ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སོག་ཡུལ་གྱི་ཟིང་ཆ་རྣམས་གསར་བརྗེ་ཞིག་ཏུ་འགྱུར་སྲིད་པའི་ཉེན་ཁ།  


༄༅།། སོག་ཡུལ་དུ་རྒྱ་ཆེའི་མང་ཚོགས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་བྱས་ནས་ཟིང་ཆ་བསླངས། ཨུ་རུ་སུ་ནས་སོག་ཡུལ་བརྒྱུད་དེ་རྒྱ་ནག་ལ་སེ་བྷི་རི་ཡ་གཉིས་པ་ཞེས་པའི་སོལ་རླངས་ལྕག་སྦུག་འཐེན་གྱི་ཡོད་པའི་ལས་གཞི་ལ་འགོག་རྐྱེན་འཕྲད་སྲིད་པ་དང་མངའ་ཁུལ་དེའི་ས་ཁམས་ཆབ་སྲིད་ལ་དོ་ཕོག་འབྱུང་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། ཕྱི་ཟླ་༡༢་པའི་ཚེས་༡༥་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། དེང་སྐབས་སོག་ཡུལ་དུ་ལང་བཞིན་པའི་ངོ་རྒོལ་ལས་འགུལ་ཁག་ཟླ་ཤས་གོང་དུ་དབུས་ཨེ་ཤི་ཡའི་ཁ་ཆེའི་རྒྱལ་ཁབ་ཁ་ཛག་སི་ཐན་དང་ཀིར་ཀི་སི་ཐན་གཉིས་སུ་མི་དམངས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་བྱས་ནས་ཟིང་ཆ་ཆེན་པོ་ལངས་པ་དེ་དང་འདྲ་མཚུངས་ཀྱི་རྣམ་པ་ཞིག་ཐོན་ཡོད་པ་གསལ་པོར་མངོན། བདུན་ཕྲག་སྔོན་མ་ནས་སོག་པོའི་མི་དམངས་ཀྱིས་རྒྱལ་ཁབ་དེའི་རྡོ་སོལ་གྱི་གཏོར་ཁ་རྣམས་མི་ཁག་ཅིག་གིས་ཇག་པ་ལྟར་བདག་འཛིན་བྱས་ཏེ་རྒྱ་ནག་ལ་བཙོངས་ནས་ཁེ་སང་ཆེན་པོ་ལེན་གྱི་འདུག་ཅེས་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་མགོ་བརྩམས། ཊོས་ཊར་དྲྭ་ལམ་དུ་སོག་ཡུལ་གྱི་གཞུང་འཛིན་ཚོགས་པའི་ནང་ཁུལ་དུ་དབང་རྩོད་བྱུང་སྟེ་མི་དམངས་ལ་ཟིང་འཁྲུག་སློང་དུ་འཇུག་གི་ཡོད་པ་རེད་ཅེས་ཁུངས་ལུང་ཡོད་མེད་ཀྱི་དཀྲོག་གཏམ་དང་ལྐོག་གཡོ་ངན་ཇུས་ཀྱི་གནས་ཚུལ་ཇི་སྙེད་ཅིག་སྤེལ། དེར་བརྟེན་སོག་པའི་བློན་ཆེན་ལྷན་ཁང་གིས་རྒྱལ་ཁབ་དེའི་གཏེར་ཁའི་ཚོང་ལས་ཀྱི་གན་རྒྱ་ཁག་ལ་འབྲེལ་བ་ཡོད་པའི་མི་༩་ལ་འཕྲལ་དུ་ཞིབ་འཇུག་བྱ་དགོས། མ་འོངས་པར་སོག་ཡུལ་ནས་ཕྱི་ལ་རྡོ་སོལ་འཚོང་གི་ཡོད་པའི་ཚོང་ལས་རྣམས་ཕྱི་གསལ་ནང་གསལ་བྱས་ནས་མང་ཚོགས་ལ་ཤེས་རྟོགས་འབྱུང་དུ་འཇུག་རྒྱུ་ཡིན། རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་ལ་གནད་དོན་དེར་ཞིབ་འཇུག་བྱེད་དུ་འཇུག་རྒྱུའི་ཐག་བཅད། གཟའ་མཇུག་དེར་དགུན་གྱི་གྲང་ངར་ཁྲོད་དུ་མི་བརྒྱ་ཕྲག་འགའ་ཞིག་སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བྷ་ཏོར་གྱི་སུག་བྷ་ཏར་ཐང་ཆེན་དུ་འདུས་ནས་སྲིད་འཛིན་གྱི་བཞུགས་གནས་སུ་གཤར། མི་མང་ཁག་ཅིག་ཁང་ཆེན་དེའི་ནང་ལོགས་སུ་འཛུལ་ཐབས་བྱས་པ་དང་མི་མང་ངོ་རྒོལ་བ་ཚང་མས་དུས་གཅིག་ཏུ་རྐང་པ་ས་ལ་བརྡབས། དེ་ནི་༢༠༡༤་ལོར་ཡུཀ་རེན་ལ་མི་དམངས་ཀྱི་གསར་བརྗེ་ལངས་ཏེ་སྲིད་འཛིན་ཡ་ནུ་ཀོ་ཝི་ཆིའི་སྲིད་དབང་མགོ་རྟིང་སློག་པ་ལྟར་གྱི་རྣམ་པ་ཞིག་ཐོན།།

ཕྱི་ཟླ་༡༢་པའི་ཚེས་༡༤་ཉིན་ཨལ་ཇཱེ་ཛི་ར་གསར་འགྱུར་ལས་ཁང་གིས་སོག་པོ་ཁག་ཅིག་ལ་བཅར་འདྲི་ཞུས་ནས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ན་༥༨་ལ་སོན་པའི་སོག་མོ་དྷུ་ལམ་སུ་རེན་བསྟན་འཕེལ་ནི་རླངས་འཁོར་བཏང་སྟེ་ཆུ་ཚོད་༨་ཀྱི་ལམ་ནས་རྒྱལ་ས་ཨུ་ལན་བྷ་ཏོར་ལ་ལས་ཀ་འཚོལ་དུ་ལྷགས། ཁོ་མོས་དཀའ་ལས་ཇི་ལྟར་བརྒྱབ་ཀྱང་ཟླ་བ་རེར་ཁྱིམ་ཚང་གི་བཟའ་མི་རྣམས་གསོ་བའི་འགྲོ་གྲོན་འདུ་འགོད་མ་ཐུབ། སོག་ཡུལ་དུ་འབྲས་དང་གྲོ་སོགས་སྟོན་འབྲས་རྣམས་སྐྱེ་ཡི་མེད་པ་དང་སོག་པོའི་འབྲོག་པ་ཚོས་འབྲས་དང་གྲོ་ཕྱེ་རྣམས་ཕྱི་ནས་ཉོ་དགོས། ཡུཀ་རེན་གྱི་དམག་འཁྲུག་གིས་སོག་ཡུལ་ལ་ཡུལ་ཐང་འཕར་ཏེ་རྡོ་སོལ་གྱི་རིན་གོང་བརྒྱ་ཆ་༤༠་འཕར་བ་དང་སོག་ཡུལ་གྱི་ངོ་རྒོལ་བ་ཚོས་གཞུང་འབྲེལ་མི་སྣ་ཚོས་རྒྱལ་ཁབ་ཀྱི་གཏེར་ཁ་ཁག་ནས་རྡོ་སོལ་ཊོན་༣༨༥༠༠༠་བརྐུས་ཏེ་རྒྱ་ནག་ལ་བཙོངས་པ་རེད་ཅེས་ངོ་རྒོལ་ལས་འགུལ་སྤེལ། དགུན་གྱི་དུས་སུ་སོག་ཡུལ་དུ་གྲང་ཚད་ཀླད་ཀོར་འོག་ཏུ་སེལ་སེ་སི་༣༥་བར་དུ་ལྷུང་། སོག་ཡུལ་གྱི་མི་འབོར་བརྒྱ་ཆ་༦༠་ལྷག་ཚ་གློག་མེད་པར་ལྕགས་ཐབ་སྒོང་ནས་གུར་གྱི་ནང་དུ་འཚོ་གནས་བྱེད་ཀྱི་ཡོད་པ་དང་གུར་ཁང་དེ་ཚོར་འཐེན་ཆུའི་ལྕགས་སྦུག་ཀྱང་འཛུགས་མ་ཐུབ་པར་ལུས། དྷུ་ལམ་སུ་རེན་བསྟན་འཕེལ་གྱིས་ང་རྡོ་སོལ་ཉོ་རུ་ཕྱིན་ཀྱང་བཙོང་རྒྱུ་མི་འདུག་ཅེས་གསར་འགོད་པར་འཚོ་བའི་དཀའ་ངལ་རྣམས་བགྲངས། ཁོ་ཚོའི་གུར་ཁྱིམ་དེར་དྷུ་ལམ་སུ་རེན་བསྟན་འཕེལ་དང་ཁྱོ་ག བུ་གཉིས་པ་དང་མནའ་མ། ཕྲུ་གུ་༥་བཅས་མི་༩་འཚང་ཁ་བརྒྱབ་ནས་བསྡད་ཡོད་པའི་གནས་ཚུལ་ཐོན་འདུག

ཨལ་ཇཱེ་ཛི་ར་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། དྷུ་ལམ་སུ་རེན་བསྟན་འཕེལ་གྱི་ཁྱོ་ག་ནི་ནད་གཅོང་ཞིག་ཡིན་པས་ལས་ཀར་འགྲོ་མ་ཐུབ་པར་ཁྱིམ་དུ་བསྡད། སོག་ཡུལ་དུ་འབྲོག་པའི་ཐོན་སྐྱེད་ཟོག་ལུག་དང་བལ། མར་དང་འོ་མ་སོགས་དཀར་ཆུའི་རིགས་ཀྱི་རིན་གོང་ཆག རྡོ་སོལ་དང་རྡོ་སྣུམ། གློག་གི་རིན་གོང་རྣམས་འཕར། སོག་ཡུལ་དུ་རྡོ་སྣུམ་ཐོན་གྱི་ཡོད་ཀྱང་རྡོ་སྣུམ་བཙོ་སྦྱང་བྱེད་ཐུབ་ཀྱི་མེད་པས་ཐོན་སྐྱེད་ཡོད་དོ་ཅོག་རྒྱ་ནག་ལ་བཙོང་དགོས་པར་གྱུར། འདས་པའི་ལོ་གསུམ་ལ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ཚོང་ལས་དང་འགྲིམ་འགྲུལ་འགགས། ཨུ་རུ་སུ་དང་ཡུཀ་རེན་གྱིས་དམག་འཁྲུག་བརྒྱབ་སྟེ་སོག་ཡུལ་དུ་རྡོ་སྣུམ་གྱི་རིན་གོང་བརྒྱ་ཆ་༦༥་འཕར། དྷུ་ལམ་སུ་རེན་བསྟན་འཕེལ་གྱིས་ལུག་༣༠་ཐམ་པ་མ་བཙོངས་པར་ཅི་ཡང་ཉོ་དཀའ། འདི་ནི་ཕམ་ཚོང་ཁོ་ན་ཡིན་པ་དང་གྲོང་ཁྱེར་དུ་ལུག་གོང་ཅུང་ཙམ་ཡག་པོ་རག་གི་ཡོད་ཀྱང་ཡུལ་ཐང་འཕར་ཏེ་ཅི་ཡང་ཁུག་གི་མི་འདུག་ཅེས་བསྟན། སོག་ཡུལ་གྱི་གློག་དང་རྡོ་སྣུམ། སོལ་རླངས་དང་གཤེར་རླངས། གནམ་གྲུའི་སྣུམ་སོགས་ནུས་ཤུགས་ཀྱི་འབྱུང་ཁུངས་བརྒྱ་ཆ་༦༠་ཐམ་པ་ཨུ་རུ་སུ་ནས་ནང་འདྲེན་བྱ་དགོས། སོག་ཡུལ་ནི་ཨུ་རུ་སུ་དང་རྒྱ་ནག་གི་བར་དུ་ཚུད་ཡོད་པས་རྒྱལ་ཁབ་གཞན་ལ་ཐད་ཀར་ཚོང་འབྲེལ་འཛུགས་ཐབས་བྲལ། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་སོག་ཡུལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་དང་ཕུ་ཊིན་གྱིས་དམག་འཁྲུག་བསླངས་ནས་ཨུ་རུ་སུའི་དཔལ་འབྱོར་དང་ཚོང་ལས་ཉམས། རྒྱ་ནག་གིས་ལོ་གསུམ་ཡས་མས་ཤིག་ལ་ཏོག་དབྱིབས་ནད་དུག་གཙང་སེལ་ཟེར་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་དཔལ་འབྱོར་དང་ཚོང་ལས་ཉམས་ཆག ད་དུང་སོག་ཡུལ་དང་རྒྱ་ནག་གི་ས་མཚམས་བཀག་སྟེ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་མཚམས་ཆད། རྒྱ་ནག་དང་ཨུ་རུ་སུ་གཉིས་ལ་དུས་བདེ་ཞོད་འཇགས་མེད་པར་དཔལ་འབྱོར་དང་ཚོང་ལས་ཉམས་རྒུད། ཡུལ་སྐོར་སྤྲོ་འཆམ་གྱི་ལས་རིགས་ཁག་མཚམས་ཆད་ན་སོག་ཡུལ་གྱི་དཔལ་འབྱོར་དང་ཚོང་ལས་ལ་བརྡབ་གསིག་ཚབས་ཆེན་ཕོག སོག་ཡུལ་དུ་ཡུལ་ཐང་འཕར་ཏེ་མི་དམངས་ཀྱི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

མཉམ་འབྲེལ་གསར་ཁང་གིས་སྤེལ་བའི་གསར་འགྱུར་ནང་དུ་འཁོད་པ་ལྟར་ན། སོག་ཡུལ་ནི་རི་ལུང་གིས་བསྐོར་ཏེ་མཚོ་ལམ་མེད་པས་རྒྱལ་ཁབ་དེའི་རྡོ་སོལ་དང་ར་ཁུལ། ཀོ་ལྤགས་དང་ཕྱུགས་ཟོག་སོགས་ཀྱི་ཐོན་སྐྱེད་མང་ཆེ་བ་རྒྱ་ནག་ལ་འཚོང་གི་ཡོད་ཅིང་། ད་སྔ་སོག་པོ་ཚོས་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་པ་རྣམས་མང་ཚོགས་ཀྱི་གསར་བརྗེ་ཞིག་ཏུ་རྦད་དེ་འགྱུར་ཐུབ་ཀྱི་མེད་ཀྱང་མི་འབོར་༣༣༠༠༠༠༠་ལྷག་ཡོད་པའི་སོག་ཡུལ་གྱི་དཔལ་འབྱོར་དང་ཚོང་ལས་ཉམས། ཡུཀ་རེན་ལ་བཙན་འཛུལ་བྱུང་བའི་རྗེས་སུ་སོག་ཡུལ་ལ་ཡུལ་ཐང་བརྒྱ་ཆ་༡༥.༢་འཕར། སོག་ཡུལ་གྱི་ངོ་རྒོལ་ལས་འགུལ་དེ་རྣམས་སྟེས་དབང་གིས་བྱུང་བའམ། ཡང་ན་སོག་པོ་ཚོས་བསམ་བཞིན་ངོ་རྒོལ་བྱེད་ཀྱི་ཡོད་པ་ཡིན་མིན་བཤད་དཀའ། གང་ལྟར་ཟླ་བ་སྔོན་མར་སོག་ཡུལ་གྱི་སྲིད་འཛིན་ཨུག་ན་ཇཱིན་ཁུ་རེལ་སུག་རྒྱ་ནག་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པའི་རྗེས་སུ་སོག་ཡུལ་དུ་ངོ་རྒོལ་ལས་འགུལ་ལངས། ཕྱི་ཟླ་༡༡་པའི་ནང་དུ་སོག་ཡུལ་གྱི་སྲིད་འཛིན་རྒྱ་ནག་ལ་འཚམས་འདྲིར་ཕེབས་པ་ནི་དུས་ཡུན་ཟླ་བ་གཉིས་ཀྱི་ནང་དུ་སྲིད་འཛིན་ཨུག་ན་ཇཱིན་ཁུ་རེལ་སུག་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་བྱུང་བ་ཐེངས་གཉིས་པ་ཡིན་ཞིང་། རྒྱ་ནག་གིས་རང་གི་ཁེ་ཕན་ཆེད་དུ་སོག་ཡུལ་དང་ཁ་ཛག་གི་སི་ཐན། ཀིར་ཀི་སི་ཐན་དང་ཏ་ཇིག་སི་ཐན། ཨབ་གྷ་ཎི་སི་ཐན་བཅས་ལ་ཐེ་ཇུས་བྱས་ནས་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་རྒྱ་སྐྱེད། རང་བྱུང་གཏེར་ཁས་རབ་ཏུ་ཕྱུག་པའི་རྒྱལ་ཁབ་དེ་དག་གི་ཐོན་སྐྱེད་རྣམས་རྒྱ་ནག་ལ་ནང་འདྲེན་བྱ་རྒྱུ་དང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་གོང་འཁོད་རྒྱལ་ཁབ་དེ་དག་ལ་མཐུད་རྒྱུ། སོག་ཡུལ་དང་དབུས་ཨེ་ཤི་ཡའི་རྒྱལ་ཁབ་དེ་དག་རྒྱ་ནག་ལ་མེད་ཐབས་མེད་པའི་ཟླ་གྲོགས་ཤིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། སོག་ཡུལ་བརྒྱུད་ནས་ཨུ་རུ་སུའི་སེ་བྷི་རི་ཡ་གཉིས་པ་ཞེས་པའི་སོལ་རླངས་ལྕག་སྦུག་རྒྱ་ནག་ལ་འཐེན་རྒྱུ་དང་༢༠༢༤་ལོར་ཨུ་རུ་སུའི་སོལ་རླངས་ལྕགས་སྦུག་རྒྱ་ནག་ཤར་ཕྱོགས་སུ་འཐེན་ཚར་རྒྱུའི་འཆར་འགོད་བྱས་ཡོད་པར་མ་ཟད། མ་འོངས་པའི་ལོ་ལྔའི་ནང་དུ་སོག་ཡུལ་དང་རྒྱ་ནག ཨུ་རུ་སུ་གསུམ་གྱིས་རྡོ་སྣུམ་སྐྱེལ་འདྲེན་གྱི་དཔལ་འབྱོར་ཤུར་ལམ་ཞིག་འཛུགས་སྐྲུན་བྱས་ཏེ་ཚོང་ལས་རྒྱ་བསྐྱེད་རྒྱུའི་གྲོས་འཆམ་བྱུང་། ཨུ་རུ་སུའི་རྡོ་སྣུམ་དང་སོལ་རླངས་རྣམས་སོག་ཡུལ་བརྒྱུད་ནས་རྒྱ་ནག་ལ་འདྲེན་གཏོང་བྱས་ན་ཁེ་ཕན་ཆེན་པོ་ཐོབ། རྒྱ་ནག་དང་སོག་ཡུལ་གཉིས་ཀྱིས་དངོས་ཟོག་སྐྱེལ་འདྲེན་གྱི་རྒྱ་ལམ་ཁག་འཛུགས་སྐྲུན་བྱས་ནས་ཚོང་ལས་ཡར་རྒྱས་དང་དཔལ་འབྱོར་མཉམ་འབྲེལ། ལྷག་པར་དུ་སོག་ཡུལ་གྱི་གཏེར་ཁའི་ཐོན་སྐྱེད་རྣམས་རྒྱ་ནག་ལ་བཙོངས་ནས་ཚོང་འབྲེལ་དམ་ཟབ་ཚུགས། སོག་ཡུལ་དང་རྒྱ་ནག་གཉིས་ཀྱིས་ཕྱོགས་མང་པོར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུའི་གྲོས་མགོ་བཏོན། དེས་ན་སོག་ཡུལ་གྱི་དཔལ་འབྱོར་དང་ཚོང་ལས་རྣམས་གཏན་དུ་རྒྱ་ནག་ལ་བརྟེན་དགོས་པར་འགྱུར་རྒྱུ་དང་རྒྱ་ནག་མ་བརྒྱུད་པར་སོག་ཡུལ་གྱི་ཐོན་སྐྱེད་རྣམས་ཕྱིར་ཚོང་བྱ་ཡུལ་ཁྲོམ་ར་མེད་པར་གཏོང་རྒྱུ། སོག་ཡུལ་ནམ་ཡང་རྒྱ་ནག་གི་ཤུགས་རྐྱེན་དཀྱིལ་འཁོར་འོག་ནས་ཐར་དུ་འཇུག་རྒྱུ་མིན་པའི་སྲིད་ཇུས་ཤིག་འཛིན་གྱི་པས་ཨ་རི་དང་ཡུ་རོབ་མཉམ་འབྲེལ། ནུབ་ཆིངས་བཅས་ཀྱིས་སོག་ཡུལ་དང་རྒྱ་ནག སོག་ཡུལ་དང་ཨུ་རུ་སུའི་འབྲེལ་བ་རྒྱང་དུ་གཏོང་ཐབས་སུ་འབད། ཕྱི་ཟླ་༡༢་པའི་མགོ་སྟོད་དེར་ནུབ་ཆིངས་ཀྱི་དམག་དོན་སྐུ་ཚབ་ཚོགས་པ་ཞིག་སོག་ཡུལ་དུ་ཕེབས་ནས་ཉི་མ་གཉིས་ལ་སོག་པོའི་དམག་གི་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་བྱུང་། ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ། ནུབ་ཆིངས་གསུམ་གྱིས་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དུ་བདེ་འཇགས་སྲུང་སྐྱོབ་ཀྱི་མཐུན་གྲོགས་སྒྲིག་གི་ཡོད་པ་དེའི་ཁོངས་སུ་སོག་ཡུལ་འཐེན་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG