ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༧/༢༥

སྲིད་བློན་མོ་དྷི་ཨ་མི་རི་ཀར་རྒྱལ་དོན་འཚམས་འདྲིར་ཕེབས་སྐྱོད། 


༄༅།། རྒྱ་གར་གྱི་སྲིད་བློན་མོ་དྷི་ཨ་མི་རི་ཀར་རྒྱལ་དོན་འཚམས་འདྲིར་ཕེབས་ནས་ཨུ་ཡུཀ་དམག་འཁྲུག་དང་རྒྱ་ནག ཨ་རི་དང་རྒྱ་གར་གཉིས་ཀྱི་རྒྱལ་སྲུང་མཉམ་འབྲེལ་ཡར་རྒྱས་གཏོང་རྒྱུ་སོགས་གནད་དོན་སྣ་མང་ཞིག་ལ་གྲོས་མོལ་བྱ་རྒྱུའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༦་པའི་ཚེས་༢༠་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སང་ཉིན་ཕྱི་ཚེས་༢༡་ནས་ཚེས་༢༤་བར་དུ་ཉིན་བཞིའི་རིང་རྒྱ་གར་གྱི་སྲིད་བློན་ན་རེན་དྷ་ར་མོ་དྷི་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ནས་ཕོ་བྲང་དཀར་པོར་སྲིད་འཛིན་བྷ་ཌན་ལ་མཇལ་འཕྲད་དང་ཕྱི་ཚེས་༢༢་ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ལ་གསུང་བཤད། དགོང་མོ་དེར་ཕོ་བྲང་དཀར་པོར་ཨ་མི་རི་ཀའི་གཞུང་གིས་སྲིད་བློན་མོ་དྷིར་རྒྱལ་ཁབ་ཀྱི་གསོལ་སྟོན་བཤམ་རྒྱུ་སོགས་ཀྱི་མཛད་རིམ་བཀོད་སྒྲིག་བྱས་འདུག སྲིད་བློན་མོ་དྷི་ཝ་ཤིང་ཊོན་དུ་ཕེབས་པའི་སྐབས་སུ་གསར་འགོད་པ་ཚོས་རྒྱ་གར་དང་ཨུ་རུ་སུའི་འབྲེལ་བ་དང་ཡུཀ་རེན་གྱི་དམག་འཁྲུག ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པར་སྲིད་བློན་མོ་དྷིས་སྐྱོན་བརྗོད་བྱེད་ཀྱི་མེད་པའི་རྒྱུ་རྐྱེན་ཅི་ཡིན་སོགས་འདྲི་རྩད་མང་པོ་འབྱུང་སྲིད་པའི་གནས་ཚུལ་ཐོན་འདུག

སྲིད་བློན་མོ་དྷི་རང་ཡུལ་ནས་ཕེབས་ཐོན་མ་གནང་གོང་དེར་ཨ་རིའི་ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་གྱི་གསར་འགོད་པའི་བཅར་འདྲིར་དང་ལེན་གནང་ཞིང་། གསར་འགོད་པས་སྲིད་བློན་མོ་དྷིར་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་རྒྱ་གར་གྱིས་ཅིའི་ཕྱིར་སྐྱོན་བརྗོད་བྱེད་ཀྱི་མེད། ཨུ་རུ་སུའི་བཙན་འཛུལ་ལ་རྒྱ་གར་གྱི་ལངས་ཕྱོགས་མཁྲེགས་པོ་ཞིག་བཟུང་ནས་ངོ་རྒོལ་མི་བྱེད་པའི་རྒྱུ་མཚན་ཅི་ཡིན། རྒྱ་གར་གྱི་ལངས་ཕྱོགས་ལ་ཨ་མི་རི་ཀའི་སྤྱི་ཚོགས་སུ་སྐྱོན་བརྗོད་བྱེད་མཁན་མང་པོ་འདུག་ཅེས་བཅར་འདྲི་ཞུས། སྲིད་བློན་མོ་དྷིས་སྐྱོན་བརྗོད་དེ་ཚོ་ཨ་རི་སྤྱི་བྱིངས་ཀྱི་ལྟ་ཚུལ་ཞིག་རེད་བསམ་གྱི་མེད། རྒྱ་གར་གྱི་ལངས་ཕྱོགས་ནི་འཛམ་གླིང་ཧྲིལ་པོས་ཤེས་གསལ་རེད། རྒྱ་གར་གྱིས་ཞི་བདེ་གཙིགས་སུ་འཛིན་གྱི་ཡོད་པར་འཛམ་གླིང་ཡོངས་ཀྱིས་ཡིད་ཆེས་བྱེད་ཆོག་ཅེས་ལན་བཏབ། སྲིད་བློན་མོ་དྷིས་རང་དབང་དང་དམངས་གཙོ་ཞེས་གླེང་སློང་བྱེད་ཀྱི་ཡོད་མོད། འོན་ཀྱང་རྒྱ་གར་གྱིས་ཨུ་རུ་སུ་ནས་རྡོ་སྣུམ་ནང་འདྲེན་དང་ཕུ་ཊིན་གྱི་སྲིད་དབང་སྒེར་གཅོད་ཀྱི་སྲིད་གཞུང་ལ་ཚོང་འབྲེལ་བཙུགས་ཡོད་པ་ནང་འགལ་ཡིན་པའི་གནས་ཚུལ་ཐོན་འདུག

ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་གྱི་བཅར་འདྲིའི་སྐབས་སུ་སྲིད་བློན་མོ་དྷིས་མཉམ་འབྲེལ་རྒྱལ་ཚོགས་ལ་ལེགས་བཅོས་བཏང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཤུགས་རྐྱེན་ཆུང་བའི་རྒྱལ་ཁབ་ཁག་གི་ངོ་བོ་མཚོན་པའི་སྒྲིག་འཛུགས་ཤིག་ཏུ་འགྱུར་དགོས། རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་གཏན་འཇགས་ཚོགས་འཐུས་གྲས་སུ་ཚུད་དགོས། འཛམ་གླིང་རྒྱལ་ཁབ་ཁག་ལ་རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་གཏན་འཇགས་ཚོགས་འཐུས་གྲས་སུ་འཇུག་དགོས་མིན་མང་མོས་འོས་བསྡུ་བྱེད་དུ་འཇུག་དགོས། རྒྱ་དཀར་ནག་གི་འབྲེལ་བ་ཡར་རྒྱས་འགྲོ་དགོས་ན་ཧིན་བོད་ས་མཚམས་སུ་ཞི་བདེ་དང་ལྷིང་འཇགས་བསྐྲུན་རྒྱུ་གནད་འགག་ཆེ། ང་ཚོས་གཞན་གྱི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་བརྩི་འཇོག ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་ལ་གོང་བཀུར། ཞི་བའི་གྲོས་མོལ་གྱི་ལམ་ནས་འགལ་ཟླ་རྣམས་ཐག་གཅོད་བྱ་དགོས་པའི་ལངས་ཕྱོགས་བཟུང་ཡོད། འདི་དང་དུས་མཚུངས་སུ་རྒྱ་གར་གྱིས་རང་གི་བདག་དབང་དང་ཆེ་མཐོང་སྲུང་སྐྱོབ་བྱ་རྒྱུའི་གྲ་སྒྲིག་ཆ་ཚང་བྱས་ཡོད་ཅེས་བཀྲལ།།

ཕྱི་ཟླ་༦་པའི་ཚེས་༢༠་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལོ་ན་༧༢་ལ་སོན་པའི་སྲིད་བློན་མོ་དྷིའི་རྒྱལ་དོན་འཚམས་འདྲི་འདི་ཨ་རི་དང་རྒྱ་གར་གྱི་འབྲེལ་བ་ཡར་རྒྱས་གཏོང་བར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འཚམས་འདྲི་ཞིག་ཏུ་འགྱུར་ས་རེད། ཨ་མི་རི་ཀས་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་རྒྱལ་དོན་འཚམས་འདྲིར་ཕེབས་དགོས་ཞེས་མགྲོན་འབོད་བྱ་རྒྱུ་དཀོན་པར་སྣང་། ད་དུང་སྲིད་བློན་མོ་དྷིར་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྒྱས་འཛོམས་ལ་གསུང་བཤད་གནང་བའི་གོ་སྐབས་འབུལ་གྱི་ཡོད་པ་ནི་ཨ་མི་རི་ཀས་རྒྱ་གར་ལ་ཧ་ཅང་གི་ཆེ་མཐོང་སྤྲོད་ཀྱི་ཡོད་པ་མཚོན་ཐུབ། ཨ་རིས་རྒྱ་གར་ལ་འབྲེལ་བ་ཡར་རྒྱས་གཏོང་གི་ཡོད་པ་ནི་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ཀྱི་ཧམ་སེམས་འགོག་ཐབས། རྒྱ་དཀར་ནག་གི་འབྲེལ་བ་བཟང་པོ་མེད་པ་དང་ཧིན་བོད་ས་མཚམས་སུ་དམག་འཁྲུག་གི་ཉེན་ཁ་ཡོད་པའི་གོ་སྐབས་བཟུང་སྟེ་ཨ་མི་རི་ཀས་རྒྱ་གར་རང་ཕྱོགས་སུ་འགུགས་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་བསྟན།།

སྲིད་བློན་མོ་དྷི་ནི་རྒྱ་གར་ནུབ་ཕྱོགས་ཀྱི་གུ་ཇ་ར་ཏ་མངའ་སྡེར་འཚར་ལོངས་བྱུང་། ༢༠༡༤་ལོར་རྒྱ་གར་གྱི་སྲིད་བློན་ལ་འདེམས་ཐོན་བྱུང་བ་དང་༢༠༡༩་ལོར་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ། ཉམས་ཞིབ་པ་དང་མཁས་པ་ཚོས་སྲིད་བློན་མོ་དྷིའི་དབང་བསྒྱུར་འོག་ཏུ་རྒྱ་གར་གྱི་དམངས་གཙོ་དང་རང་དབང་གི་ལམ་ལུགས་ཉམས། སྲིད་བློན་མོ་དྷིའི་གཞུང་གིས་ཧིན་རྡུ་ཆོས་ལུགས་གཙོ་བོ་དང་ཁ་ཆེ་སོགས་ལ་གཉའ་གནོན། རྒྱ་གར་གཞུང་གིས་གསར་འགྱུར་གྱི་ནང་དོན་ལ་ཞིབ་བཤེར་དང་སྨྲས་བརྗོད་རང་དབང་བཀག་སྡོམ། སྲིད་བློན་མོ་དྷི་རྣམ་འགྱུར་བའི་སྲིད་དབང་སྒེར་གཅོད་པ་ཞིག་རེད་ཅེས་སྐྱོན་བརྗོད་ཀྱི་རྩོམ་ཡིག་བྲིས། ༢༠༠༢་ལོའི་ཕྱི་ཟླ་༢་པའི་ནང་དུ་མོ་དྷིས་རྒྱ་གར་ནུབ་ཕྱོགས་ཀྱི་གུ་ཇ་ར་ཏ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཡིན་ཞིང་། ཁོང་གི་རྒྱབ་སྐྱོར་བ་ཧིན་རྡུ་ཧུར་བརྩོན་ཅན་ཚོས་ཟིང་འཁྲུགས་བསླངས་ཏེ་མི་༡༠༠༠་ལྷག་བསད། མི་བསད་པ་མང་ཆེ་བ་ཁ་ཆེ་ཡིན་པ་དང་སྲིད་བློན་མོ་དྷིས་རང་ཉིད་ཟིང་འཁྲུག་དེར་འབྲེལ་བ་མེད་ཟེར། རྒྱ་གར་གྱི་ཉེན་རྟོག་པས་མོ་དྷིས་ཆོག་མཆན་བཀོད་ནས་ཟིང་འཁྲུག་དེ་ལངས་འདུག་ཅེས་སྙན་ཐོ་བཏོན།།

རྒྱལ་སྲུང་ཉམས་ཞིབ་པ་ཚོས་ཨེ་ཤི་ཡའི་དུས་བབ་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། སྲིད་བློན་མོ་དྷིའི་རྒྱལ་དོན་འཚམས་འདྲིའི་སྐབས་སུ་ཨ་རི་དང་རྒྱ་གར་གྱི་དམག་དོན་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་གྲོས་མཐུན་ཁག་ཅིག་འཇོག་ཤས་ཆེ། རྒྱ་གར་དང་ཨུ་རུ་སུ་གཉིས་ཀྱིས་མཚོན་ཆ་ཉོ་ཚོང་གི་གན་རྒྱ་བཞག་ཡོད་པ་རྣམས་ཡུཀ་རེན་གྱི་དམག་འཁྲུག་ལངས་པའི་རྗེས་སུ་སྒྲུབ་མ་ཐུབ དེ་བཞིན་ཡུཀ་རེན་གྱི་དམག་འཁྲུག་སྐབས་སུ་ཨུ་རུ་སུའི་མཚོན་ཆ་ཡག་པོ་མེད་པ་ངོ་འཕྲོད། དེར་བརྟེན་རྒྱ་གར་གཞུང་གིས་རང་གི་མཚོན་ཆ་ཉོ་ཡུལ་ཨུ་རུ་སུ་གཅིག་པུར་བརྟེན་མི་ཉན་པ་དང་ཨ་རི་སོགས་ནས་མཚོན་ཆ་ནང་འདྲེན་བྱ་དགོས་པ་ངོས་ཟིན་འདུག རྒྱ་གར་ནི་ཨ་རི་དང་ཨོ་གླིང་། ཉི་ཧོང་བཅས་བཞི་འབྲེལ་རྒྱལ་ཁབ་ཀྱི་སྒྲིག་འཛུགས་དེའི་ཚོགས་འཐུས་ཤིག་ཀྱང་རེད། བཞི་འབྲེལ་རྒྱལ་ཁབ་ཀྱིས་རྟག་ཏུ་བདེ་འཇགས་དང་ཚོང་ལས་སོགས་ལ་གྲོས་མོལ་བྱེད་ཀྱི་ཡོད་པར་མ་ཟད། སྐབས་འགར་མཉམ་འབྲེལ་དམག་སྦྱོང་ཡང་བྱེད་ཀྱི་འདུག རྒྱ་ནག་གི་སྟོབས་ཤུགས་ཨེ་ཤི་ཡར་ཁྱབ་ཀྱི་ཡོད་པ་འགོག་ཐབས་བྱ་རྒྱུ་ནི་བཞི་འབྲེལ་རྒྱལ་ཁབ་ཚང་མ་ལྟ་ཚུལ་གཅིག་མཐུན་རེད་ཅེས་གནས་ཚུལ་སྤེལ་འདུག

༢༠༢༤་ལོར་སྲིད་བློན་མོ་དྷི་སླར་ཡང་འོས་འདེམས་ལ་འགྲན་ཞུགས་བྱེད་ཀྱི་ཡོད་པས་ཨ་རིའི་རྒྱལ་དོན་འཚམས་འདྲི་འདིར་གནད་འགག་ཆེན་པོ་ཞིག་ཡིན་འདུག རྒྱ་གར་གྱིས་ཨ་མི་རི་ཀར་འབྲེལ་བ་ཡར་རྒྱས་བཏང་ནས་རྒྱ་ནག་ལ་ཁ་གཏད་གཅོག་ཐུབ་རྒྱུ་ཡིན་མིན་ནི་རྒྱ་གར་གྱི་སྤྱི་ཡོངས་འོས་འདེམས་ལ་འབྲེལ་བ་ཡོད་པའི་རྩ་དོན་ཞིག་ཏུ་གྱུར། སྲིད་འཛིན་བྷ་ཌན་དང་སྲིད་བློན་མོ་དྷི་གཉིས་ཀྱི་གྲོས་གཞི་གཙོ་བོ་ཞིག་ཝ་ཤིང་ཊོན་དང་ལྡི་ལི་གསར་པའི་མཛའ་འབྲེལ་གོང་འཕེལ་དང་རྒྱ་ནག་གི་ཤུགས་རྐྱེན་འགོག་ཐབས། ཨ་མི་རི་ཀས་རྒྱ་གར་ལ་ཁ་ལོ་བ་མེད་པའི་དམག་གི་འཕུར་གྲུ་དང་འཐབ་འཛིང་གནམ་གྲུའི་འཕྲུལ་འཁོར་ཨ་མ་བཟོ་སྐྲུན་གྱི་འཕྲུལ་རིག་ཕྱིར་ཚོང་། དེ་ལྟར་བྱུང་ན་རྒྱ་གར་གྱི་རྒྱལ་སྲུང་ལ་མཁོ་བའི་འཕྲུལ་རིག་ལག་རྩལ་ཡར་རྒྱས་གཏོང་ཐུབ་པ་དང་རྒྱ་གར་ཨུ་རུ་སུའི་དམག་དོན་འཕྲུལ་རིག་འབའ་ཞིག་ལ་བརྟེན་མི་དགོས་པའི་ཚོད་དཔག་བྱས་འདུག ༢༠༢༠་ལོར་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་གདོང་ཐུག་བྱུང་བའི་རྗེས་སུ་རྒྱ་གར་དང་ཨ་མི་རི་ཀའི་དམག་དོན་འབྲེལ་བ་ཡག་ཏུ་འགྲོ་འགོ་ཚུགས་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༦་པའི་ཚེས་༡༩་ཉིན་ཨ་མི་རི་ཀའི་ཊེམ་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ཧྥ་རན་སིའི་སྲིད་འཛིན་དང་ལྷོ་ཀོ་ཡའི་སྲིད་འཛིན་ལ་རྒྱལ་ཁབ་ཀྱི་གསོལ་སྟོན་བཤམས་པའི་རྗེས་སུ་གཟའ་འཁོར་འདིར་རྒྱ་གར་གྱི་སྲིད་བློན་མོ་དྷིར་རྒྱལ་ཁབ་ཀྱི་གསོལ་སྟོན་བཤམ་རྒྱུ། ད་སྔ་སྲིད་བློན་མོ་དྷི་ཨ་མི་རི་ཀར་འཚམས་འདྲིར་ཐེངས་འགའ་ཞིག་ཕེབས་ཀྱང་༢༠༢༣་ལོའི་འཚམས་འདྲི་འདི་མ་འདྲ་བ་ཞིག་རེད། ༢༠༠༩་ལོར་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་ཨ་མི་རི་ཀར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་རྗེས་སུ་ཕོ་བྲང་དཀར་པོས་རྒྱ་གར་གྱི་སྲིད་བློན་ཞིག་རྒྱལ་དོན་འཚམས་འདྲིར་མགྲོན་འབོད་བྱས་མི་འདུག རྒྱ་གར་ནི་འཛམ་གླིང་གི་མི་འབོར་མང་ཨང་དང་པོར་གྱུར་ཡོད་པ་དང་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས། རྒྱ་གར་གྱི་འཕྲུལ་རིག་ལག་རྩལ་བ་སོགས་ཀྱིས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ། ཐ་ན་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས་ཨ་མི་རི་ཀས་རྒྱ་གར་ལ་མཐོང་འཇོག་གི་ལྟ་ཚུལ་མཐོ་རུ་གཏོང་གི་ཡོད་པའི་གནས་ཚུལ་སྤེལ་འདུག

ཉེ་དུས་ཤིག་ནས་ཨ་རི་དང་རྒྱ་གར་གཉིས་མཉམ་འབྲེལ་ཐོག་ཏུ་རྒྱང་སྙོབ་མེ་སྒྱོགས་དང་དམག་གི་རླངས་འཁོར་བཟོ་སྐྲུན་བྱ་རྒྱུའི་གྲོས་སྡུར་ཚུགས། ཟླ་བ་སྔོན་མར་སྲིད་འཛིན་བྷ་ཌན་གྱིས་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་༡༤་བསྡུས་ནས་དཔལ་འབྱོར་སྒྲོན་གཞིའི་མཐུན་ཚོགས་བཙུགས་པར་རྒྱ་གར་ཚོགས་ཁོངས་དེར་ཞུགས། ད་ལྟ་ཨ་མི་རི་ཀའི་སྤྱི་ཡོངས་གློག་ཆས་བཟོ་ཚོང་ཁང་གིས་རྒྱ་གར་ལ་མཉམ་འབྲེལ་བྱས་ནས་དམག་གི་གནམ་གྲུ་བཟོས། ཨ་མི་རི་ཀས་རྒྱ་གར་ལ་མ་རྩ་འཛུགས་རྒྱུ་མང་དུ་བཏང་སྟེ་རྒྱ་ནག་གིས་རྒྱ་གར་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པ་འགོག་ཐབས། སྲིད་བློན་མོ་དྷིའི་འཚམས་འདྲིའི་སྔོན་དེར་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་དང་རྒྱལ་སྲུང་སློབ་སྟོན་པ་སཱུ་ལི་ཝན་གཉིས་རྒྱ་གར་ལ་འཚམས་འདྲིར་ཕེབས་ནས་གྲོས་མཐུན་ཁག་ཅིག་ཐག་བཅད། གཟའ་འཁོར་འདིར་རྒྱ་གར་དང་ཨ་མི་རི་ཀས་ཨ་སྒོར་དུང་ཕྱུར་༢༠་ནས་དུང་ཕྱུར་༣༠་ཡས་མས་ཤིག་གི་མཚོན་ཆ་ཉོ་ཚོང་གི་གྲོས་མཐུན་ཞིག་ལ་མིང་རྟགས་འགོད་རྒྱུའི་གནས་ཚུལ་ཐོན་འདུག

XS
SM
MD
LG