ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་གསར་ཁང་དང་རྒྱང་བསྒྲགས་པ་སོགས་ཕྱི་རྒྱལ་ལ་གནས་སྤོར། 


༄༅།། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཞེས་པ་ཞིག་ལག་ལེན་བསྟར་ནས་མངའ་ཁུལ་དེའི་གསར་འགོད་རང་དབང་མེད་པར་གྱུར། ད་ལྟ་ཧོང་ཀོང་གི་དྲྭ་ལམ་གསར་འགྱུར་ལས་ཁང་ཞིག་དང་རྒྱང་བསྒྲགས་པ། སྒྱུ་རྩལ་བ་ཁག་ཅིག་ཧོང་ཀོང་ནས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་པུར་དང་དབྱིན་ཡུལ། ཐེ་ཝན་སོགས་ལ་གནས་སྤོར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ཟླ་༨་ཚེས་༤་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་གཞུང་གིས་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པས་རང་དབང་གི་གསར་འགྱུར་ལས་ཁང་ཁག་རྒྱལ་ཁབ་གཞན་ལ་གནས་སྤོར་མི་བྱེད་ཐབས་མེད་ཡིན་ཞིང་། ཧོང་ཀོང་གི་རྒྱང་བསྒྲགས་པ་གྲགས་ཆེན་སི་ཊིབ་ཝྭ་དབྱིན་སི་དང་ཆབ་སྲིད་སྒྱུ་རྩལ་བ་ཁེ་སི་ཝང་གཉིས་ཀྱང་ཧོང་ཀོང་གི་ས་ཐོག་ཏུ་གནས་བཟོད་མ་བདེ་པར་བཙན་བྱོལ་དུ་སོང་། ཁོ་ཚོས་ཧོང་ཀོང་གི་རང་དབང་ཉམས་ནས་ཕྱི་རྒྱལ་ལ་གནས་སྤོར་བྱས་པ་ཡིན་ཞེས་བསྒྲགས། ཐོག་མ་ཞེས་པའི་ཧོང་ཀོང་གི་དྲྭ་ལམ་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་སུ་སི་ཝུས་དྲྭ་ལམ་གསར་ཁང་དེ་ཚུགས་ནས་ལོ་དྲུག་འཁོར་བའི་དུས་དྲན་ཉིན་རྩོམ་ཡིག་ཅིག་བྲིས། ཁོ་མོའི་རྩོམ་ཡིག་དེར་འདས་པའི་ལོ་དྲུག་གི་རིང་དུ་རང་དབང་གི་ལམ་འཕྲང་ནི་ཇེ་དོག་དང་ཉེན་ཁ་ཇེ་ཆེ་རེད། ཧོང་ཀོང་གི་གསར་འགོད་རང་དབང་གི་གནས་ཚད་ཀྱང་འཛམ་གླིང་གི་གྲངས་ཐོའི་གྲས་སུ་ཨང་༨༠་བ་དེར་ལྷུང་སོང་། ང་ཚོའི་དབུས་སྤྱི་ཁྱབ་ཁང་སིངྒ་པུར་ལ་སྤོར་ནས་དྲྭ་ལམ་དུ་གསར་འགྱུར་སྤེལ་རྒྱུ་ཡིན། ང་ཚོ་ས་གནས་གང་དུ་ཕྱིན་ཀྱང་ཁྱད་པར་མེད། ཇི་སྲིད་ང་ཚོའི་བསམ་བློ་དེ་ཉིད་རང་དབང་ལ་ཁ་མ་བྲལ་ན་དེ་སྲིད་དུ་སྨྲ་བརྗོད་རང་དབང་གི་ཁོར་ཡུག་ཆེན་པོ་ཞིག་བསྐྲུན་ཐུབ་ཅེས་བྲིས།།

ཐོག་མ་ཞེས་པའི་ཧོང་ཀོང་གི་གསར་ཁང་དེར་གསར་འགྱུར་མངགས་ཉོ་བྱེད་མཁན་མི་༦༠༠༠༠་ལས་མེད་པའི་རྒྱ་ཡིག་གི་དྲྭ་ལམ་གསར་ཁང་ཆུང་ཆུང་ཞིག་ཡིན་མོད། འོན་ཀྱང་གསར་ཁང་དེ་ཧོང་ཀོང་གི་ས་ཐོག་ཏུ་ཆགས་གནས་ཐུབ་ཀྱི་མེད་པ་དེ་ལ་བལྟས་ཚེ། ཧོང་ཀོང་གི་གསར་འགྱུར་ལས་ཁང་ཕལ་མོ་ཆེར་གསར་འགོད་རང་དབང་མེད་པའི་དཀའ་ངལ་གཅིག་མཚུངས་ཤིག་འཕྲད་ཀྱི་ཡོད་པ་མཚོན་ཐུབ། སྔོན་ཆད་ཧོང་ཀོང་ནི་རྒྱ་ནག་གི་གཏམ་བརྗོད་རང་དབང་གི་འབྱུང་གནས་སུ་གྲགས། ཁ་སང་གཟའ་མིག་དམར་ཉིན་ཧོང་ཀོང་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁོ་ཚོའི་མདོ་འཛིན་པ་གྲགས་ཆེན་སི་ཊིབ་ཝྭ་དབྱིན་སི་ཧོང་ཀོང་ནས་དབྱིན་ཡུལ་ལ་ཕྱིན་པ་རེད། ཁོ་པ་གནས་སྤོར་བྱེད་དགོས་དོན་ནི་ཧོང་ཀོང་ལ་གསར་འགོད་རང་དབང་མེད་པ་དང་འཇིགས་སྐུལ་ཐེབས་ཀྱི་ཡོད་པའི་རྐྱེན་གྱིས་རེད་ཅེས་བཀྲལ། ཝྭ་དབྱིན་སིས་གྲོགས་པོ་ཞིག་ལ་གློག་འཕྲིན་ཞིག་བཏང་བ་དེར་ཧོང་ཀོང་མི་དམངས་ཀྱི་རང་དབང་ལ་འགན་སྲུང་བྱེད་པའི་སྒྲིག་འཛུགས་ཡོད་དོ་ཅོག་རྩ་མེད་བཏང་སོང་། རྩ་མེད་གཏོང་མཁན་ཚོས་ཧོང་ཀོང་མེད་བརླག་ཏུ་གཏོང་གི་ཡོད་པ་དངོས་སུ་མཐོང་ཡང་དེ་ལ་ཅི་ཡང་བསམ་གྱི་མི་འདུག ད་ལྟ་ཧོང་ཀོང་ནི་ཆེས་མུན་ནག་གི་ས་གནས་ཤིག་ཏུ་གྱུར་ཏེ་རྒྱ་ནག་གི་སྲིད་དབང་གཅིག་སྡུད་འོག་ཏུ་ཚུད་སོང་། ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་རྨེག་མེད་དུ་བཅོམ་སོང་། རྒྱ་ནག་གིས་ཉུང་མཐར་ཡང་ཧོང་ཀོང་ལ་ལོ་༥༠་ཐམ་པར་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲད་ནས་གསར་འགོད་དང་རང་བཙན་གྱི་ཁྲིམས་འཛིན་ལམ་ལུགས་ཤིག་དར་ཡོད་པ་རྣམས་རྒྱུན་འཁྱོངས་བྱེད་ཆོག་ཆེས་ཁས་ལེན་བྱས་པ་རྣམས་སྟོང་གཏམ་དུ་གྱུར་སོང་ཞེས་བྲིས།།

ཧོང་ཀོང་རང་དབང་གསར་ཁང་གིས་ཆབ་སྲིད་སྒྱུ་རྩལ་བ་ཁེ་སི་ཝང་ལ་བཅར་འདྲི་ཞུས་པ་ལྟར་ན། ཁོ་པ་ཧོང་ཀོང་ནས་ཐེ་ཝན་ལ་གནས་སྤོར་བྱས་ཟིན། ཅིའི་ཕྱིར་ཞེ་ན་ཁོ་པར་རང་དབང་བརྒྱ་ཆ་བརྒྱ་ཐམ་པ་དགོས་ཀྱི་འདུག ཧོང་ཀོང་གི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་༤༧་འཛིན་བཟུང་བྱས་པ་ནི་ཁོ་བོས་ཧོང་ཀོང་བཞག་སྟེ་གཞན་ཡུལ་དུ་འགྲོ་རྒྱུའི་ཐག་བཅད་བྱེད་དགོས་པའི་དགག་རྩ་དེར་ཐུག་སོང་ཞེས་ལན་བཏབ། དེ་བཞིན་ཁེ་སི་ཝང་གིས་སྤྱི་ཚོགས་དྲྭ་ལམ་དུ་བཀོད་པའི་གྱེས་བྲལ་གྱི་གནས་འཕྲིན་དེར་ངས་ཧོང་ཀོང་བཞག་ནས་འགྲོ་རྒྱུ་ནི་བློས་ཐོངས་པ་ཞིག་མ་རེད། ང་ཚོ་ཕན་ཚུན་ངོ་ཤེས་ནས་ལོ་༥༡་ཕྱིན་ཡོད། ངས་ནམ་ཡང་ཁྱེད་རྣམས་བརྗེད་མི་སྲིད། ང་ཚོས་ཕན་ཚུན་གྱི་ཞེ་འདང་གཙིགས་སུ་འཛིན་དགོས། ཧོང་ཀོང་བདེ་མོ་བྱོས་ཞེས་ངོ་དེབ་ཏུ་བཀོད། ཁེ་སི་ཝང་གི་གྱེས་བྲལ་གྱི་འཕྲིན་ཐུང་དེའི་རྒྱབ་ལྗོངས་སུ་འཛམ་གླིང་དམག་ཆེན་གཉིས་པའི་དུས་སུ་བརྩམས་པའི་ང་ཚོ་སླར་ཡང་མཇལ་ཡོང་ཞེས་སྒྲ་དབྱངས་སྐད་གྲགས་ཅན་དེ་བཏང་འདུག་ཅེས་ཨེ་ཤི་རི་ཡའི་རང་དབང་རླུང་འཕྲིན་ཁང་གི་དབྱིན་ཡིག་གསར་འགྱུར་དུ་འཁོད། ཁེ་སི་ཝང་གིས་༡༩༨༩་ལོར་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོ་དམར་གསོད་བྱས་པ་དང་རྒྱ་ནག་གཞུང་གིས་གསར་འགོད་རང་དབང་ལ་བཀག་སྡོམ། ཧོང་ཀོང་གི་ས་ཐོག་ཏུ་རྒྱ་ནག་གི་རྒྱལ་དར་དང་རྒྱལ་གླུ་ལ་ཁྱད་གསོད་མི་ཆོག་ཅེས་བཙན་ཁྲིམས་གཏན་འབེབས་བྱས་པ་སོགས་ལ་ཟུར་ཟ་དང་ངོ་རྒོལ་གྱི་སྒྱུ་རྩལ་འཁྲབ་སྟོན་ལན་མང་བྱས་མྱོང་། དེར་བརྟེན་ཁོ་པ་རྒྱ་ནག་གཞུང་དང་ཧོང་ཀོང་གི་ཏ་གུང་པའོ་ཚགས་པར་སོགས་ཀྱིས་དགྲ་རུ་བཟུང་ནས་སྐྱོན་བརྗོད་བྱ་ཡུལ་དུ་གྱུར།།

༢༠༡༩་ལོར་ཧོང་ཀོང་མི་དམངས་ཀྱིས་ཟླ་བ་མང་པོར་དམངས་གཙོ་དང་རང་དབང་གི་དོན་དུ་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ། སྐབས་འགར་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་རྣམས་དྲག་ཟིང་ལ་གྱུར། དེས་ན་༢༠༡༩་ལོའི་ཕྱི་ཟླ་༥་པར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་གྲོས་ཚོགས་དང་འཛིན་སྐྱོང་ལྷན་ཁང་གཉིས་མ་བརྒྱུད་པར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་གནས་དེར་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཞེས་པ་ཞིག་གཏན་འབེབས་བྱེད་དུ་བཅུག་ཅིང་། ན་ནིང་ཕྱི་ཟླ་༦་པའི་ཚེས་༣༠་ནས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་ལེན་བསྟར་ནས་མངའ་ཁུལ་དེའི་རང་སྐྱོང་གི་ཐོབ་ཐང་རྣམས་མེད་པར་གྱུར། ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ནང་དུ་སྲིད་དོན་གྱི་ལྟ་བ་མི་མཐུན་པ་དང་རྒྱ་ནག་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རྣམས་རྒྱལ་གཅེས་རིང་ལུགས་ཀྱི་ལྟ་སྤྱོད་མ་རེད་ཅེས་ཁྲིམས་འགལ་དུ་རྩི། དེ་ནས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་མང་པོ་ཞིག་བཙོན་ཁང་དུ་བཅུག་པ་དང་གཞན་རྣམས་ཐེ་ཝན་དང་དབྱིན་ཡུལ། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་སྐྱབས་བཅོལ་དུ་བྲོས། ཟླ་བ་སྔོན་མར་ཧོང་ཀོང་གི་གསར་འགོད་པའི་མཐུན་ཚོགས་ཀྱིས་མངའ་ཁུལ་དེའི་གསར་འགོད་རང་དབང་གི་ཐོབ་ཐང་རྣམས་གཙབ་རལ་དུ་བཏང་སོང་ཞེས་སྙན་ཐོ་བཏོན། ཕྱི་ཟླ་༧་པའི་ཚེས་༢༩་ཉིན་ཧོང་ཀོང་ཁྲིམས་ཁང་གིས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་འབྲུ་དོན་ལྟར་ལོ་ན་༢༤་ལ་སོན་པའི་ངོ་རྒོལ་ལས་འགུལ་བ་ཏུང་དབྱིང་ཇཱེ་ཞེས་པ་ཞིག་ལ་ལོ་དགུའི་བཙོན་འཇུག་གི་ཁྲིམས་ཐག་བཅད། ཏུང་དབྱིང་ཇཱེས་ན་ནིང་ཕྱི་ཟླ་༦་པའི་ཚེས་༣༠་ཉིན་ཧོང་ཀོང་བཅིངས་འགྲོལ་གཏོང་དགོས་ཞེས་བཀོད་པའི་དར་ཆ་ཞིག་བསྒྲེངས་པ་དང་ང་ཚོའི་དུས་ཀྱི་གསར་བརྗེ་སློང་དགོས་ཞེས་འབོད་ཚིག་བསྒྲགས་ནས་ངོ་རྒོལ་ཁྲོམ་སྐོར་ལ་ཞུགས། ད་དུང་ཡང་ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་བདག་པོ་ཇཱི་མཱི་ལཱེ་སོགས་དམངས་གཙོ་དོན་གཉེར་བ་བརྒྱ་སྐོར་ཞིག་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལྟར་ཁྲིམས་ཐག་གཅོད་རྒྱུ་དེར་སྒུག་ཡོད་པ་རེད།།

ཧོང་ཀོང་གི་གཞི་འཛིན་རྩ་ཁྲིམས་སུ་གསར་འགོད་རང་དབང་གི་ཐོབ་ཐང་ཡོད་ཅེས་བཀོད་ཡོད་པར་མ་ཟད། མཉམ་འབྲེལ་གསར་ཁང་དང་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་། ཧྥ་རན་སི་གསར་འགྱུར་ལས་ཁང་སོགས་འཛམ་གླིང་གི་གསར་འགྱུར་ལས་ཁང་ཆེ་ཁག་གིས་ཧོང་ཀོང་ས་གནས་སུ་ལན་ལག་ལས་ཁང་བཙུགས་ཏེ་ལོ་མང་རིང་གསར་འགོད་ལས་རིགས་གཉེར། སྔ་ལོ་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་ལེན་བསྟར་ནས་བཟུང་། ཕྱི་རྒྱལ་གསར་འགྱུར་ལས་ཁང་ཁག་ལ་དམ་དྲག་དང་དཀའ་ངལ་གསར་པ་ཞིག་འཕྲད་འགོ་ཚུགས། ཨ་རིའི་ནེའུ་ཡོད་དུས་བབ་ཚགས་པར་གྱི་ཡན་ལག་ལས་ཁུངས་ཧོང་ཀོང་ནས་ལྷོ་ཀོ་རི་ཡར་སྤོར། ད་ལྟ་འཛམ་གླིང་གི་གསར་འགྱུར་ལས་ཁང་ཆེ་ཁག་ཚོས་ཧོང་ཀོང་ནས་རྒྱལ་ཁབ་གཞན་གནས་སྤོར་བྱ་དགོས་པའི་བསམ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། དབྱིན་ཇིའི་དབང་སྒྱུར་དུས་སུ་ཧོང་ཀོང་ནི་གསར་འགོད་རང་དབང་དང་ཚོང་ལས་དར་འཕེལ། འཛམ་གླིང་གི་གསར་འགྱུར་ལས་ཁང་ཁག་དང་ཚོང་ལས་ཆེ་ཁག་གི་ལས་ཁུངས་ཚུགས་ཏེ་ཨེ་ཤི་ཡའི་སྲིད་འབྱོར་རིག་གསུམ་གྱི་ལྟེ་གནས་སུ་གྱུར། ཞིས་ཅིན་ཕིང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་རྒྱ་ནག་སྐམ་ས་ཆེན་མོའི་གྲོང་ཁྱེར་ཁག་དང་ཁྱད་མེད་དུ་བསྒྱུར་ཏེ་གདུག་རྩུབ་དང་གཉའ་གནོན་གྱི་སྲིད་ཇུས་རྣམས་ལག་ལེན་བསྟར་གྱི་ཡོད་པ་རེད།།

XS
SM
MD
LG