ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཕྱི་རྒྱལ་གྱི་བཟོ་ཚོང་ཁང་༤༠༠་ལྷག་ཨུ་རུ་སུ་ནས་ཕྱིར་འཐེན། 


༄༅།། ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་༤༠༠་ལྷག་གིས་གནས་སྐབས་རིང་ཨུ་རུ་སུའི་ས་ཐོག་ཏུ་ལས་ཚོང་གཉེར་རྒྱུ་མཚམས་བཞག ཕྱི་ཟླ་༤་པའི་ཚེས་༡༩་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། དེང་སྐབས་ཨུ་རུ་སུའི་ས་ཐོག་ཏུ་ཚོང་ལས་མུ་མཐུད་དུ་གཉེར་བཞིན་པའི་ཕྱི་རྒྱལ་གྱི་དངོས་ཟོག་ལོངས་སྤྱོད་ཚོང་ཁང་༩་དང་རྡོ་སྣུམ་བཟོ་ཚོང་ཁང་གསུམ། དངུལ་རྩའི་བཟོ་ཚོང་ཁང་༨་དང་ཟ་ཁང་༡༠་ཐམ་པ། གསར་འགྱུར་ལས་ཁང་༣་དང་འཕྲུལ་རིག་བཟོ་ཚོང་ཁང་༡༠་ཐམ་པ། འགྲིམ་འགྲུལ་དང་མགྲོན་ཁང་གི་ཚོང་ལས་ཁང་ལྔ། བཟོ་གྲྭ་༤་བཅས་ཁྱོན་བསྡོམས་བཟོ་ཚོང་ལས་ཁང་༤༩་ཡིས་གནས་སྐབས་རིང་ཨུ་རུ་སུའི་ས་ཐོག་ཏུ་ཚོང་ལས་མཚམས་བཞག་སྟེ་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་སྤེལ་འདུག ཕྱི་རྒྱལ་གྱི་ལྗིབ་འཁོར་བཟོ་ཚོང་ཁང་ཆེན་པོ་ཞིག་གིས་ཨུ་རུ་སུའི་བཟོ་པ་༢༧༠༠་ལྷག་ལ་ལས་ཀ་སྤྲད་ཡོད་པ་རྣམས་མེད་པར་འགྱུར་གྱི་ཡོད་པ་སྟེ། ལྗིབ་འཁོར་བཟོ་ཚོང་ཁང་དེས་ཨུ་རུ་སུའི་རླངས་འཁོར་རྣམས་ཕྱི་ལ་བཙོང་རྒྱུ་མིན་པ་དང་ཕྱི་རྒྱལ་གྱི་རླངས་འཁོར་རྣམས་ཨུ་རུ་སུར་ནང་འདྲེན་བྱ་རྒྱུ་མཚམས་བཞག མ་འོངས་པར་ཡང་བཟོ་ཚོང་ཁང་དེ་བསྐྱར་དུ་སྒོ་འབྱེད་ཐུབ་མིན་ངེས་གཏན་མེད་པའི་གནས་ཚུལ་ཐོན། ཡིན་ནའང་སྲིད་འཛིན་ཕུ་ཊིན་གྱིས་ཨ་མི་རི་ཀ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད་པར་ནུས་པ་ཐོན་མ་སོང་། ཨུ་རུ་སུ་སྟོབས་འབྱོར་གཉིས་ལྡན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས་འཛམ་གླིང་ཐོག་ཏུ་གྲོགས་མེད་ཁེར་རྐྱང་དུ་འཇོག་ཐུབ་ཐུབས་མེད་ཅེས་འུད་ཤོབ་བཤད། གཟའ་ཟླ་བའི་ཉིན་རྒྱལ་ས་མོ་སི་ཀོ་གྲོང་ཁྱེར་སྤྱི་ཁྱབ་ནས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ཏུ་ལས་མི་འབུམ་༢་ལྷག་ཡོད་པ་དེ་དག་གི་ལས་ཀ་མེད་པར་འགྱུར་གྱི་འདུག ཁོ་ཚོར་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་གནས་སྐབས་རིང་གླ་ཕོགས་སྤྲོད་ཀྱི་ཡོད་ཀྱང་ཡུན་རིང་གླ་ཕོགས་སྤྲོད་ཐུབ་རྒྱུ་ཁག་པོ་རེད་ཅེས་བསྒྲགས།།

ཕུ་ཊིན་གྱིས་༤།༡༨ ཉིན་རྒྱལ་ཁབ་དཔལ་འབྱོར་ཐད་ཀྱི་ཚོགས་འདུ་བསྐོང་བ།
ཕུ་ཊིན་གྱིས་༤།༡༨ ཉིན་རྒྱལ་ཁབ་དཔལ་འབྱོར་ཐད་ཀྱི་ཚོགས་འདུ་བསྐོང་བ།

མོ་སི་ཀོའི་གྲོང་ཁྱེར་སྤྱི་ཁྱབ་སར་གྷེ་སོ་བྷི་ཡ་ཎིས་ང་ཚོས་རགས་རྩིས་བྱས་ན་མི་གྲངས་༢༠༠༠༠༠་ལྷག་ལ་ལས་ཀ་མེད་པར་འགྱུར་ས་རེད། མོ་སི་ཀོ་གྲོང་ཁྱེར་གཞུང་གིས་ཨ་སྒོར་ས་ཡ་༤༡་ཟུར་དུ་བཞག་ནས་མི་མང་ལས་ཤོར་བ་ཚོར་ངལ་སེལ་རོགས་དངུལ་སྤྲོད་འཆར་ཡོད། མི་མང་ལས་ཤོར་བ་༥༨༠༠༠་ཡས་མས་ཤིག་ལ་གྲོང་ཁྱེར་གཞུང་གི་རོགས་དངུལ་དེས་ཕན་ཐོགས་ཐུབ་རྒྱུ་དང་ཨུ་རུ་སུའི་གཞུང་གིས་ཀྱང་ཕྲུ་གུ་ཚོར་ཟླ་རེའི་འཚོ་སྣོན་རོགས་དངུལ་གང་འཚམ་རེ་སྤྲོད་ཤས་ཆེ། ཨུ་རུ་སུའི་ཚོང་ལས་ཆུང་ཁག་དང་འབྲིང་ཁག་ལ་གཞུང་གིས་མ་རྩ་རོགས་དངུལ་བསྐྱི་རྒྱུ་རེད། ང་ཚོས་མ་འོངས་པའི་བདུན་ཕྲག་གཉིས་ཀྱི་ནང་ཚུད་དུ་ཕྱི་རྒྱལ་ནས་སྨན་སོགས་ནང་འདྲེན་བྱེད་མ་ཐུབ་ན་སྨན་གྱི་དགོས་མཁོ་རྣམས་ཇི་ལྟར་སྒྲུབ་དགོས་པ་དང་མོ་སི་ཀོའི་སྨན་ཁང་ཁག་སྒོ་མ་བརྒྱབ་པར་མི་མང་ལ་སྨན་བཅོས་རྒྱུན་འཁྱོངས་ཇི་ལྟར་བྱེད་དགོས་མིན་གྲོས་སྡུར་བྱེད་དགོས་ཀྱི་ཡོད། ང་ཚོར་ལས་དོན་བསྒྲུབ་དགོས་པ་མང་དག་ཅིག་ཡོད་ཀྱང་དེའི་འབྲས་བུ་ནི་ལོ་ཤས་རྗེས་སུ་མ་གཏོགས་སྨིན་ཐུབ་ས་མ་རེད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཨ་རིའི་ཡེལ་སློབ་གྲྭ་ཆེན་མོའི་འཛིན་སྐྱོང་སློབ་གླིང་གིས་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་༧༥༠་ལྷག་གིས་ཨུ་རུ་སུའི་ས་ཐོག་ཏུ་ཚོང་ལས་གཉེར་རྒྱུ་ཉུང་དུ་གཏོང་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་འདུག་ཅེས་གཞི་གྲངས་བཏོན། བཟོ་ཚོང་ལས་ཁང་ཁག་ཅིག་གིས་ཚོང་ལས་སྒོ་བརྒྱབ་པའི་རིང་ཨུ་རུ་སུའི་ལས་མི་ཚོར་གླ་ཕོགས་སྤྲོད་རྒྱུའི་ཁས་ལེན་བྱེད་ཀྱི་ཡོད་ཀྱང་ཡུན་རིང་གླ་ཕོགས་རྒྱུན་སྤྲོད་ཐུབ་མིན་ནི་བཤད་དཀའ། ཨ་རིའི་མེཀ་ཌོ་ནལ་ཟ་ཁང་ནི་ཨུ་རུ་སུ་ནས་ཕྱིར་འཐེན་བྱེད་མཁན་ཐོག་མའི་གྲས་ཡིན་མོད། འོན་ཀྱང་ཨུ་རུ་སུ་རྒྱལ་ཡོངས་སུ་མེཀ་ཌོ་ནལ་ཟ་ཁང་ལ་ལས་བྱེད་པ་༦༢༠༠༠་ལྷག་ཡོད་པ་དེ་དག་ལ་གློ་ཕོགས་སྤྲོད་ཀྱི་ཡོད་པས་ཟླ་བ་རེར་ཨ་སྒོར་བྱེ་བ་༥་ལྷག་འགྲོ་གྲོན་གཏོང་དགོས་ཤིང་། ཨུ་རུ་སུའི་ཡུལ་མི་ཚོས་འབོག་མར་བླངས་པའི་མེཀ་ཌོ་ནལ་ཟ་ཁང་ཁག་ཅིག་སྒོ་བརྒྱབ་མེད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༤་པའི་ཚེས་༡༨་ཉིན་ཕུ་ཊིན་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཚོང་ལས་བཀག་ཀྱང་ཨུ་རུ་སུའི་དཔལ་འབྱོར་ཉམས་ཉེས་གཏོང་ཐུབ་མ་སོང་ཞེས་ང་ཚོས་གདེང་སྤོབས་ལྡན་པའི་སྒོ་ནས་བཤད་ཕོད། དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་དེར་ནུས་པ་ཐོན་མ་སོང་། དེ་ལས་ལྡོག་སྟེ་ཨུ་རུ་སུར་ཉེས་ཆད་བཅད་པ་ཡིན་ཟེར་ནས་སོ་སོའི་དཔལ་འབྱོར་དང་ཚོང་ལས་ཉམས་ཉེས་སུ་བཏང་སོང་ཞེས་བཤད། ཕྱི་ཟླ་༤་པའི་ཚེས་༡༥་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བདུན་ཕྲག་གསུམ་གྱི་རིང་དེར་ཨུ་རུ་སུའི་ཁྲོམ་རའི་དངོས་ཟོག་གི་རིན་གོང་བདུན་ཕྲག་རེར་བརྒྱ་ཆ་༢་རེ་འཕར། དེ་ནས་བདུན་ཕྲག་རེར་དངོས་ཟོག་གི་རིན་གོང་བརྒྱ་ཆ་༡་རེ་འཕར། འདི་ནི་ལོ་ལ་བསྒྱུར་ནས་ཟླ་བ་༡༢་ཀྱི་ནང་དུ་ཁྱོན་བསྡོམས་དངོས་ཟོག་གི་རིན་གོང་བརྒྱ་ཆ་༦༨་འཕར་གྱི་ཡོད་པ་ཞིག་རེད། ད་དུང་དུས་ཚོད་འགྲོ་བཞིན་ཨུ་རུ་སུའི་ཡུལ་ཐང་འཕར་བ་དང་ཉེར་མཁོའི་དངོས་ཟོག་རྣམས་ཆད་སྲིད་པའི་དཀའ་ངལ་རྗེས་སུ་འཕྲད་ཉེན་ཆེ། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་ཚོང་འབྲེལ་བཅད་ནས་དཔལ་འབྱོར་བཀག་སྡོམ་དང་ཨུ་རུ་སུ་རྒྱལ་སྤྱིའི་ཚོང་ལས་ཁག་ལ་འབྲེལ་བ་ཆད། ཨ་མི་རི་ཀ་དང་ཁེ་ན་ཌ། ལུ་ཐུ་ཝེ་ཎི་ཡ་སོགས་ཀྱིས་ཨུ་རུ་སུ་ནས་རྡོ་སྣུམ་ནང་འདྲེན་བྱ་རྒྱུ་མཚམས་བཞག ད་དུང་ཡུ་རོབ་རྒྱལ་ཁབ་གཞན་ཁག་གིས་ཀྱང་ཨུ་རུ་སུ་ནས་རྡོ་སྣུམ་ནང་འདྲེན་བྱ་རྒྱུ་མཚམས་འཇོག་དགོས་པའི་གྲོས་སྡུར་བྱེད་ཀྱི་ཡོད་པས་ཨུ་རུ་སུའི་ཕྱིར་ཚོང་གི་ཡོང་འབབ་བརྒྱ་ཆ་༤༠་ཙམ་མེད་པར་འགྱུར་རྒྱུའི་ཉེན་ཁ་ཡོད་པར་མ་ཟད། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་བཟོ་ཚོང་ལས་ཁང་ཁག་ལ་དགོས་ངེས་ཀྱི་འཕྲུལ་ཆས་ཁག་ཕྱིར་ཚོང་བྱ་རྒྱུ་བཀག་ཚེ། ཨུ་རུ་སུའི་དཔལ་འབྱོར་ཉམས་རྒུད་ལོ་མང་རིང་སླར་གསོ་འབྱུང་དཀའ་བ་ཞིག་རེད་ཅེས་བསྟན།།

ཨུ་རུ་སུའི་དབུས་དངུལ་ཁང་།
ཨུ་རུ་སུའི་དབུས་དངུལ་ཁང་།

ཨུ་རུ་སུའི་དབུས་དངུལ་ཁང་གིས་ལོ་འདིར་དཔལ་འབྱོར་བརྒྱ་ཆ་༨་ཉམས་རྒུད་འགྲོ་རྒྱུའི་ཚོད་དཔག་བྱས་པ་དང་ཡུ་རོབ་ཀྱི་འཛུགས་སྐྲུན་དང་ཡར་རྒྱས་དངུལ་ཁང་གིས་༢༠༢༢་ལོར་ཨུ་རུ་སུའི་དཔལ་འབྱོར་བརྒྱ་ཆ་༡༠་ཉམས་རྒུད་འགྲོ་རྒྱུའི་སྔོན་དཔག་བྱས་འདུག ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱལ་སྤྱིའི་དངུལ་རྩ་ཉམས་ཞིབ་ཁང་གིས་ལོ་འདིར་ཨུ་རུ་སུའི་དཔལ་འབྱོར་བརྒྱ་ཆ་༡༥་ཉམས་རྒུད་འགྲོ་རྒྱུའི་རྩིས་རྒྱག་གི་ཡོད་པའི་གནས་ཚུལ་ཐོན། དངུལ་ཁང་ཕལ་མོ་ཆེས་ཨུ་རུ་སུའི་དཔལ་འབྱོར་བརྒྱ་ཆ་༡༠་ཉམས་རྒུད་ཕྱིན་ཀྱང་དུས་རབས་སྔོན་མའི་ལོ་རབས་༩༠་པ་ནས་ཨུ་རུ་སུར་བྱུང་མྱོང་མེད་པའི་དཔལ་འབྱོར་ཉམས་རྒུད་ཅིག་རེད་ཅེས་ལྟ་ཚུལ་གཅིག་མཚུངས་འཛིན་གྱི་ཡོད་ཅིང་། དཔལ་འབྱོར་རིག་པ་བ་མང་ཆེ་བས་ཨུ་རུ་སུས་ལོ་ངོ་རེ་ཟུང་ཞིག་ལ་སྐེད་རགས་བསྡམས་ནས་དཔལ་འབྱོར་ཉམས་རྒུད་འདིར་གདོང་ལེན་བྱེད་ཐུབ་པའི་དབང་དུ་བཏང་རུང་ཕུགས་སུ་ཨུ་རུ་སུ་ཡར་རྒྱས་གཏོང་རྒྱུར་འགོག་རྐྱེན་འཕྲད། ཨུ་རུ་སུས་དམག་འཁྲུག་མ་བརྒྱབ་གོང་གི་དཔལ་འབྱོར་གྱི་ཚད་གཞི་དེར་བསྐྱར་གསོ་འབྱུང་བར་ལོ་མང་འགོར་སྲིད། ཐོག་མར་རྒྱལ་སྤྱིའི་ཁྲོམ་ར་ནས་ཨུ་རུ་སུ་ཟུར་དུ་ཕུད་དེ་ཡར་ཐོན་གྱི་འཕྲུལ་རིག་ལག་རྩལ་གྱིས་རྗེས་མ་ཟིན། གཉིས་པ་དེར་ཨུ་རུ་སུ་གདུག་རྩུབ་ཆེ་བའི་སྲིད་གཞུང་ཞིག་ལ་གྱུར་ནས་རྒྱལ་ནང་གི་ཁེ་ལས་རྣམས་བཀག་སྟེ་གོ་སྐབས་མེད་པར་གྱུར། གསུམ་པ་དེར་དམག་འཁྲུག་ལངས་ནས་བདུན་ཕྲག་འགའ་ཞིག་གི་ནང་ཚུད་དུ་ཨུ་རུ་སུའི་ཤེས་ཡོན་ཅན་དང་ལག་རྩལ་བ། ཆེད་ལས་མཁས་པ་འབུམ་ཕྲག་འགའ་ཞིག་ཕྱི་རྒྱལ་ལ་གནས་སྤོས་བྱས་ནས་ཨུ་རུ་སུའི་མི་རབས་གཅིག་གི་ན་གཞོན་འཕྲུལ་རིག་ལག་རྩལ་བ་དང་ཉམས་ཞིབ་པ། བཟོ་བཀོད་པ་དང་སྨན་པ་སོགས་ཕྱི་ལ་ཤོར་བའི་གྱོང་གུད་ནི་ལོ་མང་རིང་གསབ་དཀའ་བ་ཞིག་རེད་ཅེས་གནས་ཚུལ་སྤེལ་འདུག

ཡུཀ་རེན་ལ་བཙན་འཛུལ་བྱུང་བའི་རྗེས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཕུ་ཊིན་གྱི་རྒྱབ་སྐྱོར་བ་ཨུ་རུ་སུའི་ཕྱུག་བདག་ཚོའི་མ་རྩ་བཀག་འགོག་དང་རྒྱུ་དངོས་རྣམས་གཞུང་བཞེས་བཏང་ནས་ཉེས་ཆད་བཅད། ད་ལྟ་ཨུ་རུ་སུའི་ཕྱུག་བདག་ཁག་ཅིག་གིས་ཕུ་ཊིན་གྱི་དམག་འཁྲུག་བསླངས་པར་ཡོངས་གྲགས་སུ་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༤་པའི་ཚེས་༡༩་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་ཕྱུག་བདག་ཨོ་ལེག་ཊིན་ཀོབ་ཀྱིས་དྲྭ་ལམ་དུ་ངས་སྨྱོ་སྤྱོད་ཀྱི་དམག་འཁྲུག་འདི་སུ་གཅིག་ལའང་ཁེ་ཕན་ཡོད་པ་ཞིག་མཐོང་གི་མི་འདུག ཉེས་མེད་ཀྱི་མི་དམངས་དཀྱུས་མ་དང་དམག་མི་ཚོའི་ཚེ་སྲོག་འཆོར་གྱི་འདུག ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཕུ་ཊིན་ལ་ཕྱི་སྣུར་རྒྱག་ས་ཞིག་སྤྲད་ནས་མི་གསོད་ཁྲག་སྦྱོར་གྱི་དམག་འཁྲུག་འདི་མཚམས་འཇོག་བྱེད་དུ་འཇུག་དགོས་པའི་རེ་སྐུལ་ཞུ། ཨུ་རུ་སུའི་མི་དམངས་བརྒྱ་ཆ་༩༠་ཐམ་པ་དམག་འཁྲུག་ལ་ངོ་རྒོལ་ཡོད་པ་དང་མི་མང་བརྒྱ་ཆ་༡༠་ཙམ་བླུན་རྨོངས་རེད། མི་བླུན་རྨོངས་ཚོས་ཛི་ཡིག་གི་མཚོན་རྟགས་ཁྱེར་ནས་དམག་འཁྲུག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མཐོ་རིམ་འགོ་ཁྲིད་ཚོའམ། ཡང་ན་ཁོ་ཚོའི་བཟའ་ཟླ་བུ་ཕྲུག་རྣམས་དཀྱིལ་ཐིག་རྒྱ་མཚོའི་མངའ་ཁུལ་དུ་དབྱར་གྱི་གུང་སེང་ལ་འགྲོ་ཐུབ་ཀྱི་མེད་པར་ཧང་སང་འདུག ཨུ་རུ་སུའི་ཚོང་པ་ཚོས་རང་གི་རྒྱུ་དངོས་ལྷག་མ་རྣམས་སྐྱོབ་ཐབས་སུ་འབད། ཨུ་རུ་སུའི་དམག་སྤྱི་ཚོས་རང་གི་དམག་དཔུང་རྣམས་ཐེབས་ཆག་ཅིག་ཡིན་པ་ངོས་ཟིན་ཏེ་མགོ་ན་དགོས་པ་ཞིག་ཏུ་གྱུར། རྒྱལ་ཁབ་ཀྱི་ལམ་ལུགས་དེ་དགྲ་འདུལ་གཉེན་སྐྱོང་དང་ངོ་དགའ་སྤྲེལ་ལད། བྲན་གཡོག་གི་འདུ་ཤེས་འཛིན་པའི་ཐེབས་ཆག་ཅིག་ལས་མེད་ན་དམག་དཔུང་ཡག་པོ་ཞིག་ཇི་ལྟར་འཁྱོངས་དགོས་པ་རེད་ཅེས་ཨུ་རུ་སུའི་སྐད་དུ་འབོད་སྐུལ་གྱི་ཞུ་ཡིག་རིང་པོ་ཞིག་བྲིས་ནས་དྲྭ་ལམ་དུ་སྤེལ། རོ་ཡེ་ཊར་སི་གསར་ཁང་གིས་ཕྱུག་བདག་ཊིན་ཀོབ་ཀྱིས་བྲིས་པའི་ཞུ་ཡིག་དེ་དབྱིན་ཇིར་བསྒྱུར། དབྱིན་ཇིའི་གཞུང་གིས་ཨུ་རུ་སུའི་ཕྱུག་བདག་ཊིན་ཀོབ་ལ་ཨ་སྒོར་དུང་ཕྱུར་༣༧་མ་ཟིན་ཙམ་གྱི་མ་རྩ་ཡོད་པ་ཤེས་རྟོགས་བྱུང་སྟེ་ཕྱི་ཟླ་༣་པའི་ཟླ་དཀྱིལ་དུ་ཉེས་ཆད་བཅད། ད་ཐེངས་ཀྱི་དམག་འཁྲུག་རྗེས་སུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་ཕྱུག་བདག་ཡོད་དོ་ཅོག་གི་མ་རྩ་དང་དངུལ་ཁང་ནང་གི་དངུལ་སྒོར་རྣམས་བཀག ཁོ་ཚོའི་སྒེར་བདག་གནམ་གྲུ་དང་རྒྱས་སྤྲོས་ཀྱི་གྲུ་གཟིངས། མཁར་དངོས་སོགས་གང་དུ་ཡོད་ཀྱང་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་བཀག་འགོག་དང་གཞུང་བཞེས་གཏོང་དུ་བཅུག་སྟེ་ཉེས་ཆད་བཅད་ནས་ཐར་ས་མེད་པར་གཏོང་གི་ཡོད་པ་རེད།།

XS
SM
MD
LG