ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༢/༠༥/༡༩

ཧོང་ཀོང་གཞུང་གིས་དམངས་གཙོའི་ལྷ་མོའི་སྐུ་བརྙན་ཕྱིར་བསྡུ།


༄༅།། ཧོང་ཀོང་གི་སློབ་ཆེན་ཁག་ཏུ་༡༩༨༩་ལོར་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་པའི་རྗེས་དྲན་དུ་སྐུ་བརྙན་དང་རྡོ་རིང་སོགས་བཞེངས། ད་ལྟའི་བར་དུ་ཧོང་ཀོང་གི་ས་ཐོག་ཏུ་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་དྲན་གསོ་བྱེད་ཀྱི་ཡོད་ཀྱང་གཟའ་འཁོར་འདིར་ཧོང་ཀོང་གི་ས་ཐོག་ཏུ་བཞེངས་ཡོད་པའི་རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་གྱི་རྗེས་དྲན་མཚོན་རྟགས་རྣམས་ཤུལ་མེད་དུ་གཏོང་གི་ཡོད་པ་སྟེ། ཁ་སང་གཟའ་ཕུར་བུའི་ཉིན་ཧོང་སློབ་གྲྭ་ཆེན་མོར་བཙུགས་ཡོད་པའི་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་སྐབས་སུ་ཚེ་སྲོག་ཤོར་བའི་སློབ་ཕྲུག་ཚོར་རྗེས་དྲན་བྱེད་པར་སྐུ་བརྙན་རྡོ་རིང་ཞིག་བཞེངས་ཡོད་པ་ཕྱིར་བསྡུ་བྱས་ཤིང་། ཕྱི་ཟླ་༡༢་པའི་ཚེས་༢༤་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༡༩༨༩་ལོར་རྒྱ་ནག་གི་སློབ་ཕྲུག་ཚོས་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་ཁ་སྤྲོད་དུ་དམངས་གཙོའི་ལྷ་མོའི་སྐུ་བརྙན་ཞིག་བཞེངས་ནས་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བཅོས་གཏོང་དགོས་པའི་དགོས་འདུན་བཏོན། དེར་བརྟེན་ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོའི་ནང་དུའང་དམངས་གཙོའི་ལྷ་མོའི་སྐུ་བརྙན་ཞིག་བཞེངས། དེ་རིང་གཟའ་པ་སངས་ཉིན་ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོས་དམངས་གཙོའི་ལྷ་མོའི་སྐུ་བརྙན་དེ་ཕྱིར་བསྡུ་བྱས་པའི་གནས་ཚུལ་ཐོན་འདུག འདི་ནི་རྒྱ་ནག་དམར་ཤོག་གཞུང་གིས་ལོ་༣༢་ཀྱི་གཞུག་ཏུའང་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ནག་སུབ་གཏོང་ཐབས་དང་ཧོང་ཀོང་གི་དམངས་གཙོའི་ལམ་ལུགས་རྩ་མེད་གཏོང་ཐབས། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་དབང་སྒྱུར་བྱ་རྒྱུ་ཉིན་རེའི་བཞིན་ཤུགས་ཆེན་རུ་འགྲོ་བཞིན་པའི་རྟགས་མཚན་རེད་ཅེས་གནས་ཚུལ་སྤེལ་འདུག

ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོས་དམངས་གཙོའི་ལྷ་མོའི་སྐུ་བརྙན་ཕྱིར་བསྡུས་བྱས་པ་ངེས་གཏན་དང་ཁོ་ཚོས་ཐོག་མ་ནས་སློབ་ཆེན་དེར་དམངས་གཙོའི་ལྷ་མོའི་སྐུ་བརྙན་ཞིག་འཛུགས་ཆོག་པའི་འཁྲོལ་ཆ་སྤྲད་མེད། ཚོགས་པ་དང་སྒྲིག་འཛུགས་གཅིག་གིས་ཀྱང་དམངས་གཙོའི་ལྷ་མོའི་སྐུ་བརྙན་དེར་བདག་གཅེས་དང་གཅེས་ཉར་གྱི་འགན་ཁུར་ལེན་གྱི་མི་འདུག ང་ཚོར་སློབ་ཆེན་འདིའི་སློབ་གླིང་ཡོངས་ལ་བདག་གཅེས་བྱེད་དགོས་པའི་འགན་ཁུར་ཡོད་པས་སྐུ་བརྙན་དེ་ཕྱིར་བསྡུ་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་གསལ་བསྒྲགས་སྤེལ། ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོར་བཞེངས་པའི་དམངས་གཙོའི་ལྷ་མོའི་སྐུ་བརྙན་དེར་མཐོ་ཚད་མཱི་ཊར་༦་དང་གྲངས་ཆུང་༤་ཡོད་ཅིང་། སྐུ་བརྙན་དེའི་ཕྱག་ཏུ་དཔལ་འབར་མཐོན་པོར་བསྒྲེངས་ཏེ་དཔའ་ཉམས་ཤིག་ཐོན། མདང་དགོང་མཚན་ལ་ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོས་དམངས་གཙོའི་ལྷ་མོའི་སྐུ་བརྙན་བསྡུ་གསོག་བརྒྱབ། ༡༩༨༩་ལོར་རྒྱ་ནག་གི་སློབ་ཕྲུག་ཚོས་རང་དབང་དང་དམངས་གཙོའི་ཆེད་དུ་གནམ་བདེ་སྒོ་མོ་ཆེའི་ཐང་ལ་རང་དབང་ལྷ་མོའི་སྐུ་བརྙན་ཞིག་བཞེངས་པར་མ་ཟད། ཧོང་ཀོང་གི་འཇིམ་བཟོ་བ་ཁྲེན་ཝེ་མིང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལྷ་མོའི་སྐུ་བརྙན་ལ་དཔེ་བལྟས་ནས་མཐོ་ཚད་ཁྲུ་༣༠་ཡོད་པའི་ཞ་རྡོའི་འབག་གསོབ་ཀྱི་དམངས་གཙོའི་ལྷ་མོའི་སྐུ་བརྙན་ཞིག་བཞེངས། ཧོང་ཀོང་གི་རྒྱ་ཡིག་སློབ་ཕྲུག་ཆེན་མོའི་སློབ་ཕྲུག་ཟུར་པ་དང་རྫོང་སྡེའི་འཐུས་མི་ཧྥི་ལིཀ་སི་ཆའོ་ཞེས་པ་ཞིག་གིས་ང་ནི་སེམས་པ་སྐྱོ་བ་དང་ཧང་སང་སོང་། སྐུ་བརྙན་དེས་སློབ་ཆེན་གྱི་ཁོར་ཡུག་དེ་ཉིད་གུ་ཡངས་ཡིན་པ་མཚོན་ཐུབ། སྐུ་བརྙན་དེས་ཤེས་ཡོན་སློབ་གཉེར་གྱི་རང་དབང་ཡང་མཚོན་ཡོད། ད་ནས་སློབ་ཆེན་འདིར་སྔར་བཞིན་རང་དབང་གི་སྒོ་ནས་ཤེས་ཡོན་སློབ་གཉེར་བྱེད་ཆོག་པ་དང་སྨྲ་བརྗོད་རང་དབང་ཡོད་པའི་ངེས་པ་མི་འདུག་ཅེས་རོ་ཡེ་ཊར་གསར་འགྱུར་ལས་ཁང་གི་གསར་འགོད་པར་སེམས་གཏམ་བཤད་འདུག

ད་དུང་ཧོང་ཀོང་གི་ལིང་ནན་སློབ་གྲྭ་ཆེན་མོའི་ནང་དུ་གནམ་བདེ་སྒོ་མོའི་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་རྗེས་དྲན་གྱི་རྩིག་གྱང་ཞིག་བཞེངས་ཡོད་པའང་ཕྱིར་བསྡུ་བྱས་ཡོད་པར་མ་ཟད། སློབ་ཆེན་དེའི་སློབ་ཕྲུག་གི་ཚོགས་ཁང་ཆེན་མོར་སྐུ་མདོག་དམར་པོ་ཅན་གྱི་དམངས་གཙོའི་ལྷ་མོའི་སྐུ་བརྙན་ཞིག་བྲིས་ཡོད་པའི་སྟེང་དུ་སྐྱ་ཚོན་བྱུགས་ནས་བསུབས། སློབ་ཆེན་དེར་བཞེངས་ཡོད་པའི་རྩིག་གྱང་ངོས་སུ་དམངས་གཙོའི་ལྷ་མོའི་སྐུ་བརྙན་ཞིག་དང་རྒྱ་ནག་གི་སློབ་ཕྲུག་གཅིག་གིས་ལྕགས་ཁྲབ་འཁོར་ལོ་རྣམས་བཀག རྒྱ་དམག་གིས་མེ་མདའ་བརྒྱབ་ནས་སློབ་ཕྲུག་ཚོ་དམར་གསོད་བྱས་ནས་འཆི་རྨས་བྱུང་བ་རྣམས་འཁྱེར་གྱི་ཡོད་པ་སོགས་ཀྱི་རི་མོ་རྣམས་བརྐོས། རྩིག་གྱང་དང་སྐུ་བརྙན་གསར་བཟོ་བྱེད་མཁན་སྒྱུ་རྩལ་བ་ཁྲེན་ཝེ་མིང་གིས་རང་གི་སྒྱུ་རྩལ་གྱི་ཐོན་རྫས་ལ་གས་ཆག་སོགས་བཏང་སྟེ་སྐྱོན་བྱུང་དུ་བཅུག་ཡོད་ན་ལིང་ནན་སློབ་གྲྭ་ཆེན་མོ་ཁྲིམས་ལ་གཏུགས་ནས་ཁ་མཆུ་འཛུགས་རྒྱུ་ཡིན་ཞེས་བཤད། ལིང་ནན་སློབ་གྲྭ་ཆེན་མོས་རོ་ཡེ་ཊར་གསར་འགྱུར་ལས་ཁང་ལ་རྩིག་གྱང་དང་སྐུ་བརྙན་དེ་རྣམས་ཁྲིམས་མཐུན་ཡིན་མིན་དང་བདེ་འཇགས་ཡིན་མིན་གྱི་གཞི་རྩའི་ཐོག་ཏུ་ཕྱིར་བསྡུ་བྱས་པ་ཡིན་ཞེས་གློག་འཕྲིན་ཞིག་བཏང་འདུག སྒྱུ་རྩལ་བ་ཁྲེན་ཝེ་མིང་གིས་གཟའ་འཁོར་འདིར་ཧོང་ཀོང་སློབ་གྲྭ་ཆེན་མོའི་ནང་དུ་བཙུགས་ཡོད་པའི་མཐོ་ཚོད་མཱི་ཊར་བརྒྱད་ཅན་གྱི་དྲུག་བཞིའི་ལས་འགུལ་གྱི་རྗེས་དྲན་སྐུ་བརྙན་རྡོ་རིང་དེ་རྒྱ་གཞུང་གིས་ཕྱིར་བསྡུ་བྱས་སོང་། རྡོ་རིང་དེ་ལོ་བཅུ་ཕྲག་གཉིས་ལྷག་ལ་ཧོང་ཀོང་སློབ་གྲྭ་ཆེན་མོར་བཙུགས་པ་རེད་ཅེས་བཀྲལ།།

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་༡༩༨༩་ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་སྐབས་སུ་སློབ་ཕྲུག་ཅི་ཙམ་དམར་གསོད་བྱས་པ་དང་མི་ཅི་ཙམ་འཛིན་བཟུང་བྱས་པ་སོགས་ཀྱི་ཁ་གྲངས་གསལ་པོ་ཞིག་གཏན་ནས་ཕྱིར་བསྒྲགས་མ་བྱས་པར་གསང་བ་བྱ་རྒྱུ། རྒྱ་ནག་དང་ཧོང་ཀོང་། ཨོ་མེན་དམིགས་བསལ་ས་ཁུལ་བཅས་སུ་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་རྗེས་དྲན་དང་བགྲོ་གླེང་། གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་གྱི་པར་རིས་དང་བརྙན་ཐུང་། དཔེ་དེབ་དང་ཡིག་ཆ་སོགས་འགྲེམ་སྤེལ་བྱེད་མི་ཆོག་པའི་དམ་དྲག ལོ་གཉིས་ཀྱི་སྔོན་ནས་ཧོང་ཀོང་དང་ཨོ་མེན་དམིགས་བསལ་ས་ཁུལ་དུ་རྒྱ་ནག་གི་དྲུག་བཞིའི་དུས་དྲན་སྐབས་སུ་མར་མེ་ཁྲོམ་སྐོར་དང་སློབ་ཕྲུག་འདས་པོ་ཚོར་མྱ་ངན་གྱི་ལས་འགུལ་སྤེལ་མི་ཆོག་པའི་བཀག་སྡོམ་བྱེད་འགོ་ཚུགས། ཧོང་ཀོང་གི་སྒྱུ་རྩལ་བ་ཁྲེན་ཝེ་མིང་གིས་རྒྱ་ནག་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་ལེན་བསྟར་ནས་བཟུང་། གསར་འགོད་རང་དབང་དང་འདུ་འཛོམ་རང་དབང་། སྨྲ་བརྗོད་རང་དབང་གི་ཐོབ་ཐང་རྣམས་རྩ་མེད་གཏོང་གི་འདུག ཁོ་ཚོས་གདུག་རྩུབ་ཀྱི་དྲག་གནོན་བྱས་པ་དེ་རྒྱ་ནག་གི་ལོ་རྒྱུས་ནང་ནས་སུབ་ཐབས་བྱེད་ཀྱི་ཡོད་པ་རེད། ཁོ་ཚོ་མཚན་ལ་རྐུན་མ་ལྟར་ཡོང་ནས་དམངས་གཙོའི་ལྷ་མོའི་སྐུ་བརྙན་ཕྱིར་བསྡུ་བྱས་པ་ནི་མ་འོས་པ་ཞིག་ཡིན་པ་དང་གནོང་ཡོད་པ། སློབ་ཕྲུག་ཚོས་དེ་ལ་ངོ་རྒོལ་བྱ་རྒྱུར་སྐྲག་གི་ཡོད་པའི་རྟགས་མཚན་རེད། ཁོ་ཚོས་ཧོང་ཀོང་ལ་སྔ་མོ་ནས་ལྟ་གྲུབ་འདྲ་མིན་ཞིག་དར་ཡོད་པའི་ལམ་ལུགས་དེ་སྣུབ་ཀྱི་ཡོད་པ་རེད་ཅེས་ཁ་རྡུང་བཏང་ཞིང་། རྒྱ་ནག་གི་དྲུག་བཞིའི་ལས་འགུལ་སྐབས་ཀྱི་སློབ་ཕྲུག་གི་འགོ་ཁྲིད་དང་དམངས་གཙོ་དོན་གཉེར་བ་ཝང་ཏན་གྱིས་རྒྱ་ནག་གཞུང་གིས་ཐ་ཤལ་གྱི་ཐབས་ཇུས་ཤིག་ལ་བརྟེན་ནས་ཁྲག་དྲི་བྲོ་བའི་དྲག་གནོན་གྱི་ལེའུ་དེ་སུབ་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་ངོ་དེབ་ནང་དུ་འཕྲིན་ཐུང་ཞིག་སྤེལ། ཧོང་ཀོང་གི་ལས་འགུལ་ཚོགས་པའི་གཙོ་འཛིན་སེ་མུལ་ཁྲུས་༡༩༩༧་ནི་ཧོང་ཀོང་ལ་རང་དབང་ཐོབ་པའི་དུས་སྐབས་དང་༢༠༢༡་ནི་ཧོང་ཀོང་གི་རང་དབང་རྣམས་དུར་ཁུང་དུ་བཅུག་པའི་ལོ་ཞིག་རེད་ཅེས་གསལ་བསྒྲགས་སྤེལ།།

༡༩༩༧་ལོར་རྒྱ་ནག་གིས་དབྱིན་ཇིའི་ལག་ནས་ཧོང་ཀོང་གི་བདག་དབང་རྩིས་བླངས། རྒྱ་ནག་གིས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཡིན། ལོ་༥༠་ཐམ་པའི་རིང་དུ་རྒྱ་ནག་གིས་ཧོང་ཀོང་ལ་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་ཆོག་ཆེས་ཁས་བླངས་ཀྱང་རིམ་བཞིན་རྒྱ་ནག་གི་འགོ་ཁྲིད་ཚོ་ཁ་དན་ཚིག་ལ་མ་གནས། ༢༠༡༩་ལོར་ཧོང་ཀོང་མི་དམངས་ཀྱིས་མངའ་ཁུལ་དེའི་འགོ་ཁྲིད་དང་གྲོས་ཚོགས་འཐུས་མི་རྣམས་དམངས་གཙོའི་ལམ་ནས་འོས་འདེམས་བྱེད་དུ་འཇུག་དགོས་ཞེས་ཟླ་བ་མང་པོར་ངོ་རྒོལ་ལས་འགུལ་སྤེལ། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཞེས་པ་ཞིག་གཏན་ལ་ཕབ་ནས་མངའ་ཁུལ་དེའི་རང་དབང་གི་ཐོབ་ཐང་ཡོད་དོ་ཅོག་དང་གུ་ཡངས་ཀྱི་ལམ་སྲོལ་རྣམས་ཕྱིར་བསྡུ་བྱས་ཤིང་། ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་སོགས་དམངས་གཙོའི་ཕྱོགས་གཏོགས་ཀྱི་གསར་འགྱུར་ལས་ཁང་ཁག་སྒོ་བརྒྱབ། གསར་ཁང་གི་བདག་པོ་དང་ལས་བྱེད་པ་རྣམས་འཛིན་བཟུང་བཙོན་འཇུག་བྱེད་པའམ། ཡང་ན་ལས་གནས་ནས་ཕྱིར་འབུད་བྱས་ཏེ་འཚོ་རྟེན་མེད་པར་གྱུར། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་འགོ་ཁྲིད་ཚོར་ལོ་མང་གི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་༢༠༡༩་ནས་ཧོང་ཀོང་བ་འབུམ་ཕྲག་མང་པོ་ཨ་མི་རི་ཀ་དང་དབྱིན་ཇི། ཨོ་གླིང་རྒྱལ་ཁབ་དང་ཁེ་ན་ཌ། ཐེ་ཝན་སོགས་ལ་སྐྱབས་བཅོལ་དུ་བྲོས། བདུན་ཕྲག་འདིར་རྒྱ་ནག་གི་ཕྱོགས་གཏོགས་པ་འབའ་ཞིག་ཧོང་ཀོང་གི་གྲོས་ཚོགས་འཐུས་མིར་བདམས། རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་རྒྱ་ནག་དབུས་གཞུང་དང་ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་གྱི་ལས་ཁུངས་སུ་ཁ་པར་བཏང་ནས་མངའ་ཁུལ་དེའི་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་རྗེས་དྲན་གྱི་མཚོན་རྟགས་རྣམས་ཕྱིར་བསྡུ་བྱས་དོན་ཅི་ཡིན་ཞེས་འདྲི་རྩད་བྱས་པར་ལན་འདེབས་གང་བྱས་མེད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG