ངོ་འཕྲད་བདེ་བའི་དྲ་འབྲེལ།

མཱི་ཆི་མེཀ་ནོས་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ངོས་ལེན།


སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་ཚོགས་གཙོ་མཱི་ཆི་མེཀ་ནོ།

༄༅།། ད་ལྟའི་བར་དུ་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་མང་ཆེ་བས་ཇཱོ་བྷ་ཌན་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་ངོས་ལེན་མ་བྱས་པའམ། ཡང་ན་ཁོ་ཚོ་སྲིད་འཛིན་ཌོ་ནལ་ཊམ་ལ་སྐྲག་ནས་འོས་འདེམས་ཀྱི་གྲུབ་འབྲས་ངོས་ལེན་བྱེད་མ་ཕོད་པར་ཟླ་བ་གཅིག་ལྷག་སོང་། ཕྱི་ཟླ་༡༢་པའི་ཚེས་༡༤་ཉིན་ཨ་མི་རི་ཀའི་འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་ཚོས་དངོས་སུ་གཞུང་འབྲེལ་གྱིས་འོས་ཤོག་འཕངས་ཏེ་ཇཱོ་བྷ་ཌན་ལ་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་༣༠༦་དང་སྲིད་འཛིན་ཊམ་ལ་འོས་ཤོག་༢༣༢་ཐོབ་ནས་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ཡོངས་སུ་ཐག་བཅད། དེ་ནས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་ཚོགས་གཙོ་མཱི་ཆི་མེཀ་ནོ་གཙོས་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོས་ཇཱོ་བྷ་ཌན་ཨ་མི་རི་ཀའི་འདེམས་ཐོན་སྲིད་འཛིན་ཡིན་པར་ངོས་ལེན་ཐོབ། ཕྱི་ཟླ་དང་པོའི་ཚེས་༢༠་ནས་བྷ་ཌན་གྱི་སྲིད་གཞུང་གསར་པ་དང་མཉམ་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་ལས་དོན་མཉམ་སྒྲུབ་བྱ་དགོས་ནན་བརྗོད་བྱས་འདུག དཔེར་ན་ཁ་སང་ཕྱི་ཚེས་༡༥་ཉིན་མཱི་ཆི་མེཀ་ནོས་ཨ་རིའི་འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་ཚོས་འོས་ཤོག་འཕངས་ཟིན་པ་རེད། ངས་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་ལ་རྟེན་འབྲེལ་ཞུ་རྒྱུ་ཡིན། ང་ཚོ་མང་པོ་ཞིག་གིས་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་དེ་རང་གི་འདོད་པ་ལྟར་འབྱུང་རྒྱུའི་རེ་བ་འཆང་མོད། འོན་ཀྱང་ང་ཚོའི་སྲིད་གཞུང་གི་ལམ་ལུགས་དེས་ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་སུ་ཞིག་གིས་ལས་ཁུར་དམ་བཅའ་འཇོག་དགོས་མིན་ཐག་བཅད་པ་རེད། འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་དང་འདེམས་ཐོན་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི་རྣམ་གཉིས་གྲོས་ཚོགས་ཀྱི་ལས་དོན་སྒྲུབ་ཕྱོགས་ལ་རྒྱུས་མངའ་ཡོད་པས་ལས་དོན་མཉམ་སྒྲུབ་བྱེད་ཐུབ་པའི་རེ་བ་ཡོད་ཅེས་ཉི་མ་༣༨་ཀྱི་རྗེས་སུ་ད་གཟོད་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ངོས་ལེན་བྱས་འདུག

མཱི་ཆི་མེཀ་ནོས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ཀྱང་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ངོས་ལེན་བྱ་དགོས། ཕྱི་ཟླ་དང་པོའི་ཚེས་༦་ཉིན་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་རྒྱས་ཚོགས་ཐོག་ཏུ་འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་ཚོས་འོས་ཤོག་འཕངས་པ་རྣམས་ངེས་གཏན་བྱ་དགོས། སྐབས་དེར་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཁག་ཅིག་གིས་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་དྲང་སྙོམས་མིན་པའི་རྩོད་རྙོག་སློང་རྩིས་ཡོད་ཀྱང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་རྩོད་རྙོག་དེར་རྒྱབ་སྐྱོར་མ་བྱས་ན་ལེགས། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་མུ་མཐུད་དུ་འོས་འདེམས་ཀྱི་གྲུབ་འབྲས་དྲང་སྙོམས་མ་རེད་ཅེས་རྩོད་པ་བརྒྱབ་ནས་སྲིད་འཛིན་ཊམ་ལ་རྒྱབ་སྐྱོར་བྱེད་ཚེ། ཕྱི་ཟླ་དང་པོའི་ཚེས་༥་ཉིན་འཇོར་ཇཱི་ཡ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་གཉིས་འོས་འདེམས་བྱེད་ཀྱི་ཡོད་པས་སྤྱི་མཐུན་ཚོགས་པར་ཕམ་ཉེས་འབྱུང་སྲིད་པའི་ཉེན་ཁ་ཆེ། དེས་ན་སྤྱི་མཐུན་ཚོགས་པས་གྲོས་ཚོགས་གོང་མའི་འཐུས་མི་ཚོས་སྔར་བཞིན་སྲིད་འཛིན་ཊམ་ལ་རྒྱབ་སྐྱོར་བྱས་ནས་འོས་འདེམས་ཀྱི་གྲུབ་འབྲས་ལ་རྩོད་པ་རྒྱག་པའམ། ཡང་ན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་ང་ལ་ཡོངས་གྲགས་སུ་ཁ་གཏད་བཅག་ནས་ངོ་རྒོལ་བྱ་དགོས་ཞེས་གདམ་ཀ་སྤྲད་པའི་གནས་ཚུལ་ཐོན། ད་ལྟ་གྲོས་ཚོགས་གོང་མའི་ནང་དུ་སྤྱི་མཐུན་ཚོགས་པར་འཐུས་མི་༥༢་དང་དམངས་གཙོ་ཚོགས་པར་འཐུས་མི་༤༨་ལས་མེད་ཅིང་། གལ་སྲིད་འཇོར་ཇཱི་ཡ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་གཉིས་དམངས་གཙོ་ཚོགས་པར་འཐོབ་ཚེ། ཨ་རིའི་གྲོས་ཚོགས་གོང་མར་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པར་འཐུས་མི་༥༠་ཐམ་པ་རེ་ཆ་མཉམ་འབྱུང་རྒྱུ། སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སིའི་འོས་ཤོག་གིས་དམངས་གཙོ་ཚོགས་པར་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་འོས་ཤོག་༥༡་ལོང་རྒྱུ་ཡིན་འདུག

སྤྱིར་ད་ལོའི་ཕྱི་ཟླ་༡༡་པའི་ཚེས་༧་ནས་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ཐག་ཆོད་ནས་ཇཱོ་བྷ་ཌན་ཨ་རིའི་སྲིད་འཛིན་༤༦་པར་འདེམས་ཐོན་བྱུང་རུང་མཱི་ཆི་མེཀ་ནོས་དུས་ཡུན་བདུན་ཕྲག་༦་གི་རིང་དུ་སྲིད་འཛིན་ཌོ་ནལ་ཊམ་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར། ཁོང་གིས་ཇཱོ་བྷ་ཌན་ཨ་མི་རི་ཀའི་འདེམས་ཐོན་སྲིད་འཛིན་ཡིན་མིན་ལ་གླེང་སློང་བྱ་རྒྱུ་གཡོལ་ཐབས་ཁོ་ན་བྱས་ནས་དུས་འདའ། གཟའ་འཁོར་འདིར་ཨ་རིའི་འོས་འདེམས་འཐུས་ཚོགས་ཀྱིས་སྲིད་འཛིན་འོས་འདེམས་བྱས་པའི་རྗེས་སུ་མཱི་ཆི་མེཀ་ནོ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་ཇཱོ་བྷ་ཌན་ཨ་མི་རི་ཀའི་འདེམས་ཐོན་སྲིད་འཛིན་ཡིན་པར་ངོས་ལེན། སྲིད་འཛིན་ཌོ་ནལ་ཊམ་འཕོ་འགྱུར་འགྲོ་བའི་སྐབས་སུ་སྤྱི་མཐུན་ཚོགས་པ་དུམ་བུ་གཉིས་སུ་ཁ་འཐོར་འགྲོ་མི་དགོས་པ་གཙོ་འདོན། ཁོ་ཚོས་སྲིད་འཛིན་ཊམ་ལས་སྤྱི་མཐུན་ཚོགས་པ་གནད་འགག་ཆེ་རུ་བརྩི་དགོས་པའི་ཤུགས་སྣོན་རྒྱག་འགོ་ཚུགས། ཁ་སང་ཕྱི་དྲོར་ཇཱོ་བྷ་ཌན་གྱིས་ཀྱང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་ཚོགས་གཙོ་མཱི་ཆི་མེཀ་ནོ་ལ་ཁ་པར་བཏང་ནས་གཏམ་བཤད་དེར་བཀའ་དྲིན་ཆེ་ཞུས་ཡོད་པ་སྟེ། འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་མཱི་ཆི་མེཀ་ནོ་དང་བཀའ་མོལ་ཡག་པོ་བྱུང་སོང་། ང་ཚོས་ལས་དོན་མཉམ་སྒྲུབ་བྱེད་ཐུབ་ས་མང་དག་ཅིག་ཡོད་ཅེས་བཤད། ཨ་རིའི་འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་ཚོས་འོས་ཤོག་མ་འཕངས་བར་དུ་སྤྱི་མཐུན་ཚོགས་པའི་འཐུས་མི་ཉུང་ཤས་ཤིག་གིས་མ་གཏོགས་ཇཱོ་བྷ་ཌན་ལ་འོས་འདེམས་ཀྱི་རྒྱབ་ཁ་ཐོབ་པར་ཡོངས་གྲགས་སུ་ངོས་ལེན་དང་འདེམས་ཐོན་སྲིད་འཛིན་ཞེས་འབོད་མ་ནུས། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་གིས་ལྐོག་ཏུ་འབྲེལ་ཡོད་མི་སྣ་ཁག་བརྒྱུད་ནས་ཇཱོ་བྷ་ཌན་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་ངོས་ལེན་དང་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས། ཐ་ན་སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་གཡོ་བ་མེད་པའི་གྲོས་ཚོགས་གོང་མའི་འཐུས་མི་ལིན་སི་གྷེ་རམ་གྱིས་ཀྱང་ཇཱོ་བྷ་ཌན་ལ་ཁ་པར་བཏང་ནས་འོས་འདེམས་ཀྱི་གྲུབ་འབྲས་ངོས་ལེན་བྱས་འདུག

སྲིད་འཛིན་ཊམ་གྱིས་མུ་མཐུད་དུ་སྲིད་འཛིན་འོས་འདེམས་གཡོ་ཁྲམ་བྱས་སོང་ཞེས་ཁུངས་སྐྱེལ་མི་ཐུབ་པའི་སྐྱོན་འཛུགས་བྱ་རྒྱུ་མཚམས་འཇོག་གི་མེད་ཅིང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་སྲིད་འཛིན་ཊམ་གྱིས་ཁྲིམས་གཏུག་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། ང་ཚོས་ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཨ་རིའི་གྲོས་ཚོགས་སུ་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ལ་ངོས་ལེན་བྱ་རྒྱུ་མིན་ཞེས་ངར་སྐད་བསྒྲགས། གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཁེ་ཝྭིན་མེཀ་ཁར་ཐི་ལ་གསར་འགོད་པ་ཚོས་ཇཱོ་བྷ་ཌན་ཨ་རིའི་འདེམས་ཐོན་སྲིད་འཛིན་ཡིན་པར་ངོས་ལེན་ཡོད་མེད་དྲིས་ཀྱང་ལན་འདེབས་གང་ཡང་བྱས་མེད་པར་མ་ཟད། ཨ་ལ་བྷ་མ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་བྷུ་རུཀ་སི་ཡིས་ཕྱི་ཟླ་དང་པོའི་ཚེས་༦་ཉིན་གྲོས་ཚོགས་གོང་འོག་གི་འཐུས་མི་རྒྱས་འཛོམས་ཐོག་ཏུ་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་དེར་རྩོད་པ་རྒྱག་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། ཡིན་ནའང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཚོ་རྩོད་རྙོག་དེར་མཉམ་ཞུགས་བྱ་རྒྱུ་ཡིན་མིན་ཐེ་ཚོམ་གྱི་གནས་སུ་ཟད། མེཀ་ནོས་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་རྒྱལ་ཡོངས་གྲོས་ཚོགས་སུ་འོས་འདེམས་ཀྱི་གྲུབ་འབྲས་ལ་རྩོད་རྙོག་བསླངས་ཀྱང་དེ་ལ་གྲུབ་འབྲས་འཐོབ་དཀའ། དེང་སྐབས་ཨ་རིའི་གྲོས་ཚོགས་འོག་མར་དམངས་གཙོ་ཚོགས་པའི་འཐུས་མི་གྲངས་མང་ཡོད་པས་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ནམ་ཡང་འཕྲུ་སློག་གཏོང་མི་ཐུབ། སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་འགྲོ་ས་མེད་པའི་འཐབ་རྩོད་ཅིག་བྱེད་ན་༢༠༢༢་ལོའི་བར་མའི་འོས་འདེམས་དུས་སུ་སྤྱི་མཐུན་ཚོགས་པར་ཕམ་ཉེས་འབྱུང་རྒྱུའི་ཉེན་ཁ་ཆེན་པོ་འདུག་ཅེས་རྒྱུ་མཚན་བགྲངས། ད་སྔ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་གཅིག་གིས་ཀྱང་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོར་མཉམ་འབྲེལ་བྱས་ནས་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་དེར་རྩོད་རྙོག་སློང་རྒྱུའི་སྔོན་བརྡ་བཏང་མེད་པ་རེད།།

ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་ཇཱོ་བྷ་ཌན་ཨ་མི་རི་ཀའི་འདེམས་ཐོན་སྲིད་འཛིན་ཡིན་པར་ངོས་ལེན་བྱས་པའི་རྗེས་སུ་སྲིད་འཛིན་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་ཚོས་མཱི་ཆི་མེཀ་ནོ་དང་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་ལ་འཇིགས་སྐུལ། འཇོར་ཇཱི་ཡ་མངའ་སྡེའི་སྤྱི་ཁྱབ་དང་མངའ་སྡེའི་དྲུང་ཆེ་གཉིས་ཀྱིས་འོས་འདེམས་གྲུབ་འབྲས་འཕྲུ་སློག་བཏང་མེད་པས་སྤྱི་མཐུན་ཚོགས་པའི་ཞབས་འདྲེན་དེ་དག་གསོད་དགོས་ཞེས་སྡིགས་ར་བསྐུལ། སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་ཚོས་མི་གསོད་ཁྲག་སྦྱོར་གྱི་ཟིང་ཆ་སློང་རྒྱུའི་ཉེན་བརྡ་བཏང་བའི་རྐྱེན་གྱིས་ཨ་རི་ཛོ་ན་དང་ཝྭི་སི་ཀོན་སན། མཱི་ཆི་གྷན་མངའ་སྡེ་བཅས་ཀྱིས་འདེམས་འཐུས་ལྷན་ཚོགས་ཀྱི་འཐུས་མི་ཚོར་ཉེན་ཁ་བྱུང་སྟེ་ཉེན་རྟོག་པས་སྲུང་སྐྱོབ་བྱས་པ་དང་འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་རྣམས་ལྷན་འཛོམས་བྱ་ཡུལ་གསང་བ་བྱས་པ། མངའ་སྡེའི་ཚོགས་ཁང་འཁྲིས་སུ་འགྲོ་འོང་བཀག་སྟེ་འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་ཚོར་སྲུང་སྐྱོབ་བྱས་འདུག སྲིད་འཛིན་ཊམ་གྱིས་ཆེས་མཐོའི་ཁྲིམས་ཁང་བར་དུ་ཁྲིམས་གཏུག་ཐེངས་༦༠་བྱས་ཀྱང་ཁ་མཆུ་༥༨་ཤོར་པ་དང་། ཁ་མཆུ་གཉིས་ཐོབ་པ་ནི་མངའ་སྡེ་དང་ས་གནས་ཁག་ཅིག་གི་འོས་ཤོག་རྣམས་བསྐྱར་དུ་གྲངས་བཤེར་བྱ་རྒྱུ། སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་རྣམས་འོས་ཤོག་གྲངས་བཤེར་བྱ་ཡུལ་ཁག་ཏུ་རྟོག་ཞིབ་ལ་ཡོང་དུ་འཇུག་དགོས་ཟེར་བ་གཉིས་ཡིན་ཞིང། མཐར་སྤྱི་ཟླ་དང་པོའི་ཚེས་༦་ཉིན་ཨ་རིའི་གྲོས་ཚོགས་སུ་སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་ཁག་ཅིག་གིས་འོས་འདེམས་ཀྱི་གྲུབ་འབྲས་དྲང་སྙོམས་མ་རེད། ང་ཚོས་དེ་ལ་ངོས་ལེན་བྱ་རྒྱུ་མིན་ཞེས་རྩོད་རྙོག་སློང་སྲིད་ཀྱང་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་འཕྲུ་སློག་གཏོང་རྒྱུ་ཡོང་ཐབས་མེད་པ་ཞིག་ཏུ་གྱུར་འདུག

XS
SM
MD
LG