ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༡༣

སྲིད་བློན་མོ་དྷི་སོགས་ནཱ་ལནྡྲ་སློབ་ཆེན་གསར་པ་སྒོ་འབྱེད་ཀྱི་མཛད་སྒོར་ཞུགས།


རྒྱ་གར་གྱི་སྲིད་བློན་མོ་དྷི་དང་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་ཇཱེ་ཤན་ཀར། བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཎི་ཏི་ཤ་ཀུ་མར་
རྒྱ་གར་གྱི་སྲིད་བློན་མོ་དྷི་དང་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་ཇཱེ་ཤན་ཀར། བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཎི་ཏི་ཤ་ཀུ་མར་

༄༅།། རྒྱ་གར་གྱི་སྲིད་བློན་མོ་དྷི་དང་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་ཇཱེ་ཤན་ཀར། བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཎི་ཏི་ཤ་ཀུ་མར་(Nitish Kumar)་དང་རྒྱལ་ཁབ་༡༧་གྱི་སྐུ་ཚབ་རྣམས་ལོ་༡༦༠༠་ལྷག་གི་ལོ་རྒྱུས་ལྡན་པའི་ནཱ་ལནྡྲ་སློབ་ཆེན་གསར་པའི་སློབ་གླིང་སྒོ་འབྱེད་ཀྱི་མཛད་སྒོར་ཞུགས། ཕྱི་ཟླ་༦་པའི་ཚེས་༢༠་ཉིན་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། དེང་སྐབས་ནཱ་ལནྡྲ་སློབ་གྲྭ་ཆེན་མོར་སློབ་གླིང་༦་ཡོད་པ་དེར་རྒྱལ་ཁབ་༢༠་ལྷག་གི་སློབ་ཕྲུག་༥༠༠་ལྷག་འདུས། རྒྱ་གར་གཞུང་གིས་ཕྱི་རྒྱལ་གྱི་སློབ་ཕྲུག་༡༣༧་ལ་སློབ་ཡོན་རོགས་རམ་སྤྲོད་རྒྱུའི་གསལ་བསྒྲགས་སྤེལ། སྲིད་བློན་མོ་དྷིས་གནའ་བོའི་དུས་སུ་ནཱ་ལནྡྲ་གཙུག་ལག་སློབ་གྲྭར་སུ་ཞིག་སློབ་གཉེར་དུ་བསླེབས་ཀྱང་རྒྱལ་ཁབ་དང་མི་རིགས་ཀྱི་ཁྱད་པར་ཕྱེ་མེད་པ་ལྟར་ནཱལནྡྲ་སློབ་ཆེན་གསར་པར་སུ་ཞིག་སློབ་ཞུགས་བྱས་ཀྱང་རྒྱལ་ཁབ་དང་མི་རིགས་ཀྱི་དབྱེ་བ་འབྱེད་ཀྱི་མེད་ཅེས་མཛད་སྒོའི་ཐོག་ཏུ་གསུང་བཤད་གནང་འདུག

ཐོག་མར་༢༠༡༤་ལོའི་ཕྱི་ཟླ་༩་པའི་ཚེས་༡་ཉིན་རྒྱ་གར་གཞུང་གིས་གནའ་བོའི་ནཱ་ལནྡྲའི་ཞིག་ཤུལ་ནས་སྤྱི་ལེ་༡༠་ཡས་མས་ཤིག་གི་མཚམས་ཏེ། རྒྱལ་པོའི་ཁབ་གྲོང་རྡལ་གྱི་ཁྱབ་ཁོངས་དང་གྲོང་ཁྱེར་སྐྱ་ནར་གྱི་ཉེ་འཁྲིས་སུ་རྒྱལ་སྤྱིའི་ལྷན་འཛོམ་ལྟེ་གནས་ཁང་འཛུགས་སྐྲུན་བྱས་ནས་ལས་མགོ་བརྩམས། ༢༠༡༦་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྔ་མོའི་ནཱལནྡྲའི་ཞིག་ཤུལ་དེ་ཉིད་འཛམ་གླིང་གི་གནས་ཤུལ་རྩ་ཆེན་གྲས་སུ་བཅུག ན་ནིང་རྒྱ་གར་དུ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམས་ཚོགས་འདུ་ཚོགས་པའི་དུས་སུ་ནཱ་ལནྡྲའི་གནས་ཤུལ་གྱི་འདྲ་པར་ཚོགས་ཆེན་གྱི་རྒྱབ་ལྗོངས་སུ་བཀོད། ནཱལནྡྲ་སློབ་ཆེན་གསར་པའི་འཛུགས་སྐྲུན་རིམ་པ་དང་པོའི་ཁོངས་སུ་སློབ་ཁང་དང་འཛིན་སྐྱོང་། དགེ་རྒན་དང་སློབ་ཕྲུག སློབ་ཆེན་གྱི་ལས་བྱེད་པའི་སྡོད་ཁང་དང་སློབ་ཆེན་གྱི་མགྲོན་ཁང་། རྒྱལ་སྤྱིའི་ལྟེ་གནས་ཁང་བཅས་ལེགས་འགྲུབ་བྱུང་།།

Photo: The official Facebook page of Nalanda University
Photo: The official Facebook page of Nalanda University

ཕྱི་ཟླ་༦་པའི་ཚེས་༢༠་ཉིན་རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སྲིད་བློན་མོ་དྷིས་ངས་བསྒྲུབ་དགོས་པའི་དམིགས་ཡུལ་གཉིས་ནི་༢༠༤༧་བར་དུ་རྒྱ་གར་ཡར་ཐོན་གྱི་རྒྱལ་ཁབ་ཅིག་ཏུ་བསྒྱུར་རྒྱུ་དང་རྒྱ་གར་སླར་ཡང་འཛམ་གླིང་གི་ཤེས་ཡོན་སློབ་གཉེར་གྱི་ལྟེ་གནས་ཤིག་ཏུ་བསྒྱུར་རྒྱུ་དེ་ཡིན། ནཱ་ལནྡྲ་ནི་མིང་ཙམ་མིན། དེ་ནི་ངོ་བོ་དང་ཆེ་མཐོང་། རིན་ཐང་དང་གཟུངས་སྔགས། རྟོགས་བརྗོད་བཅས་ཡིན། ནཱ་ལནྡྲ་སློབ་ཆེན་གསར་པ་ཞིག་ཚུགས་ཐུབ་ཡོད་པ་དེ་ལ་བལྟས་ཚེ། མེ་ཕུང་གིས་དཔེ་ཆ་བསྲེགས་ཐུབ་ཀྱང་ཤེས་རིག་བསྣུབ་མི་ཐུབ་པ་ར་འཕྲོད་པ་རེད་ཅེས་དུས་རབས་༡༢་པའི་ནང་དུ་ཨབ་གྷ་ཎི་སི་ཐན་ནས་ཁ་ཆེའི་དམག་དཔོན་བྷག་ཏིར་ཀཱིལ་ཇཱིས་(Bakhtiar Khilji)་དམག་དྲངས་ཏེ་ནཱ་ལནྡྲ་རྨེག་མེད་དུ་བཅོམ། ནཱ་ལནྡྲའི་དཔེ་མཛོད་ཁང་དུ་རིག་གནས་འདྲ་མིན་གྱི་དཔེ་ཆ་ས་ཡ་༩་ལྷག་ཡོད་པ་རྣམས་མེར་བསྲེགས། ནཱ་ལནྡྲ་ལ་གོད་ཆག་ཆེན་པོ་བྱུང་ཡང་ཤེས་བྱའི་སྙིང་པོ་བཅོམ་ཐུབ་མེད་པ་རྣམས་ལུང་དྲངས།།

དཔལ་ནཱ་ལནྡྲ་ནི་དུས་རབས་༥་པའི་ནང་དུ་མ་ག་དྷའི་རྒྱལ་ཁམས་སུ་གསར་དུ་ཆགས། རྒྱ་ནག་དང་ཀོ་རི་ཡ། ཉི་ཧོང་དང་བོད། སོག་ཡུལ་དང་སིངྒ་ལ་སོགས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་མཁས་པ་དུ་མ་ཞིག་ནཱལནྡྲ་ལ་སློབ་གཉེར་དུ་ལྷགས་ཏེ་གསོ་བ་རིག་པ་དང་ནང་དོན་རིག་པ་སོགས་སྦྱངས། མི་ལོ་༨༠༠་ལྷག་ལ་ནཱ་ལནྡྲ་ནས་འཛམ་གླིང་ཡོངས་ལ་ཤེས་རིག་གི་འོད་སྣང་ཁྱབ། ནཱ་ལནྡྲ་ནི་འཛམ་གླིང་གི་སློབ་ཕྲུག་འདུག་ས་ཡོད་པའི་སློབ་ཆེན་དང་པོ་དེར་ངོས་འཛིན་ཐོབ། ནཱ་ལནྡྲ་དར་སྒང་དུ་ཡོད་པའི་དུས་སུ་དགེ་རྒན་༢༠༠༠་དང་སློབ་ཕྲུག་༡༠༠༠༠་ལྷག་ཡོད་པར་མ་ཟད། དགེ་རྒན་གྱི་གྲས་སུ་ཀླད་གོར་གསར་གཏོད་པ་དང་རྩིས་རིག་སྲོལ་འབྱེད་པར་གྲགས་པའི་སློབ་དཔོན་ཨརྱ་བྷ་ཏཱ་(Aryabhatta)་དང་མཁས་པའི་དབང་པོ་དྷར་མ་པ་ལ། སི་ལ་བྷ་དྲ་སོགས་ཡོད་པ་རེད་ཅེས་བྱུང་རབས་སུ་འཁོད། དཔལ་ནཱ་ལནྡྲ་ནས་ཐོན་པའི་མཁས་པའི་གྲས་སུ་ཀླུ་སྒྲུབ་ཡབ་སྲས་དང་ཐོགས་མེད། མཁན་ཆེན་ཞི་བ་འཚོ་དང་ཕྱོགས་གླང་ཆོས་གྲགས། ཙནྡྲ་གོ་མིན་སོགས་ཡོད་པའི་གནས་ཚུལ་ཐོན་འདུག

Photo: The official Facebook page of Nalanda University
Photo: The official Facebook page of Nalanda University

ཁ་སྔོན་ཕྱི་ཟླ་༣་པའི་ནང་དུ་བི་བི་སི་གསར་ཁང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་བོད་ལ་དར་པའི་ནང་དོན་རིག་པའི་ཤེས་བྱ་ཐམས་ཅད་ནཱ་ལནྡྲ་ནས་བྱུང་བ་རེད་ཅེས་གསུངས་པ་ལྟར་ནཱ་ལནྡྲའི་བསླབ་གཞི་ཁག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། ནཱ་ལནྡྲ་ནི་དབྱིན་ཇིའི་ཨོཀ་སི་ཧྥོར་ཌི་སློབ་ཆེན་དང་ཡུ་རོབ་ཀྱི་སློབ་ཆེན་རྙིང་ཤོས་བྷོ་ལོག་ན་སློབ་ཆེན་ལས་ཀྱང་ལོ་༥༠༠་སྔ་བ་རེད། དུས་ཀྱི་འཕོ་འགྱུར་ཁྲོད་དུ་ནཱ་ལནྡྲ་ལ་ཉམས་ཆག་བྱུང་ནས་ལོ་༨༠༠་ལྷག་ཕྱིན་མོད། འོན་ཀྱང་ནཱ་ལནྡྲ་ནས་དར་བའི་ཤེས་རིག་གིས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་མི་རིགས་ཁག་གི་རིག་གཞུང་ལ་ཤུགས་རྐྱེན་ཐེབས། ནཱ་ལནྡྲའི་སྦྱིན་བདག་ནི་ཧིན་རྡུ་ཆོས་ལུགས་ཀྱི་རྗེས་འཇུག་པ་གུབ་ཏའི་རྒྱལ་རབས་ཀྱི་རྒྱལ་པོ་རྣམས་ཡིན་རུང་ནང་པའི་བསྟན་བཅོས་ཁག་གིས་ཡིད་དབང་རབ་ཏུ་ཕྲོགས་ཏེ་ཆོས་ལུགས་ལ་དབྱེ་བ་མེད་པར་བདག་རྐྱེན་སྦྱར། ནཱ་ལནྡྲའི་གཙུག་ལག་ཁང་བཞེངས་སྟངས་ཀྱིས་ཐེ་ལན་ཌི་སོགས་ལ་ཤུགས་རྐྱེན་ཐེབས། ནཱ་ལནྡྲའི་བསླབ་པ་སློབ་གཉེར་གྱི་ལམ་སྲོལ་དེས་བོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་རེད་ཅེས་གསར་འགྱུར་ཐོན།།

ནཱ་ལནྡྲ་སློབ་ཆེན་གསར་པར་སློབ་གླིང་༦་ཡོད་པ་དེ་དག་གི་ནང་དུ་ནང་དོན་རིག་པ་དང་བྱུང་རབས། མཚན་ཉིད་རིག་པ་དང་ཆོས་ལུགས་ཁག་གི་གྲུབ་མཐའ་གཤིབ་སྡུར། སྐྱེ་ཁམས་དང་ཁོར་ཡུག འཛུགས་སྐྲུན་རྒྱུན་འཁྱོངས་དང་འཛིན་སྐྱོང་རིག་པ་བཅས་གནའ་དེང་གི་རིག་པའི་གནས་རྣམས་སློབ་འགོ་ཚུགས། ༢༠༢༣་ནས་༢༠༢༧་བར་གྱི་སློབ་ལོ་བཞིའི་རིང་དེར་བངྒ་ལ་དང་འབྲུག་ཡུལ། བལ་ཡུལ་དང་ཁེམ་བྷོ་ཌི་ཡ། ལའོ་སི་དང་འབར་མ། ཝི་ཏེ་ནམ་དང་སིངྒ་ལ། ཨུན་རྡུ་ནེ་ཤི་ཡ་དང་ཐེ་ལན་ཌི། ཏུར་ཀི་དང་སར་བྷི་ཡ། གྷ་ན་དང་ཁེ་ནི་ཡ། ལེ་བྷི་རི་ཡ་དང་མོ་ཛམ་བྷིག ན་ཇཱི་རི་ཡ་དང་ཀོང་གོ་སྤྱི་མཐུན་རྒྱལ་ཁབ། ལྷོ་སུ་དྷན་དང་སེ་ར་ལེ་འོང་། ཡུ་གྷན་ཌ་དང་ཛིམ་བྷབ་ཝེ། ཨ་མི་རི་ཀ་དང་ཨར་ཆིན་ཊི་ན་བཅས་ཀྱི་སློབ་ཕྲུག་ཚོས་འབུམ་རམས་པའི་སློབ་སྦྱོང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ནཱ་ལནྡྲ་ལོ་༦༠༠་ལྷག་ལ་ས་རྡོས་མནན་ནས་བདག་མེད་དུ་བཞག ༡༨༡༢་ལོར་དབྱིན་ཇིའི་ས་ཞིབ་པ་ཧ་མིལ་ཊོན་(Francis Buchanan Hamilton)་གྱིས་གནས་ཤུལ་ངོས་ཟིན། ༡༨༦༡་ལོར་ནཱ་ལནྡྲའི་གནས་ཤུལ་དེར་གཞུང་འབྲེལ་གྱིས་ངོས་འཛིན་བྱས་ཤིང་། ༢༠༠༦་ལོར་རྒྱ་གར་གྱི་སྲིད་འཛིན་ཨབ་རྡུལ་ཀ་ལམ་(APJ Abdul Kalam)་གྱིས་བྷི་ཧར་མངའ་སྡེའི་གྲོས་ཚོགས་ལ་གསུང་བཤད་གནང་བའི་སྐབས་སུ་ནཱལནྡྲ་ཉམས་གསོ་བྱ་དགོས་པ་དང་གནའ་བོའི་ནཱ་ལནྡྲའི་གཟི་བརྗིད་སླར་གསོ་བྱ་རྒྱུ་གནད་འགག་ཤིན་ཏུ་ཆེ་ཞེས་ནན་གྱིས་བསྐུལ། ད་ལྟའི་ནཱ་ལནྡྲ་སློབ་ཆེན་གསར་པའི་གློག་ནི་ཉི་གློག་དང་ཆུ་ནི་ཆར་ཆུ་གསོག་འཇོག སློབ་ཆེན་གྱི་ཁོར་ཡུག་ཀུན་ཏུ་སྤང་དང་ལྗོན་ཤིང་། རྩི་ཤིང་མེ་ཏོག་སོགས་བཏབ་སྟེ་མཁའ་དབུགས་གཙང་མ། ས་ཁྱོན་ཨེ་ཀར་༡༠༠་ཐམ་པའི་ནང་དུ་རྫིང་བུ་བསྐྱིལ་ནས་ཡུལ་ལྗོངས་བསིལ་བོར་བསྒྱུར། སློབ་ཁང་དང་ཚོགས་ཁང་། དགེ་རྒན་དང་སློབ་ཕྲུག་གི་སྡོད་ཤག་ཐམས་ཅད་ནག་རྫས་དུད་རླངས་མེད་པའི་སྔོ་ལྗང་ཅན་ཞིག་འཛུགས་སྐྲུན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG