ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་སྒོ་རྒྱ་བསྡམས་ནས་ཨ་རིའི་ཚོང་ལས་ཁག་ལ་གྱོང་གུད།


༄༅།། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་འགྲོ་འོང་བཀག་སྡོམ་ནན་པོ་བྱ་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར། ནུབ་ཕྱོགས་ཀྱི་ཚོང་ལས་མཐུན་ཚོགས་ཁག་གི་སྐུ་ཚབ་ཚོགས་པ་ཞིག་གིས་རྒྱ་ནག་ལ་སྒོ་རྒྱ་བསྡམས་ཡོད་པ་ལྷོད་ཡངས་གཏོང་དགོས། རྒྱ་ནག་ལ་དམ་དྲག་ཆེ་དྲགས་པའི་རྐྱེན་གྱིས་ནུབ་ཕྱོགས་པའི་བཟོ་ཚོང་ལས་ཁང་ཁག་ལ་གྱོང་གུད་ཕོག་སྟེ་བཟོ་ཚོང་ལས་ཁང་མང་དག་ཅིག་གིས་རྒྱ་ནག་གི་ཁྲོམ་རའི་ནང་དུ་མ་རྩ་འཛུགས་རྒྱུ་དེར་ཐེ་ཚོམ་གྱི་འཛིན་གྱིན་འདུག ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ཅིག་གིས་རྒྱ་ནག་ཏུ་ཚོང་ལས་གཉེར་རྒྱུ་མཚམས་བཞག་ནས་རྒྱལ་ཁབ་གཞན་ལ་གནས་སྤོར་བྱ་རྒྱུའི་བསམ་ཞིབ་བྱེད་ཀྱི་འདུག་ཅེས་གསལ་བཀྲོལ་བྱས་འདུག ཕྱི་ཟླ་༥་པའི་ཚེས་༩་ཉིན་རྒྱ་ནག་ཏུ་ཚོང་ལས་གཉེར་བཞིན་པའི་ཨ་མི་རི་ཀའི་ཚོང་ལས་མཐུན་ཚོགས་ཀྱིས་ཞིབ་འཇུག་སྙན་ཐོ་བཏོན་པ་དེར་འཁོད་པ་ལྟར་ན། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་དམ་དྲག་ཚད་ལས་བརྒལ་བ་ཞིག་བྱས་ནས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་བརྒྱ་ཆ་༥༠་ལྷག་གིས་རྒྱ་ནག་གི་ཁྲོམ་རའི་ནང་དུ་མ་རྩ་འཛུགས་རྒྱུ་ཕྱིར་འགྱངས་བྱས་པའམ། ཡང་ན་མ་རྩ་འཛུགས་རྒྱུ་ཉུང་དུ་བཏང་སྟེ་རྒྱལ་ཁབ་གཞན་གྱི་ཁྲོམ་རའི་ནང་དུ་ཚོང་ལས་ཀྱི་གོ་སྐབས་འཚོལ་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༤་པའི་ཚེས་༢༩་ནས་ཕྱི་ཟླ་༥་པའི་ཚེས་༥་བར་དུ་རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་བཞིན་པའི་ཨ་རིའི་བཟོ་ཚོང་ལས་ཁང་༡༢༡་ལ་སྐད་ཆ་དྲིས་ནས་སྙན་ཐོ་བྲིས། དེ་བཞིན་ཧྲང་ཧེ་གྲོང་ཁྱེར་དུ་སྒོ་རྒྱ་བསྡམས་ནས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་གྱོང་གུད་ཅི་ཙམ་ཕོག་ཡོད་མེད་ཀྱང་སྙན་ཐོའི་ནང་དུ་ཞིབ་ཕྲ་བཀོད། ཕྱི་ཟླ་༣་པའི་ཟླ་མཇུག་ནས་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་འགྲོ་འོང་བཀག་སྟེ་ཚོང་ལས་ཕལ་ཆེ་བ་མཚམས་ཆད། ཨ་རིའི་བཟོ་ཚོང་ལས་ཁང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༥༨་ལྷག་གིས་༢༠༢༢་ལོར་རྒྱ་ནག་གི་ས་ཐོག་ཏུ་ཁེ་སང་ཆེན་པོ་འཐོབ་རྒྱུ་མིན་པའི་རྩིས་རྒྱག་གི་ཡོད་ཅིང་། ཟླ་བ་སྔོན་མར་ཨ་རིའི་བཟོ་ཚོང་ལས་ཁང་བརྒྱ་ཆ་༥༤་ཡིས་ལོ་འདིར་ཁེ་སང་འཐོབ་རྒྱུ་མ་རེད་ཅེས་འདྲི་ཞིབ་སྐབས་སུ་ལན་བཏབ།།

རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པའི་སྟབས་ཀྱིས་བཟོ་ཚོང་ལས་ཁང་ཁག་ལ་ཕྱི་རྒྱལ་ནས་མཁོ་ངེས་ཀྱི་ལས་བྱེད་པ་ལེན་མི་ཐུབ་པ་དང་མི་ཁག་ཅིག་རྒྱ་ནག་ལ་ཡོང་འདོད་མེད་པར་དཀའ་ངལ་འཕྲད། ཨ་རིའི་ཚོང་ལས་མཐུན་ཚོགས་ཀྱི་གཙོ་འཛིན་ཀོལ་ལམ་ར་ཧྥེར་ཊིས་རྒྱ་ནག་གིས་མིའི་བདེ་ཐང་དང་བདེ་འཇགས་གཙིགས་སུ་འཛིན་གྱི་ཡོད་པ་རེད། ད་ལྟའི་གནས་སྟངས་འོག་རྒྱ་ནག་གི་ཁྲོམ་རའི་ནང་དུ་ཚོང་ལས་གཉེར་བཞིན་པའི་ཨ་རིའི་བཟོ་ཚོང་ལས་ཁང་ཁག་ལ་གྱོང་གུད་འཕོག་གི་འདུག ང་ཚོས་རྒྱ་ནག་གཞུང་ལ་དཔལ་འབྱོར་འཕེལ་རྒྱས་དང་སྒོ་འབྱེད། ནད་འགོག་གི་སྲིད་ཇུས་རྣམས་སྙོམས་པོ་ཞིག་འཛིན་དགོས་པའི་ནན་སྐུལ་བྱེད་བཞིན་ཡོད་ཅེས་བཀྲལ། ཡུ་རོབ་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་ཁང་བརྒྱ་ཆ་༢༣་ལྷག་གིས་རྒྱ་ནག་གི་ཁྲོམ་རའི་ནང་དུ་མ་རྩ་བཙུགས་ཡོད་པ་ཕྱིར་འཐེན་བྱ་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། འདི་ནི་ལོ་བཅུ་ཕྲག་གཅིག་གི་ནང་དུ་བྱུང་མྱོང་མེད་པའི་གནས་ཚུལ་ཡིན་པར་མ་ཟད། ཡུ་རོབ་མཉམ་འབྲེལ་གྱི་ཚོང་དོན་གཙོ་འཛིན་འཇོར་གྷེ་ཝུ་ཏ་ཁེས་རྒྱ་ནག་གི་ནད་འགོག་ཐབས་ཇུས་ལ་འགྱུར་བ་ཐེབས་སོང་། ང་ཚོར་ལོ་གཉིས་ལ་ཁེ་སང་ཡག་པོ་ཐོབ་ཀྱང་དེང་སྐབས་རྒྱ་ནག་གིས་སྲིད་ཇུས་མ་འདྲ་བ་ཞིག་འཛིན་གྱི་ཡོད་པ་དང་ཏོག་དབྱིབས་ནད་དུག་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་ཤིག་འཛིན་གྱི་ཡོད་པ་ནི་ཐབས་མཁས་ཤིག་མ་རེད། ད་ལོའི་ཕྱི་ཟླ་དང་པོའི་ནང་རྒྱ་ནག་ལ་ནད་ཡམས་འཇོམས་ནས་ཡུ་རོབ་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་ཁང་དེ་ཚོས་ཚོང་ལས་ཡག་པོ་ཡོང་རྒྱུའི་རེ་ལྟོས་བཅངས་སོང་། ཡིན་ནའང་ཨོ་མི་ཁོ་རེན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་གསར་པ་འདི་ཁྱབ་པའི་རྗེས་སུ་རྒྱ་ནག་གཞུང་གིས་སྒོ་རྒྱ་བསྡམས། རྒྱ་ནག་ལ་ཏོག་དབྱིབས་ནད་དུག་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་ཉམས་ཆག་དང་ཚོང་ལས་ལ་བར་ཆད་ཆེན་པོ་འབྱུང་གི་འདུག་ཅེས་སེ་ཨེན་ཨེན་གསར་འགྱུར་ལས་ཁང་གིས་བཅར་འདྲིའི་སྐབས་སུ་གསལ་སྟོན་བྱས་འདུག

རྒྱ་ནག་གི་ས་ཐོག་ཏུ་ཡུ་རོབ་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་ཁང་༣༧༨་ཀྱིས་ཚོང་ལས་གཉེར་གྱི་ཡོད་པ་དེའི་བརྒྱ་ཆ་༧༨་ལྷག་གིས་རྒྱ་ནག་ཚོང་ལས་གཉེར་ས་ཡག་པོ་ཞིག་མ་རེད་ཅེས་གླེང་། ཡུ་རོབ་མཉམ་འབྲེལ་གྱི་ཚོང་དོན་གཙོ་འཛིན་འཇོར་གྷེ་ཝུ་ཏ་ཁེས་ང་ཚོའི་དཀའ་ངལ་ཆེ་ཤོས་ནི་སུ་གཅིག་ལ་ངེས་གཏན་མེད་པ་དེ་རེད། རྒྱ་ནག་གི་གནས་སྟངས་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་མིན་གསལ་པོ་ཤེས་ཐབས་བྲལ། རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པ་ཤེས་ཀྱི་ཡོད་ཀྱང་ནད་འགོག་གི་སྲིད་ཇུས་དེར་འགྱུར་བ་གཏོང་དགོས་ཞེས་བཤད་ཕོད་པ་མཁན་ཞིག་མི་འདུག་ཅེས་བསྟན། ཨེ་ཤི་ཡའི་དངུལ་རྩའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་བརྒྱ་ཆ་༨༢་ལྷག་གིས་ནད་ཡམས་དུས་སུ་རྒྱ་ནག་ལ་འགྲིམ་འགྲུལ་བྱེད་དཀའ་བ་དང་ཟུར་འགོག་གི་དུས་ཡུན་རིང་བ་རྣམས་སྟབས་བདེ་མ་རེད་ཟེར། བཟོ་ཚོང་ལས་ཁང་བརྒྱ་ཆ་༧༧་ལྷག་གིས་རྒྱ་ནག་ལ་འགྲིམ་འགྲུལ་བྱ་རྒྱུ་དེར་དམ་དྲག་ཆེ་དྲགས་ནས་ཨར་བརྟེན་གྱི་མི་འདུག་ཅེས་ལན་བཏབ། ཨ་རིའི་ཚོང་ལས་མཐུན་ཚོགས་ཀྱི་གཙོ་འཛིན་ནས་འདས་པའི་ལོ་གཉིས་ལ་ང་ཚོས་རྒྱ་ནག་གཞུང་ལ་འགྲིམ་འགྲུལ་བཀག་སྡོམ་ལྷོད་ཡངས་གཏོང་དགོས་པའི་སྐུལ་ལྕག་བཏང་སྟེ་གྲུབ་འབྲས་གང་འཚམ་ཞིག་ཐོན་སོང་། ཡིན་ནའང་ད་ལྟ་རྒྱ་ནག་ལ་འགྲིམ་འགྲུལ་བྱ་རྒྱུ་ནི་དཀའ་ངལ་ཆེ་རུ་ཕྱིན་ཏེ་དབྱར་ཀ་འདིར་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་མང་དག་ཅིག་གི་ལག་རྩལ་བ་རྣམས་རྒྱ་ནག་ནས་ལོག་འགྲོ་རྒྱུའི་ཉེན་ཁ་འདུག ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་ཕྱི་རྒྱལ་ནས་མཁོ་ངེས་ཀྱི་ལས་བྱེད་པ་རྣམས་ལེན་ཐུབ་རྒྱུ་ཁག་པོ་རེད། གལ་ཏེ་རྒྱ་ནག་ལ་འགྲོ་ཐུབ་པའི་དབང་དུ་བཏང་རུང་གནམ་གྲུ་མ་རག་པར་ལམ་གྲོན་ལྡབ་མང་པོ་འཐོལ་པ་སྤྲོད་དགོས་ཀྱི་འདུག རྒྱ་ནག་ལ་འགྲུལ་སྐྱེལ་གནམ་གྲུ་ཅི་ཙམ་ཉུང་ན་དེ་ཙམ་གྱིས་གནམ་གྲུའི་ལམ་གྲོན་འཕར་གྱི་འདུག་ཅེས་བཤད།།

ཁ་སང་ཕྱི་ཚེས་༩་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་མཇུག་དེར་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་སྔར་བཞིན་མི་མང་རྣམས་གཞུང་གི་ཟུར་འགོག་ཁང་དུ་བཙན་ཁྲིད་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་མི་མང་གིས་ཉེན་རྟོག་པ་དང་ནད་འགོག་ལས་མི་ཚོར་འཛིང་རེས་བྱེད་ཀྱི་ཡོད་པའི་བརྙན་ཐུང་ཞིག་དྲྭ་ལམ་དུ་ཁྱབ། རྒྱ་ནག་གི་དྲྭ་དམངས་ཚོས་གཞུང་གི་ནད་འགོག་སྲིད་ཇུས་ལ་སྐྱོན་བརྗོད་བྱས་པའི་རྗེས་སུ་བརྙན་ཐུང་དེ་དྲྭ་ལམ་ནས་བསུབས། ཧྲང་ཧེ་གྲོང་ཁྱེར་གྱི་ཉེན་རྟོག་པ་ཚོས་རྒྱང་བསྒྲགས་བཟུང་ནས་ཁང་ཆེན་ཐོག་བརྩེགས་གཅིག་གི་ནང་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཡོད་ན་ཐོག་བརྩེགས་གཅིག་པའི་མི་ཚང་མ་གཞུང་གི་ཟུར་འགོག་ཁང་དུ་འགྲོ་དགོས། ཁྱོད་ཚོ་ཨ་མི་རི་ཀར་བསྡད་ཡོད་པ་མ་རེད། ཁྱོད་ཚོས་རང་སྣང་གང་དྲན་བྱེད་ཆོག་གི་མ་རེད་ཅེས་བསྒྲགས། རྒྱ་གཞུང་གི་ཉེན་རྟོག་པ་གཞན་ཞིག་གིས་འདི་རྒྱ་ནག་ཡིན་པ་དང་ཅིའི་ཕྱིར་ཞེས་སྐད་ཆ་མང་པོ་འདྲི་ས་མེད། ཅིའི་ཕྱིར་ཞེས་སྐད་ཆ་འདྲི་མི་ཆོག ང་ཚོས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ནད་འགོག་གི་འཐབ་ཇུས་རྣམས་བརྩི་སྲུང་བྱ་དགོས་ཞེས་ཉེན་བརྡ་ནན་པོ་གཏོང་གི་ཡོད་པའི་བརྙན་ཐུང་ཞིག་དྲྭ་ལམ་དུ་བཀྲམ། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་ཞིས་ཅིན་ཕིང་གིས་ང་ཚོའི་ནད་འགོག་གི་སྲིད་ཇུས་ལ་འཁྱོག་བཤད་དང་དོགས་སློང་། དེ་ལ་འགོག་རྒོལ་བྱེད་ན་གཏན་ནས་བཟོད་སྒོམ་བྱེད་མི་ཐུབ། ས་གནས་རིམ་པའི་འགོ་ཁྲིད་ཚོས་ནད་འགོག་གི་སྲིད་ཇུས་ཤུགས་ཆེན་པོ་དང་ཡོངས་སུ་རྫོགས་པ། རྒྱ་ཆེན་པོ་ཞིག་ལག་ལེན་བསྟར་དགོས་ཞེས་གཏམ་བཤད་ནན་པོ་བྱས་ཤིང་། ཉམས་ཞིབ་པ་ཕལ་ཆེ་བས་ཞིས་ཅིན་ཕིང་གི་གཏམ་བཤད་དེ་རྒྱ་ནག་གི་ཏོག་དབྱིབས་ནད་དུག་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་དེར་འགྱུར་བཅོས་གཏོང་རྒྱུ་མིན་པའི་རྟགས་སུ་ངོས་འཛིན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཁ་སང་གཟའ་ཟླ་བའི་ཉིན་ཨ་རིའི་ཧིལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་ཤིག་བཟུང་ནས་མི་གྲངས་ཅི་ཙམ་ཁྱིམ་དུ་འགོག་དགོས་པ་དང་མི་གྲངས་ས་ཡ་མང་པོར་བརྟག་དཔྱད་བྱེད་དགོས་ཀྱང་འཛེམ་ཟོན་བྱ་རྒྱུ་མིན་པའི་རྟགས་སུ་མངོན། རྒྱལ་ཁབ་ཅིག་གི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་རྦད་དེ་རྩ་མེད་གཏོང་ཐུབ་རྒྱུ་ནི་ཤིན་ཏུ་དཀའ། རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཧྲང་ཧེ་དང་པེ་ཅིང་སོགས་ལ་སྒོ་རྒྱ་བསྡམས་ནས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཉུང་དུ་འགྲོ་བཞིན་པ་བདེན་པ་རེད། ཞིས་ཅིན་ཕིང་གིས་ཀྱང་ཏོག་དབྱིབས་ནད་དུག་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་རྒྱུན་འཁྱོངས་བྱེད་ཀྱི་འདུག ཡིན་ནའང་སྲིད་ཇུས་དེ་དོན་དངོས་ལ་འཚམས་པ་ཞིག་རེད་དམ། ནད་འགོག་གི་སྲིད་ཇུས་དེ་དོན་འཁྱོལ་ཐུབ་པ་ཞིག་རེད་དམ། ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་དེ་འགོ་སླ་བ་དང་ཁྱབ་མྱུར་བ་བཅས་ཀྱིས་བཙན་དབང་རིང་ལུགས་ཀྱི་རྒྱལ་ཁབ་རྒྱ་ནག་ལྟ་བུ་ཞིག་གིས་ཀྱང་ཏོག་དབྱིབས་ནད་དུག་རྩ་མེད་གཏོང་ཐུབ་རྒྱུ་ཁག་པོ་རེད། ཏོག་དབྱིབས་ནད་དུག་གཅིག་ཀྱང་མེད་པར་གཏོང་རྒྱུ་ཡིན་ཟེར་གྱི་ཡོད་པའི་སྲིད་ཇུས་དེར་མཇུག་འབྲས་ངན་པ་མང་དག་ཅིག་དང་སྐྱོན་ཆེན་པོ་ཞིག་འདུག གལ་སྲིད་མི་རྣམས་ཁྱིམ་དུ་འགོག་རྒྱུ་ཐལ་དྲགས་ན་ཉལ་ཐ་འཐེན་པ་དང་སེམས་ཁམས་བདེ་ཐང་མེད་པར་འགྱུར་རྒྱུ། འཛམ་གླིང་གི་དཔལ་འབྱོར་དང་ཚོང་ལས་ཉམས་རྒུད། ཨ་མི་རི་ཀ་དང་འཛམ་གླིང་རྒྱལ་ཁབ་མང་ཆེ་བར་ཏོག་དབྱིབས་ནད་ཡམས་འཇོམས་ཀྱི་ཡོད་པའི་རྣམ་པ་ཞིག་ཐོན་རུང་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་བསྐྱར་ལོག་བརྒྱབ་པ་རེད་ཅེས་གནས་ཚུལ་སྤེལ། འཛམ་གླིང་གི་སྨན་པ་དང་ཚན་རིག་པ་ཚོས་ཇི་སྲིད་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ནུས་པ་ཅན་ཞིག་མེད་པ་དེ་སྲིད་དུ་རྒྱ་ནག་གི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་རྩ་འཇོམས་འགྲོ་ཐུབ་རྒྱུ་ཁོག་པོ་རེད་ཅེས་ལྟ་ཚུལ་གཅིག་མཚུངས་བརྗོད་འདུག

XS
SM
MD
LG