་མཱི་ཡ་གླིང་ཟུར་ཚུད་པའི་ཡུཀ་རེན་གྱི་ས་ཐོག་ནས་ཨུ་རུ་སུའི་དམག་དཔུང་ཡོད་དོ་ཅོག་ཕྱིར་འཐེན་བྱ་དགོས་ཞེས་འཁོད། ཕྱི་ཟླ་༡༢་པའི་ཚེས་༢༢་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱི་མི་མང་བརྒྱ་ཆ་༨༠་ལྷག་གིས་སྲིད་འཛིན་ཛེ་ལན་སི་ཀིས་ཨུ་རུ་སུ་ལ་གུ་བཤངས་མི་བྱེད་པར་ལངས་ཕྱོགས་མཁྲེགས་པོ་འཛིན་གྱི་ཡོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅིང་། དེ་བཞིན་ཕུ་ཊིན་གྱིས་ཀྱང་ལངས་ཕྱོགས་མཁྲེགས་པོ་བཟུང་སྟེ་ཡུཀ་རེན་གྱི་ས་ཆ་བརྒྱ་ཆ་༢༠་ཐམ་པ་བླངས་ཟིན་པ་རྣམས་ཨུ་རུ་སུའི་མངའ་ཁོངས་ཡིན་པར་ངོས་ལེན་བྱེད་ན་དམག་འཁྲུག་མཚམས་འཇོག་བྱེད་ཆོག་ཅེས་ཆ་རྐྱེན་བཏོན། ཡུཀ་རེན་གྱི་དམག་སྤྱི་ཚོས་ཨུ་རུ་སུས་སྐྱེས་པ་འབུམ་༣་དམག་ཁྲལ་བསྡུས་པ་ཚོར་སྦྱོང་བརྡར་ཐོབ་པའི་རྗེས་སུ་སླར་ཡང་ཡུཀ་རེན་ལ་ཕྱོགས་མང་པོ་ནས་དཔུང་འཇུག་བྱ་རྒྱུའི་བློ་འཚབ་བྱེད་དགོས་པར་གྱུར། ཏུར་ཀི་དང་ཨ་རབ་ཚོ་ཤོག་མཉམ་འབྲེལ་རྒྱལ་ཁབ། སོ་ཌི་ཨ་རེ་བྷི་ཡ་དང་ཕྱུག་བདག་ཨེབ་ར་མོ་ཝི་ཆི་སོགས་ཀྱིས་གཞུང་འབྲེལ་མ་ཡིན་པར་ལྐོག་ཏུ་ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་འཁྲུག་མཚམས་འཇོག་ཐུབ་ཐབས་སུ་བར་འདུམ་གྱི་ལས་སུ་བྲེལ། ཨུ་རུ་སུ་དང་ཡུཀ་རེན་གྱི་འབྲེལ་ཡོད་མི་སྣ་ཁག་དང་ནུབ་ཕྱོགས་ཀྱི་ཕྱི་འབྲེལ་མི་སྣ་ཁག ཚོང་པ་དང་གསང་ཉུལ་རྣམས་གསར་འགོད་པའི་མིག་འོག་ཏུ་མ་ཚུད་པར་ཨ་བྷུ་དྷ་བྷི་དང་ཨན་ཀ་ར། ཧེལ་སིན་ཀི་དང་ཝི་ཡ་ན་སོགས་སུ་ཐུག་འཕྲད་གྲོས་མོལ་བྱེད་ཐུབ་ཀྱི་ཡོད་ཀྱང་ཞི་བདེ་བསྐྲུན་ཐབས་སུ་ཕྱོགས་ཁག་ཚང་མས་གྲོས་མོལ་དོན་སྙིང་ལྡན་པ་ཞིག་བྱེད་ཀྱི་ཡོད་པའི་རྟགས་མཚན་མ་ཐོན། ཨུ་རུ་སུ་དང་ཡུཀ་རེན་གཉིས་ཀས་རང་གི་ལངས་ཕྱོགས་མཁྲེགས་པོ་བཟུང་སྟེ་ཕ་རོལ་པོས་གུ་བཤངས་བྱ་དགོས་ཞེས་ཨུ་ཚུགས་མཐར་སྐྱེལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༢་པའི་ཚེས་༢༡་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་ཨ་མི་རི་ཀར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འཚམས་འདྲིར་ཕེབས་ཏེ་ཕོ་བྲང་དཀར་པོར་སྲིད་འཛིན་བྷ་ཌན་དང་མཇལ་འཕྲད་གྲོས་མོལ་གནང་ནས་གསར་འགོད་ལྷན་ཚོགས་བསྐོངས་། དེའི་རྗེས་སུ་སྲིད་འཛིན་ཛེ་ལན་སི་ཀིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྒྱས་འཛོམས་ལ་གསུང་བཤད་གནང་ཞིང་། སྲིད་འཛིན་ཛེ་ལན་སི་ཀིས་དྲང་སྙོམས་ཀྱི་ཞི་བདེ་བསྐྲུན་ནས་འཐབ་འཁྲུག་མཇུག་བསྒྲིལ་དགོས་ཞེས་ནན་བརྗོད་བྱས་གྲོས་གཞི་བཏོན། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་སྲིད་འཛིན་ཛེ་ལན་སི་ཀིས་སྲིད་འཛིན་བྷ་ཌན་དང་གྲོས་ཚོགས་འཐུས་མི་ཚོར་དྲང་སྙོམས་ཀྱི་ཞི་བདེ་བསྐྲུན་ཐབས་གཙིགས་སུ་བཟུང་ནས་གྲོས་མོལ་བྱས་སོང་ཞེས་བསྟན། སྲིད་འཛིན་ཛེ་ལན་སི་ཀིས་ང་ཚོས་ཨུ་རུ་སུར་གུ་བཤངས་བྱས་ནས་དྲང་སྙོམས་ཀྱི་ཞི་བདེ་ཞིག་ནམ་ཡང་བསྐྲུན་ཐབས་བྱ་རྒྱུ་མིན། ཁོ་བོ་སྲིད་འཛིན་ཞིག་ཡིན་པའི་ཆ་ནས་དྲང་སྙོམས་ཀྱི་ཞི་བདེ་བསྐྲུན་དགོས་ཟེར་གྱི་ཡོད་པ་ནི་གུ་བཤངས་བྱ་རྒྱུ་མིན་པའི་གོ་དོན་ཡིན། ངས་ཡུཀ་རེན་གྱི་ས་ཆ་བློས་གཏོང་བའམ། ཡང་ན་རྒྱལ་ཁབ་ཀྱི་བདག་དབང་བློས་བཏང་སྟེ་ཞི་བདེ་བསྐྲུན་པའི་ཐབས་ལམ་ཞིག་རྙེད་རྒྱུ་ཡིན་པ་བློ་ཡུལ་དུ་གཏན་ནས་འཆར་ཐབས་བྲལ། ངས་སྲིད་འཛིན་བྷ་ཌན་ལ་ཞི་བའི་གྲོས་གཞི་དོན་ཚན་བཅུ་ཕུལ་ཡོད་ཅེས་ཨ་རིའི་གྲོས་ཚོགས་སུ་གསུང་བཤད་གནང་བའི་སྐབས་སུ་དེ་ལྟར་བསྒྲགས། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་སྲིད་འཛིན་ཛེ་ལན་སི་ཀིས་སྲིད་འཛིན་བྷ་ཌན་ལ་ཕུལ་བའི་ཞི་བའི་གྲོས་གཞི་དོན་ཚན་བཅུ་ནི་ཟླ་བ་སྔོན་མར་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་བཀྲམ་པའི་ཡིག་ཆ་དེ་རེད་ཅེས་བཀྲལ། ཡུཀ་རེན་གྱི་རྒྱབ་སྐྱོར་བ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྲིད་འཛིན་ཛེ་ལན་སི་ཀིའི་ཕུགས་ཀྱི་འཆར་གཞི་ཅི་ཡིན་ཤེས་རྟོགས་མ་ཐུབ་པར་བློ་འཚབ་བྱེད་དགོས་པར་གྱུར། སྲིད་འཛིན་བྷ་ཌན་གྱིས་དམག་འཁྲུག་འདི་ཇི་ལྟར་མཇུག་བསྒྲིལ་རྒྱུ་ཡིན་མིན་ནི་སྲིད་འཛིན་ཛེ་ལན་སི་ཀིས་ཐག་གཅོད་བྱ་དགོས་ཞེས་བཤད།།

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་དང་ཨུ་རུ་སུ་གཉིས་ཀྱི་རྩོད་གཞི་ཆེན་པོ་ཞིག་ཛ་པོ་རི་ཤི་ཡ་རྡུལ་ཕྲན་གློག་ཁང་ཡིན་ཞིང་། ཕྱི་ཟླ་༡༢་པའི་མགོ་སྟོད་དེར་ཨུ་རུ་སུ་དང་ཡུཀ་རེན་གཉིས་ཛ་པོ་རི་ཤི་ཡ་རྡུལ་ཕྲན་གློག་ཁག་ལ་སྲུང་སྐྱོབ་བྱ་དགོས་པའི་གྲོས་མཐུན་བྱུང་བའི་གནས་ཚུལ་ཐོན། ཡིན་ནའང་ཛ་པོ་རི་ཡ་རྡུལ་ཕྲན་གློག་ཁང་ལ་སྲུང་སྐྱོབ་ཇི་ལྟར་བྱ་དགོས་མིན་ཐད་ཨུ་རུ་སུ་དང་ཡུཀ་རེན་གཉིས་གྲོས་འཆམ་མ་བྱུང་། ཡུཀ་རེན་གྱིས་ཛ་པོ་རི་ཤི་ཡ་རྡུལ་ཕྲན་གློག་ཁང་ནས་ཨུ་རུ་སུའི་དམག་མི་དང་ལས་བྱེད་པ་རྣམས་ཕྱིར་འཐེན་བྱ་དགོས་ཟེར། ད་ལོའི་ཕྱི་ཟླ་༡༠་པའི་ནང་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་འགོ་ཁྲིད་ཚོས་ཡུཀ་རེན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་ནས་ཐུན་མོང་གི་གསལ་བསྒྲགས་སྤེལ། ཨུ་རུ་སུའི་གཞུང་གིས་ཛ་པོ་རི་ཤི་ཡ་རྡུལ་ཕྲན་གློག་ཁང་ནས་དམག་དཔུང་ཕྱིར་འཐེན་བྱས་ན་རྒྱལ་ནང་གི་མི་རིགས་རིང་ལུགས་པ་ཚོས་ངོ་རྒོལ་འབྱུང་སྲིད། ཡུཀ་རེན་གྱིས་ཛ་པོ་རི་ཤི་ཡ་རྡུལ་ཕྲན་གློག་ཁང་ཨུ་རུ་སུར་གཏོར་རྒོལ་བྱེད་པའི་དམག་ས་ཞིག་ཏུ་འགྱུར་ངེས་རེད་ཅེས་དམག་དཔུང་ཕྱིར་འཐེན་བྱ་རྒྱུར་མ་འཐད། ཨུ་རུ་སུ་དང་ཡུཀ་རེན་གྱི་འགལ་ཟླ་གཞན་པ་ཞིག་ནི་རྫས་ལུད་ཕྱིར་ཚོང་ལ་ཐུག་ཡོད་པ་དང་སྔོན་ཆད་ཨུ་རུ་སུའི་རྫས་ལུད་རྣམས་ཡུཀ་རེན་གྱི་ཨོ་དྷེ་ས་མཚོ་ཁ་ནས་ཕྱི་ལ་བཙོངས། ཡུཀ་རེན་གྱི་དམག་འཁྲུག་ལངས་པའི་རྗེས་སུ་ཨོ་དྷེ་ས་མཚོ་ཁ་ནས་བརྒྱུད་ནས་ཨུ་རུ་སུའི་རྫས་ལུད་ཕྱིར་ཚོང་བྱས་མ་ཐུབ་པར་ལུས། ཟླ་བ་སྔོན་མའི་ཚེས་༡༧་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨུ་རུ་སུ་དང་ཡུཀ་རེན་གྱི་སྐུ་ཚབ་ཚོས་རྫས་ལུད་ཕྱིར་ཚོང་བྱེད་ཕྱོགས་སུ་གྲོས་མོལ་བྱ་དགོས་པའི་ནན་སྐུལ་བྱས་ཀྱང་གྲུབ་འབྲས་མ་ཐོན།།

གཟའ་ཕུར་བུའི་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུ་དང་ཡུཀ་རེན་གཉིས་ཀྱིས་བཟུང་དམག་བཙོན་པ་བརྗེ་རེས་དང་ཡུཀ་རེན་གྱི་འབྲུ་རིགས་ཕྱིར་ཚོང་སོགས་ལ་གྲོས་མོལ་བྱེད་ཀྱི་ཡོད་ཀྱང་དམག་འཁྲུག་མཇུག་སྒྲིལ་གྱི་འགག་རྩ་དེར་གྲོས་མོལ་བྱས་མ་ཐུབ་པར་འགགས། སྲིད་འཛིན་ཛེ་ལན་སི་ཀིས་ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་བཅས་ལ་གསུང་བཤད་གནང་བ་ཁག་ཏུ་ཡུཀ་རེན་གྱིས་ས་ཆ་བློས་གཏོང་རྒྱུ་དང་ཨུ་རུ་སུར་གུ་བཤངས་བྱས་ནས་དམག་འཁྲུག་མཇུག་སྒྲིལ་གྱི་རྟགས་མཚན་གང་ཡང་བསྟན་མེད་པའི་གནས་ཚུལ་ཐོན་འདུག སྲིད་འཛིན་བྷ་ཌན་དང་སྲིད་འཛིན་ཛེ་ལན་སི་ཀི་གཉིས་ཐུག་འཕྲད་གྲོས་མོལ་རྗེས་སུ་གསར་འགོད་ལྷན་ཚོགས་བསྡུས། ཨ་རི་དང་ཡུཀ་རེན་གྱི་དབུ་ཁྲིད་གཉིས་དམག་འཁྲུག་དེ་འཕེལ་རིམ་གསར་པ་ཞིག་ཏུ་བསླེབས་ཡོད་པ་དགོངས་པ་རྩེ་མཐུན་བྱུང་། སྲིད་འཛིན་བྷ་ཌན་ལ་ཐུག་འཕྲད་དེར་གྲུབ་འབྲས་ཡག་པོ་ཞིག་ཐོན་རྒྱུ་ཡོད་པའི་གདེང་ཚོད་མེད་པ་དང་སྲིད་འཛིན་ཛེ་ལན་སི་ཀིས་ཉེན་ཁར་མ་འཛེམས་པར་ཝ་ཤིང་ཊོན་དུ་འཚམས་འདྲིར་ཕེབས་ནས་གྲུབ་འབྲས་ཤིག་ཐོན་རྒྱུ་ཡོད་པའི་ཡིད་ཆེས་མེད་ན་ཨ་མི་རི་ཀར་འཚམས་འདྲིར་ཕེབས་མི་སྲིད། ཨུ་རུ་སུས་དམག་མི་མང་དུ་བཏང་སྟེ་ཡུཀ་རེན་གྱི་གློག་ཁང་ཁག་ལ་གཏོར་རྒོལ། ཡུཀ་རེན་གྱི་མི་མང་དཀྱུས་མ་རྣམས་མིག་འབེན་དུ་བཟུང་ནས་གཏོར་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་སོང་། ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་འཁྲུག་འདི་རྒྱལ་ཕམ་རྟིང་ཐག་མ་ཆོད་པར་ཡུན་རིང་འགོར་རྒྱུའི་ཉེན་ཁ་ཆེ་བས་སྲིད་འཛིན་བྷ་ཌན་གྱིས་སྲིད་འཛིན་ཛེ་ལན་སི་ཀི་ཝ་ཤིང་ཊན་དུ་གདན་འདྲེན་ཞུས། ཡུཀ་རེན་གྱི་སྲིད་འཛིན་ཡང་དམག་འཁྲུག་གི་སྐབས་སུ་ཨ་མི་རི་ཀར་མཚམས་འདྲིར་ཕེབས་མོད། འོན་ཀྱང་ཡུཀ་རེན་གྱི་དམག་འཁྲུག་འདི་ཇི་ལྟར་མཇུག་བསྒྲིལ་རྒྱུ་ཡིན་མིན་ནི་ཚོད་དཔག་བྱེད་དཀའ། སྲིད་འཛིན་ཛ་ལན་སི་ཀིས་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོར་གསུང་བའི་བཤད་བའི་སྐབས་དེར་ཡུཀ་རེན་གྱི་དམག་འཁྲུག་དེ་ཨ་མི་རི་ཀའི་རང་བཙན་དམག་འཁྲུག་དང་འཛམ་གླིང་དམག་ཆེན་གཉིས་པའི་ཡུ་རོབ་ཀྱི་དམག་འཁྲུག་ཁག་ལ་འབྲེལ་བ་མཐུད། ཁོང་གིས་ཆེད་མངགས་དམག་ཆས་ཀྱི་སྟོད་གོས་དང་ལྷམ་གྱོན་ཏེ་དམག་འཁྲུག་གི་དུས་ཀྱི་འགོ་ཁྲིད་ཅིག་གི་རྣམ་པ་གང་ལེགས་སྟོན་ཐུབ་ཡོད་པར་མ་ཟད། ཨ་མི་རི་ཀ་བ་བྱིངས་རྣམས་བློ་ཁ་ཡག་པོ་འགུགས་ཐུབ་སོང་ཞེས་གནས་ཚུལ་སྤེལ་འདུག

སྲིད་འཛིན་ཛེ་ལན་སི་ཀིས་ཨ་མི་རི་ཀའི་མི་དམངས་ལ་ཉི་མ་གཉིས་ཀྱི་རྗེས་སུ་སྟོན་པ་ཡེ་ཤུའི་འཁྲུངས་སྐར་རེད། ང་ཚོས་ལཱ་སྒྲོན་སྦར་ནས་དུས་ཆེན་དེར་སྲུང་བརྩི་ཞུ་ཡི་ཡོད། དེ་ནི་ང་ཚོ་དགའ་དྲགས་པས་མིན་པར་ཨུ་རུ་སུས་ཡུཀ་རེན་གྱི་གློག་ཁང་ཁག་ལ་གཏོར་རྒོལ་བྱས་ནས་མུན་ནག་ནང་དུ་ལུས་ཡོད། ཨ་མི་རི་ཀས་ཡུཀ་རེན་ལ་དངུལ་སྒོར་རོགས་རམ་སྤྲད་པ་རྣམས་སྦྱིན་པ་བཏང་བ་ཞིག་མིན་པར་འཛམ་གླིང་གི་བདེ་འཇགས་དང་དམངས་གཙོར་སྲུང་སྐྱོབ་ཀྱི་མ་རྩ་བཙུགས་པ་ཞིག་རེད། ང་ཚོས་ཨ་རིའི་རོགས་དངུལ་རྣམས་ཆུད་ཟོས་སུ་མི་གཏོང་བར་དམིགས་སྒོ་ཁག་ལ་འགྲོ་གྲོན་ཚུལ་བཞིན་གཏོང་ངེས་ཡིན། ཨུ་རུ་སུའི་བཙན་འཛུལ་དམག་འཁྲུག་འདི་ཡུཀ་རེན་མི་དམངས་ཀྱི་འཚོ་གནས་དང་རང་དབང་། བདེ་འཇགས་བཅས་ལ་འབྲེལ་བ་ཡོད་པ་ཁོ་ན་མིན། དམག་འཁྲུག་འདི་ཨུ་རུ་སུས་བཙན་འཛུལ་བྱེད་འདོད་ཡོད་པའི་རྒྱལ་ཁབ་ཀུན་གྱི་བདེ་འཇགས་དང་རང་དབང་ལ་འབྲེལ་བ་ཆགས་འདུག ཡུཀ་རེན་གྱི་འཐབ་རྩོད་འདི་ང་ཚོའི་བུ་རབས་ཚ་རྒྱུད་རྣམས་འཛམ་གླིང་གང་འདྲ་ཞིག་གི་ནང་དུ་འཚོ་གནས་བྱེད་དུ་འཇུག་རྒྱུ་ཡིན་མིན་ལ་འབྲེལ་བ་དམ་ཟབ་ཡོད་ཅེས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་སྲིད་དོན་པ། ཨ་མི་རི་ཀ་བ་ཁག་ཅིག་གིས་ཡུཀ་རེན་ནི་རྒྱང་ཐག་རིང་པོ་ཡིན་པ་དང་རྒྱལ་ཁབ་དེར་ཨ་སྒོར་དུང་ཕྱུར་མང་པོ་རོགས་རམ་སྤྲོད་དགོས་དོན་མེད་ཅེས་བསམ་བློ་གཏོང་གི་ཡོད་པ་ཚོར་གསལ་བཀྲོལ་ངོ་འཕྲོད་པ་ཞིག་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG