ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གསར་འགྱུར་ལས་ཁང་ཚོས་༧གོང་ས་མཆོག་དང་འབྲེལ་བའི་བརྙན་ཐུང་ལ་ལོག་འགྲེལ་བྱས་པར་སྐྱོན་བརྗོད། 


ཕྱི་ཟླ་༢་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རར་རྒྱ་གར་གྱི་གཞི་རིམ་སློབ་གྲྭ་གཅིག་གི་དགེ་རྒན་དང་སློབ་ཕྲུག་ཚོར་བཀའ་སློབ་གནང་བའི་མཛད་རིམ་གྱི་སྐབས་སུ་རྒྱ་གར་བ་བྱིས་པ་གཅིག་གིས་༧གོང་ས་མཆོག་ལ་འཐམ་འཁྱུད་བྱེད་ཆོག་པ་ཞེས་ཞུས་རྗེས་༧གོང་ས་མཆོག་གིས་ཐུགས་བརྩེས་ཕྲུ་གུ་དེར་ཕྱག་བཏང་བ་དང་སྦྲགས། ཀུ་རེའི་ཚུལ་དུ་ལྗག་ལ་ཐུག་རེག་བྱ་དགོས་ཞེས་གསུངས་པའི་བརྙན་ཐུང་དེ་རེས་གཟའ་ཉི་མའི་ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་བརྒྱུད་བསྒྲགས་བྱས་ཡོད་ཅིང་། དེ་ནི་གནས་ཚུལ་དེ་བྱུང་ནས་ཟླ་བ་གཅིག་ལྷག་ཙམ་ཕྱིན་རྗེས་བརྙན་ཐུང་དེ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཚོས་ཕྱིར་བསྒྲགས་བྱས་པ་ཞིག་ཡིན་འདུག
རེས་གཟའ་ཟླ་བའི་ཉིན་དགའ་ལྡན་ཕོ་བྲང་གི་དྲྭ་ཚིགས་སུ་བརྙན་ཐུང་དེ་འདྲ་གཅིག་གང་སར་སྤེལ་བཞིན་འདུག་པས་གནས་ཚུལ་དེ་དང་འབྲེལ་ཡོད་ཕྲུ་གུ་དང་ཕ་མ། ལྷག་པར་དུ་༧གོང་ས་མཆོག་ལ་དགའ་ཉེ་ཞུ་མཁན་མི་མང་ཚོར་སེམས་ཕམ་བྱུང་ཡོད་ན་བཟོད་གསོལ་ཞུ་ཡི་ཡོད་ཅེས་ཡོངས་ཁྱབ་གསལ་བསྒྲགས་ཞིག་སྤེལ།

དགའ་ལྡན་ཕོ་བྲང་གིས་ཡོངས་བསྒྲགས་བཟོད་གསོལ་གསལ་བསྒྲགས་དེ་སྤེལ་རྗེས་རྒྱལ་སྤྱིའི་གསར་ལམ་ཆེ་ཁག་དང་གསར་ཤོག་སོགས་གང་སར་གནས་ཚུལ་དེ་སྤེལ་ཡོད་པ་མ་ཟད། བརྙན་ཐུང་དེ་གང་སར་ཁྱབ་ནས་གནས་ཚུལ་འུར་སྒྲོགས་དང་གནས་ཚུལ་དེ་ལ་སེམས་འཚབ་བྱེད་མཁན་ཇེ་མང་དུ་སོང་ནས་སྤྱི་ཚོགས་དྲྭ་ཚིགས་སོགས་སུ་བོད་དོན་དང་འབྲེལ་བའི་གླེང་གཞི་ཆེ་ཤོས་གཅིག་ཏུ་གྱུར། གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་དྲྭ་ཚིགས་ཁག་ཏུ་གནས་ཚུལ་དེར་སྐྱོན་བརྗོད་བྱེད་མཁན་དང་སྐྱོན་བརྗོད་བྱེད་མཁན་ཚོར་དགག་བྱ་བྱེད་མཁན་བཅས་ཕྱོགས་གཉིས་འབྱུང་གི་ཡོད་པའི་གནས་ཚུལ་ཐོན།

རྒྱ་གར་གྱི་བྱིས་པའི་རང་དབང་སྲུང་སྐྱོབ་ཀྱི་ལས་དོན་གཉེར་མཁན་ནིར་མ་ལ་ཇོ་ཤིས་རྒྱ་གར་གྱི་གླེང་སྟེགས་གཅིག་ལ་ད་ལམ་གྱི་གནས་ཚུལ་དེ་ས་ཁམས་ཆབ་སྲིད་ལ་འབྲེལ་བ་གང་ཡང་མེད་ཅིང་། ༧གོང་ས་མཆོག་ནི་འཛམ་གླིང་ཀུན་གྱིས་གུས་བཀུར་ཞུ་ཡུལ་སྙན་གྲགས་ཆེ་བའི་མི་སྣ་ཞིག་ཡིན་མོད། འོན་ཀྱང་༧གོང་ས་མཆོག་གིས་བྱིས་པ་དེར་ཚུལ་མིན་གྱི་སྤྱོད་ཚུལ་བསྟན་པར་སྐྱོན་བརྗོད་བྱེད་འོས་པ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་འདུག

དེ་ཡང་ནིར་མ་ལི་ ཇོ་ཤིས་བརྗོད་དོན། དེ་ནི་གཏན་ནས་ངོས་ལེན་བྱེད་ཐུབ་ཐབས་མེད་པའི་མཛད་སྤྱོད་ཅིག་ཡིན་པས་འགྲོ་བ་མི་སུ་ཡིན་རུང་དེ་ལ་སྐྱོན་བརྗོད་བྱེད་དགོས་པ་ཞིག་རེད། དེ་ནི་དབང་ཚད་བེད་སྤྱོད་བྱས་པ་དང་ཚུལ་མིན་གྱི་བྱ་སྤྱོད་གཅིག་རེད་ཅེས་བཤད་འདུག

སྤྱི་ཚོགས་དྲྭ་ཚིགས་ཁག་ཏུ་བརྙན་ཐུང་དེ་གསར་འགྱུར་བརྒྱུད་ལམ་ཚོས་བེད་སྤྱོད་བྱེད་སྟངས་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་ཡོད་པ་སྟེ། ཁོ་ཚོས་གལ་སྲིད་བརྙན་ཐུང་དེ་མགོ་ནས་མཇུག་བར་ཆ་ཚང་ཞིག་ལྟ་ཉན་བྱེད་ཐུབ་ན་༧གོང་ས་མཆོག་གིས་རྒྱུན་ལྡན་དུ་བྱམས་བརྩེ་དང་སྐྱེ་བོ་ཆེ་འབྲིང་ཆུང་གསུམ་ཚང་མར་གཟིགས་སྟངས་གཅིག་པ་ཡིན་པའི་ཕྱག་བཞེས་དེ་གསལ་པོར་མཐོང་ཐུབ། གསར་འགྱུར་བརྒྱུད་ལམ་ཚོས་བརྙན་ཐུང་གི་མགོ་མཇུག་ནས་གཅོད་འབྲེག་བྱས་ཏེ་མི་རྣམས་ཡིད་དབང་འཕྲོག་ཐབས་དང་འཁྲུག་ཆ་བཟོ་ཐབས་སུ་སྐར་ཆ་གཅིག་གི་བརྙན་དེ་བསྟན་ནས་འགྲེལ་བཤད་བརྒྱབ་པ་ནི་གསར་འགྱུར་ལས་ཁང་ཚོས་དངོས་ཡོད་གནས་ཚུལ་ལ་འཁྱོག་བཤད་བྱས་པ་རེད་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།

མི་ནི་སོ་ཌར་གནས་འཁོད་འཇིགས་མེད་ཨོ་རྒྱན་ལགས་ཀྱིས་གསར་འགྱུར་བརྒྱུད་ལམ་ཚོས་བརྙན་ཐུང་དེ་བེད་སྤྱོད་བྱས་པ་ཁོ་ན་མིན་པར་བརྙན་ཐུང་ཆ་ཚང་དེར་གཟིགས་ནས་འགྲེལ་བཤད་རྒྱག་དགོས་པའི་འབོད་སྐུལ་ཞུས། དེ་ཡང་འཇིགས་མེད་དབུ་རྒྱན་ལགས་ཀྱིས་གསུངས་དོན། བརྙན་ཐུང་གཅོད་འབྲེག་དང་འཁྱོག་བཤད་བྱས་པ་གཅིག་མཐོང་དུས་སེམས་ཕམ་ཆེན་པོ་བྱུང་། སྐྱེ་བོ་གཞན་རྣམས་བསླུ་ཁྲིད་ཐུབ་ཐབས་སུ་གློག་བརྙན་གྱི་མགོ་དང་མཇུག་ནས་བཏུབ་སྟེ། ༧གོང་ས་མཆོག་དང་རྒྱ་གར་བ་བྱིས་པ་དེ་ཀུ་རེ་དང་བྱམས་བརྩེ་བརྗེ་ལན་བྱས་པ་རྣམས་ལག་རྩལ་མཁས་པོས་གཅོད་འབྲེག་བྱས་ནས་ནང་དོན་ངོ་མ་ཐབས་མཁས་ཀྱིས་མེད་པར་བཟོས་། ང་ཚོ་འཕྲུལ་རིག་གི་གསར་འགོད་དུས་རབས་ཤིག་ཏུ་འཚོ་གནས་བྱེད་དགོས་ཀྱི་ཡོད་པ་དང་སོ་སོའི་མིག་ཕྱེ་ནས་ཚོད་དཔག་གི་མཚམས་ལས་བརྒལ་ཏེ་གནས་ཚུལ་གང་ཐོབ་པ་དེའི་བདེན་དཔང་རྩད་གཅོད་བྱ་དགོས། ད་དུང་བརྙན་པར་དེའི་ནང་དུ་མཛད་སྒོ་ཆ་ཚང་མཇུག་བསྒྲིལ་ཟིན་རྗེས་བྱིས་པ་དེས་༧གོང་ས་མཆོག་གི་སྐུ་མདུན་དུ་རང་གི་ཕ་མ་གཉིས་ཀྱི་མཉམ་དུ་ཀོ་ཀོའི་འབྲས་བུ་རྐང་པས་རིལ་པ་བཅས་ལ་གཟིགས་ཐུབ་ན་གནས་ཚུལ་ངོ་མ་གང་ཡིན་ཞེས་ཐུབ་ཀྱི་རེད་ཅེས་གསུངས་ནས་༧གོང་ས་མཆོག་གིས་རྒྱུན་དུ་བྱམས་བརྩེ་དང་ཕན་ཚུན་སེམས་ཐག་ཉེ་པོའི་ཕྱག་བཞེས་གང་ཡིན་གསལ་བཤད་གནང་འདུག

ཡང་རྒྱ་གར་གྱི་བྱིས་པའི་རང་དབང་སྲུང་སྐྱོབ་ལྷན་ཚོགས་གསར་འཛུགས་པ་དང་ཁྲིམས་རྩོད་པ་ཨར་ཝིནྜ་ ཤཱ་ཡིས་ཕ་མ་གཉིས་ཀྱིས་ཁྲིམས་ཁང་ལ་སྙན་ཞུ་ཕུལ་ན་ཁྲིམས་ཐོག་ནས་གནས་ཚུལ་ཉན་ཞིབ་བྱེད་སྲིད་ཀྱང་གཙོ་བོ་ཀུན་སློང་གི་ཆ་ནས་ཚུལ་མིན་བྱས་ཡོད་མེད་ལ་རག་ལས་ཀྱི་རེད་ཅེས་གསུངས་ནས་༧གོང་ས་མཆོག་གིས་རྒྱུན་ལྡན་གྱི་ཕྱག་བཞེས་ལ་བལྟས་ན་ཁོང་གི་ཀུན་སློང་ལ་ཕྲུ་གུ་དེར་གནོད་པ་དང་ཚུལ་མིན་གྱི་དགོངས་པ་བཞེས་ཡོད་མདོག་ཁ་པོ་མ་རེད་ཅེས་གསུངས་འདུག

ཨར་ཝིནྟ་ ཤཱས་བརྗོད་དོན་ལ་གལ་ཆེ་ཤོས་དེ་ནི་ཁྲིམས་ཡིག་དོན་ཚན་༡༡་ནང་སྲེད་སྤྱོད་ཀྱི་ཀུན་སློང་གིས་ཕྲུ་གུ་དེར་ཚུལ་མིན་བྱས་ཡོད་ན་ཁྲིམས་ཁང་ལ་ཞུ་གཏུགས་བྱེད་ཆོག་གི་རེད། ཁྲིམས་ལུགས་རིག་པའི་ཐོག་ནས་བཤད་ན་དགུང་གྲངས་༨༠་གྱ་གྲངས་ལ་ཕེབས་པ་དང་འཛམ་གླིང་ནང་ཀུན་གྱིས་གུས་བཀུར་ཞུ་ཡུལ་གྱི་དབུ་ཁྲིད་གཅིག་ལ་དེ་འདྲའི་ཀུན་སློང་ཡོད་པ་ཁུངས་སྐྱེལ་བྱ་རྒྱུ་དེ་ཧ་ཅང་ཁག་པོ་རེད། འོན་ཀྱང་གནང་སྟངས་དེ་གཏན་ནས་འོས་འཚམས་ཤིག་མ་རེད། ཕྲུ་གུ་དེའི་སེམས་ལ་ཕོགས་ཐུག་དང་གནོད་པ། ཕ་མ་གཉིས་ལ་ཚོར་སྣང་བྱུང་ཡོད་ན་ཕ་མ་གཉིས་ཀྱིས་ཁྲིམས་ཁང་ལ་ཞུ་གཏུགས་བྱེད་ཆོག་གི་རེད། ཡིན་ནའང་སྲེད་སྤྱོད་ཀྱི་ཀུན་སློང་ཡོད་པ་བསྒྲུབ་རྒྱུ་ནི་ཧ་ཅང་ཁག་པོ་རེད་ཅེས་གསུངས་འདུག

སྤྱི་ཚོགས་དྲྭ་ཚིགས་ཁག་ཏུ་བོད་པ་མང་པོས་ད་ལམ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བའི་ཕྲུ་གུ་དེར་བྱམས་བརྩེས་ཐུགས་ཐག་ཉེ་པོ་གནང་བ་ནི་བོད་མི་རིགས་ཀྱི་གོམས་གཤིས་ལ་གུས་ཞབས་དང་ཕན་ཚུན་སེམས་ཐག་ཉེ་པོ། མཛའ་བརྩེའི་རྣམ་འགྱུར་སྟོན་པའི་གོམས་གཤིས་བཟང་པོ་ཞིག་ཡོད་པ་དེ་ཕྱག་བསྟར་གནང་བ་རེད་ཅེས་བརྗོད། སི་ཨེན་ཨེན་བརྙན་འཕྲིན་ཁང་གི་བགྲོ་གླེང་ལས་རིམ་གཅིག་ལ་རྩོམ་པ་པོ་ཇེ་མའི་ཁལ་སོན་གྱིས་༧གོང་ས་མཆོག་གིས་བོད་པའི་རིག་གཞུང་དང་གོམས་གཤིས་ལ་ཡོད་པའི་གནང་སྟངས་གཅིག་གནང་ཡོད་པ་ལས་ཚུལ་མིན་གནང་རྒྱུའི་དགོངས་པ་གཏན་ནས་ཡོད་པ་མ་རེད་ཅེས་འགྲེལ་བརྗོད་བྱས་འདུག

ཁོང་གིས་༧གོང་ས་ཏཱ་ལའི་བླ་མ་ནི་ཧ་ཅང་ཀུ་རེ་ལ་མཉེས་པའི་སྐྱེས་བུ་གཅིག་ཡིན་པ་དང་། ང་ཚོས་སྲེད་སྤྱོད་དང་ཀུ་རེ་གཉིས་གཤིབ་སྡུར་བྱས་ནས་དཔྱད་པ་བྱ་དགོས། བརྙན་དེའི་ནང་སྲེད་སྤྱོད་ཀྱི་རྣམ་པ་གང་ཡང་མཐོང་རྒྱུ་མེད་པ་ནི་སྐབས་དེར་འཛོམས་པའི་མི་ཚོའི་རྣམ་འགྱུར་ནས་གསལ་པོ་ཤེས་ཐུབ་ཀྱི་འདུག ནུབ་ཕྱོགས་པའི་ལྟ་སྟངས་ལ་ལྕེ་བསྟན་པ་དེ་སྲེད་སྤྱོད་ལ་ངོས་འཛིན་བྱེད་སྲིད་ཀྱང་བོད་པའི་གོམས་གཤིས་ལ་ལྕེ་བསྟན་པ་དེ་སྲེད་སྤྱོད་གཏན་ནས་མ་རེད། དེ་ནི་ལོ་བརྒྱ་ཕྲག་མང་པོའི་གོང་ནས་དར་བའི་བོད་པའི་གོམ་གཤིས་རྙིང་པ་ཞིག་རེད། མི་ཕན་ཚུན་མཛའ་བརྩེ་དང་གུས་བཀུར་མཚོན་ཆེད་ལྕེ་སྣར་རྒྱུ་དེ་བོད་པའི་རིག་གཞུང་གི་གྲུབ་ཆ་ཞིག་རེད་ཅེས་གསུངས་འདུག

ད་ལམ་གྱི་གནས་ཚུལ་དེ་བྱུང་རྗེས་བོད་མིའི་སྤྱི་ཚོགས་སུ་སེམས་འཚབ་དང་བློ་ཕམ་བྱེད་མཁན་མང་པོ་བྱུང་ཡོད་ཅིང་། གནས་ཚུལ་དེ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་བྱུང་སྟངས་ལ་བོད་མིའི་སྤྱི་ཚོགས་སུ་དྭོགས་པ་དང་རྣམ་རྟོག་བྱེད་མཁན་མང་དུ་འབྱུང་། ད་ལམ་གྱི་གནས་ཚུལ་ཁྱབ་སྤེལ་བྱེད་སྟངས་དེ་ནི་༧གོང་ས་མཆོག་ལ་མཚན་ཤས་བཟོ་ཐབས་ལ་དམིགས་ཡུལ་ངེས་ཅན་གཅིག་གིས་ཇུས་འགོད་བྱས་པ་གཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པའི་བསམ་ཚུལ་དེ་སྤྱི་ཚོགས་དྲྭ་རྒྱའི་ནང་ཤུགས་ཆེན་ཁྱབ་སྤེལ་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG