ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་སོག་ཏུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ལ་ངོ་རྒོལ།


༄༅།། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ཕྱི་སོག་ལ་འཚམས་འདྲིར་བསྐྱོད་པའི་སྐབས་དེར་རྒྱལ་ས་ཨུ་ལན་བྷ་ཏོར་གྲོང་ཁྱེར་དུ་སོག་པོ་བརྒྱ་སྐོར་ཞིག་གིས་སོག་པོའི་སྐད་ཡིག་ལ་སྲུང་སྐྱོབ་བྱ་དགོས། ཝང་དབྱི་སོག་ཡུལ་དུ་ཡོང་མི་དགོས་ཞེས་ཡིག་བྱང་འཕྱར་ནས་ངོ་རྒོལ་སྐད་འབོད་བྱས་ཤིང་། གཟའ་འཁོར་འདི་ནས་རྒྱ་ནག་གཞུང་གིས་ནང་སོག་ལ་སྐད་གཉིས་སློབ་གསོའི་ཤེས་ཡོན་སྲིད་ཇུས་ལག་ལེན་བསྟར་རྒྱུ་མཚམས་འཇོག་བྱས་ཏེ་སོག་ཕྲུག་ཚོར་རྒྱ་ཡིག་རྒྱ་སྐད་འབའ་ཞིག་སློབ་ཁྲིད་བྱ་རྒྱུ་འགོ་ཚུགས་ནས་བཟུང་། ནང་སོག་གི་སློབ་ཕྲུག་དང་ཕ་མ། དགེ་རྒན་དང་ལས་བྱེད་པ། སོག་པོའི་མི་དམངས་བཅས་ཀྱིས་རྒྱ་ནག་གཞུང་གིས་སོག་པོའི་སྐད་ཡིག་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་པ་རྩ་མེད་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་ངོ་རྒོལ་བྱེད་འགོ་ཚུགས། ནང་སོག་གི་སྐད་ཡིག་སློབ་གསོའི་ཐོབ་ཐང་ཆེད་དུ་ཕྱི་སོག་གི་མང་ཚོགས་དཀྱུས་མ་ཚོས་ཀྱང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་སྟེ། ཕྱི་སོག་གི་ངོ་རྒོལ་བ་སྔགས་འཆང་ཧ་ལུན་སུཀ་བྷ་ཏར་ཞེས་པ་ཞིག་གིས་ང་ཚོའི་འགོ་ཁྲིད་ཚོས་རྒྱ་ནག་ལ་སྐད་ཆ་བཤད་དགོས། གལ་སྲིད་ང་ཚོའི་སྲིད་གཞུང་གིས་རྒྱལ་སྤྱིའི་འབྲེལ་ལམ་དང་དཔལ་འབྱོར་བརྟན་ལྷིང་བཅས་ལ་བསམ་བློ་བཏང་སྟེ་ཁ་བཙུམས་ནས་བསྡད་ཚེ། སོག་པོ་ཚོ་རེ་རེ་བཞིན་སོག་ཡུལ་དུ་རྩ་མེད་བཏང་ནས་ནམ་ཞིག་སོག་པོ་ཟེར་པའི་མི་རིགས་ཤིག་མེད་པར་འགྱུར་རྒྱུ་རེད་ཅེས་ཕྱི་སོག་གི་འགོ་ཁྲིད་ཚོས་རྒྱ་ནག་གཞུང་ལ་ནང་སོག་གི་སྐད་ཡིག་ཐོབ་ཐང་སྐོར་གླེང་སློང་བྱེད་ཐུབ་ཀྱི་མེད་པར་ངོ་རྒོལ་བྱས་དུག

རྒྱ་ནག་གིས་ཕྱི་སོག་ལ་དཔལ་འབྱོར་རོགས་རམ་སྤྲོད་ཀྱི་ཡོད་པ་དང་ཝང་དབྱིའི་འཚམས་འདྲིའི་སྐབས་འདིར་ཨ་སྒོར་དུང་ཕྱུར་གཅིག་དང་ཕྱེད་ཀ་མ་ཟིན་ཙམ་ཞིག་རོགས་རམ་སྤྲོད་ཀྱི་ཡོད་པས་སོག་པོའི་འགོ་ཁྲིད་ཚོས་རྒྱ་ནག་གཞུང་ལ་ནང་སོག་གི་སྐད་གཉིས་སློབ་གསོའི་ལམ་ལུགས་རྒྱུན་འཁྱོངས་བྱ་དགོས་ཞེས་ནན་བརྗོད་བྱེད་དཀའ། རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་གྱུར་དོན་དུ་སྐད་ཡིག་གཅིག་གྱུར་བྱ་དགོས་ཀྱི་འདུག གྲངས་ཉུང་མི་རིགས་ཁག་ལ་གོ་སྐབས་འདྲ་མཉམ་འཐོབ་པར་སྤྱི་སྐད་སྦྱང་དགོས་ཀྱི་འདུག་ཅེས་སོག་པོ་ཚོར་རང་གི་སྐད་ཡིག་སློབ་སྦྱོང་གོ་སྐབས་མེད་པར་གཏོང་གི་ཡོད་པར་འགྲེལ་བཤད་སྙན་པོ་ཞིག་བརྒྱབ། འོན་ཀྱང་ཨ་མི་རི་ཀར་གཞིས་ཚུགས་པའི་ལྷོ་སོག་འགྲོ་བ་མིའི་ཐོབ་ཐང་དང་ཆ་འཕྲིན་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་གཟའ་འཁོར་གསུམ་གྱི་རིང་དུ་ནང་སོག་གི་སོག་པོ་ཚོས་རང་གི་སྐད་ཡིག་དང་རིག་གཞུང་གཅེས་འཛིན་དོན་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ནས་ཉུང་མཐའ་ཡང་མི་དགུའི་རང་སྲོག་བློས་བཏང་ཡོད་པ་དང་མི་༤༠༠༠་ནས་༥༠༠༠་ཡས་མས་ཤིག་རྒྱ་ནག་གཞུང་གིས་བཀག་ཉར་བྱས་འདུག རྒྱ་ནག་གཞུང་གིས་ནང་སོག་ནི་ཉེན་རྟོག་པའི་རྒྱལ་ཁབ་ལྟ་བུ་ཞིག་ལ་སྒྱུར་གྱི་འདུག་ཅེས་སྐྱོན་བཙུགས། གཟའ་ཟླ་བའི་ཉིན་སོག་ཡུལ་གྱི་ཨུ་ལན་བྷ་ཏོར་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་སོག་ཡུལ་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཁྲེ་ཝེན་རུའི་ལ་ནང་སོག་གི་སྐད་ཡིག་ཐོབ་ཐང་སྐོར་དང་མི་མང་འཛིན་བཟུང་བྱེད་ཀྱི་ཡོད་པ་སོགས་ལ་བཅར་འདྲི་ཞུས། རྒྱ་ནག་གི་གཞུང་ཚབ་པས་ནང་སོག་ལ་ཟིང་ཆ་སློང་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་འདུག་ཅེས་ཕྱི་ལོགས་སུ་སྒྲོགས་ཀྱི་ཡོད་པའི་སྐད་ཆ་དེ་རྣམས་དཀྲོག་གཏམ་རེད་ཅེས་ལན་བཏབ།།

ད་ལོའི་ཕྱི་ཟླ་༩་པ་འདི་ནས་རྒྱ་ནག་གཞུང་གིས་དངོས་སུ་ནང་སོག་ལ་སྐད་གཉིས་སློབ་གསོའི་ཤེས་ཡོན་སྲིད་ཇུས་ལག་ལེན་བསྟར་རྒྱུ་མཚམས་བཞག་སྟེ་གཞི་རིམ་དང་འབྲིང་རིམ། མཐོ་འབྲིང་བར་དུ་སློབ་ཚན་ཐམས་ཅད་རྒྱ་ཡིག་རྒྱ་སྐད་ནང་དུ་སློབ་ཁྲིད་བྱ་རྒྱུའི་ཐག་བཅད། དེའི་རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་ཁ་གསངས་ནས་མ་བཤད་ཀྱང་ནང་སོག་གི་མི་འབོར་བརྒྱ་ཆ་༨༠་ལྷག་རྒྱ་ནག་པ་རེད། སོག་པོའི་མི་འབོར་བརྒྱ་ཆ་༢༠་ཡས་མས་ཤིག་ལས་མེད་པས་སྔར་བཞིན་ནང་སོག་ལ་སྐད་གཉིས་སློབ་གསོའི་སྲིད་ཇུས་རྒྱུན་འཁྱོངས་བྱེད་དགོས་དོན་མི་འདུག སོག་ཕྲུག་ཚོར་རང་གི་སྐད་ཡིག་དང་རིག་གཞུང་རྣམས་སློབ་ཁྲིད་མ་བྱས་ན་ཡུན་རིང་མི་འགོར་པར་ནང་སོག་གི་སོག་པོ་རྣམས་རྒྱ་མི་རིགས་ལ་བསྒྱུར་ཐུབ་རྒྱུའི་རྩིས་རྒྱག་གི་འདུག་ཅེས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ཏུ་གནས་ཚུལ་ཐོན། ད་ཐེངས་ཀྱི་འཚམས་འདྲིའི་སྐབས་སུ་ཝང་དབྱིས་སོག་པོའི་སྲིད་འཛིན་བྷ་ཐུལ་གྷ་ལ་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་ཀྱང་སོག་པོའི་སྲིད་འཛིན་གྱིས་ནང་སོག་གི་སྐད་ཡིག་ཐོབ་ཐང་སོགས་ལ་གླེང་སློང་བྱ་རྒྱུའི་རྟགས་མཚན་མེད་ཅིང་། ལོ་འདིའི་ཕྱི་ཟླ་༢་པར་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་པའི་རྗེས་སུ་སོག་པོའི་སྲིད་འཛིན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ནས་ལུག་༣༠༠༠༠་རྒྱ་ནག་ལ་ཞལ་འདེབས་སྤྲད། རྒྱ་ནག་ལ་ནད་ཡམས་བྱུང་བར་སོག་པོའི་གཞུང་དམངས་གཉིས་ཀྱིས་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད་ཅེས་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་བྱས་མོད། འོན་ཀྱང་རྒྱ་ནག་གཞུང་གིས་ནང་སོག་ལ་སྐད་གཉིས་སློབ་གསོའི་ཤེས་ཡོན་སྲིད་ཇུས་མཚམས་འཇོག་བྱས་པའི་རྗེས་སུ་སོག་པོའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོའི་ནང་ཁུལ་དུ་རྒྱ་ནག་ལ་མི་དགའ་བའི་སྡང་ཟུག་ཇེ་ཆེར་འགྲོ་བཞིན་པའི་རྟགས་མཚན་ཞིག་མངོན།།

སོག་པོའི་སྲིད་འཛིན་ཟུར་པ་ཨེལ་བྷག་རྡོ་རྗེས་རྒྱ་ནག་གིས་ནང་སོག་ལ་རིག་གཞུང་རྩ་མེད་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་འདུག ང་ཚོས་ནང་སོག་གི་སྐད་ཡིག་དང་རིག་གཞུང་གཅེས་འཛིན་གྱི་ཐོབ་ཐང་ལ་རྒྱབ་སྐྱོར་བྱ་དགོས། རང་གི་ཕ་སྐད་སློབ་སྦྱོང་དང་ཕ་སྐད་བཀོལ་སྤྱོད་བྱ་རྒྱུ་ནི་ནམ་ཡང་འཕྲོག་ཏུ་མེད་པའི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་ཞིག་ཡིན། ཐོབ་ཐང་འདིར་བརྩི་འཇོག་བྱས་ནས་རྒྱ་ནག་བརྩི་མཐོང་ལྡན་པ་དང་འགན་འཁྲི་ལེན་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ལ་འགྱུར་དགོས་ཞེས་ཊོས་ཊར་དྲྭ་ལམ་དུ་རྩོམ་ཐུང་ཞིག་སྤེལ། ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་དུ་གཞིས་ཚུགས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སོག་པོ་ཚོས་རང་གི་སྐད་ཡིག་གི་ཐོབ་ཐང་ཆེད་དུ་ཞི་བའི་ངོ་རྒོལ་བྱེད་ཀྱི་ཡོད་པ་རྣམས་རྒྱ་གཞུང་གིས་འཛིན་བཟུང་བྱེད་མི་ཆོག རྒྱ་ནག་གཞུང་གིས་བོད་དང་ཞིན་ཅང་གཉིས་ལའང་ཆབ་སྲིད་གཙོ་བོར་བཟུང་སྟེ་ཤེས་ཡོན་སློབ་གསོའི་ཐོབ་ཐང་བརྩི་མེད་གཏོང་གི་ཡོད་པ་ཇི་བཞིན་ནང་སོག་ལའང་སྲིད་ཇུས་དེ་ལག་ལེན་བསྟར་གྱི་འདུག རྒྱ་ནག་གཞུང་གིས་བོད་དང་ཞིན་ཅང་། ནང་སོག་བཅས་ལ་མིང་དོན་མཚུངས་པའི་སྐད་གཉིས་སློབ་གསོའི་ཤེས་ཡོན་སྲིད་ཇུས་ཤིག་ལག་ལེན་བསྟར་དགོས་ཞེས་ནན་བརྗོད་བྱས་ཀྱང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་དང་ཨ་རིའི་གཞུང་། ཡུ་རོབ་མཉམ་འབྲེལ་སོགས་ཀྱིས་ནང་སོག་གི་སྐད་གཉིས་སློབ་ཤེས་ཡོན་གསོའི་ཐོབ་ཐང་ལ་རྒྱབ་སྐྱོར་རམ། ཡང་ན་རྒྱ་ནག་གིས་སོག་པོ་ཚོའི་སྐད་ཡིག་དང་རིག་གཞུང་གི་ཐོབ་ཐང་འཕྲོག་གི་ཡོད་པར་ངོ་རྒོལ་ཤུགས་ཆེན་པོ་ཞིག་བྱེད་ཀྱི་མེད་པ་རེད།།

ད་ལྟ་ནང་སོག་གི་ཕ་མ་ཚོས་གཞུང་གཉེར་སློབ་གྲྭ་ཁག་ཏུ་སོག་སྐད་ཀྱིས་སློབ་ཁྲིད་མ་བྱས་ན་བུ་ཕྲུག་རྣམས་སློབ་གྲྭ་གཏོང་རྒྱུ་མིན། སོག་ཕྲུག་རྣམས་འཛིན་གྲྭར་མ་ཚོགས་ཞེས་ངོ་རྒོལ་གྱི་ལས་འགུལ་གསར་པ་ཞིག་སྤེལ་མགོ་བརྩམས། འདས་པའི་ཉིན་ཤས་རིང་ནང་སོག་རྒྱལ་ཡོངས་སུ་ཕ་མ་ཚོས་རང་གི་བུ་ཕྲུག་རྣམས་སློབ་གྲྭར་མ་བཏང་བར་འཛིན་གྲྭའི་ཁང་པ་རྣམས་སྟོང་པར་ལུས། ནང་སོག་གི་ཐུང་ལིའོ་གྲོང་ཁྱེར་དུ་མི་འབོར་ས་ཡ་༣་ཡོད་པ་དེར་སོག་པོའི་སྐད་ཡིག་དོན་དུ་ངོ་རྒོལ་ཤུགས་ཆེ་ཤོས་བྱུང་། རྒྱ་ནག་གཞུང་གིས་རྒྱ་ལམ་དང་སྲང་ལམ་ནང་དུ་ཉི་མ་༤་ལ་རླངས་འཁོར་བཞག་ནས་སོག་པོའི་ཕ་མ་ཚོ་ས་གནས་སྲིད་གཞུང་གི་མདུན་ལ་ངོ་རྒོལ་བྱེད་དུ་ཡོང་མི་ཐུབ་པའི་བཀག་འགོག་བྱས་སོང་། ཐུང་ལིའོ་གྲོང་ཁྱེར་གཞུང་གིས་ཕ་མ་ཚོས་རང་གི་བུ་ཕྲུག་རྣམས་སློབ་གྲྭར་གཏོང་རྒྱུ་ཡིན། བུ་ཕྲུག་སློབ་གྲྭར་མ་བཏང་ན་སྲིད་གཞུང་གིས་ཕ་མ་ཚོར་ཉེས་ཆད་གཅོད་ཅེས་ཁས་ལེན་ཡིག་ཆ་ཁག་ལ་མིང་རྟགས་འགོད་དུ་འཇུག་གི་ཡོད་པར་མ་ཟད། ནང་སོག་གི་ཉེན་རྟོག་ལས་ཁུངས་ཀྱིས་ངོ་རྒོལ་ཁྲོམ་སྐོར་ལ་ཞུགས་པའི་མི་རྣམས་འཛིན་བཟུང་བྱེད་ཆོག་ཅེས་བསྒྲགས། ནང་སོག་གི་ཕ་མ་ཚོ་དང་རྒྱ་གཞུང་གི་ལས་བྱེད་པ། སོག་པོའི་དགེ་རྒན་ཚོ་དང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མིའི་སོག་པོའི་ཁྱིམ་ཚང་ཁག་ལ་དམིགས་བསལ་གྱིས་གནོན་ཤུགས་སྤྲད་ནས་བུ་ཕྲུག་སློབ་གྲྭར་གཏོང་དགོས། རྒྱ་ནག་གཞུང་གིས་སྤྱི་སྐད་དར་སྤེལ་གྱི་ཤེས་ཡོན་སྲིད་ཇུས་ལ་རྒྱབ་སྐྱོར་དང་གོང་བཀུར་བྱ་དགོས་ཞེས་དཀའ་ངལ་སྤྲོད་ཀྱི་འདུག་ཅེས་ཨ་མི་རི་ཀའི་རྒྱལ་ཡོངས་རླུང་འཕྲིན་ཁང་དང་དེ་མིན་གྱི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་འདུག

XS
SM
MD
LG