ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཧྥ་རན་སིའི་སྲིད་འཛིན་སོག་ཡུལ་དུ་འཚམས་འདྲིར་བསྐྱོད། 


ཧྥ་རན་སིའི་སྲིད་འཛིན་དང་སོག་ཡུལ་གྱི་སྲིད་འཛིན།  
ཧྥ་རན་སིའི་སྲིད་འཛིན་དང་སོག་ཡུལ་གྱི་སྲིད་འཛིན།  

༄༅།། ཡུ་རོབ་རྒྱལ་ཁབ་ཧྥ་རན་སིའི་སྲིད་འཛིན་མེཀ་རོན་སོག་ཡུལ་དུ་འཚམས་འདྲིར་ཕེབས་ཏེ་ས་གཏེར་དཀོན་རིགས་དང་ཡུཀ་རེན་གྱི་གནད་དོན་སོགས་ལ་གྲོས་མོལ་བྱས། ཕྱི་ཟླ་༥་པའི་ཚེས་༢༢་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་མེཀ་རོན་གྱི་འཚམས་འདྲི་དེ་ཧྥ་རན་སིའི་སྲིད་འཛིན་ཞིག་སོག་ཡུལ་དུ་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་ཡིན་ཞིང་། ཁ་སང་གཟའ་ཉི་མའི་ཉིན་ཧྥ་རན་སིའི་སྲིད་འཛིན་དང་སོག་ཡུལ་གྱི་སྲིད་འཛིན་ཟུང་རྒྱལ་ས་ཨུ་ལན་བྷ་ཏོར་གྲོང་ཁྱེར་དུ་ཐུག་འཕྲད་གྲོས་མོལ་བྱས་པའི་སྐབས་སུ་སོག་ཡུལ་དང་ཧྥ་རན་སི་གཉིས་མཉམ་འབྲེལ་ཐོག་ཏུ་འཁོར་སྐར་དང་ལག་ཐོགས་ཁ་པར་སོགས་ལ་མཁོ་བའི་ས་གཏེར་དཀོན་རིགས་དང་དེ་མིན་གྱི་གཏེར་རྫས་རྣམས་སྔོག་འདོན་བྱ་རྒྱུའི་གྲོིས་མཐུན་བྱུང་། སོག་ཡུལ་གྱི་རྩྭ་ཐང་དང་རི་ལུང་རྣམས་དེང་རབས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་མཁོ་བའི་རྡོ་སོལ་དང་ཟངས། ཡོངས་གྲགས་ཆེན་པོ་མིན་པའི་གཏེར་རྫས་དཀོན་རིགས་ཀྱིས་རབ་ཏུ་ཕྱུག རྒྱ་ནག་དང་ཨུ་རུ་སུའི་བར་དུ་ཚུད་པའི་སོག་ཡུལ་ནི་ཨ་རིའི་ཊེཀ་སེ་སི་མངའ་སྡེའི་ཆེ་ཆུང་དང་རྒྱལ་ཁབ་དེར་མི་འབོར་ས་ཡ་༣་ལྷག་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༥་པའི་ཚེས་༢༡་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སོག་པོའི་གཞུང་གིས་རྒྱལ་ས་ཨུ་ལན་བྷ་ཏོར་གྲོང་ཁྱེར་གྱི་ཐང་དཀྱིལ་དུ་འཛུགས་སྐྲུན་བྱས་ཡོད་པའི་ཇིང་གིར་རྒྱལ་པོའི་འགྲེམ་སྟོན་ཁང་དུ་ཧྥ་རན་སིའི་སྲིད་འཛིན་ལ་གསོལ་སྟོན་བཤམས། ཧྥ་རན་སིའི་ཨེ་ལི་སེ་སྲིད་འཛིན་ཕོ་བྲང་གིས་ང་ཚོའི་རྒྱལ་ཁབ་ཀྱི་དབུ་ཁྲིད་སོག་ཡུལ་དུ་ཆེས་ཐོག་མར་འཚམས་འདྲིར་ཕེབས་པར་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ཡོད། ང་ཚོས་སོག་པོའི་གཞུང་ལ་ཨུ་རུ་སུར་ཚོང་འབྲེལ་གཅོད་དགོས་པ་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་སོག་ཡུལ་ལ་ཚོང་ལས་འཛུགས་ཐུབ་པའི་ཐབས་ཇུས་ཤིག་འཛིན་གྱི་ཡོད། སོག་ཡུལ་ལའང་རྒྱ་ནག་དང་ཨུ་རུ་སུ་གཉིས་ཁོ་ནར་བརྟེན་མ་དགོས་པར་ཚོང་འབྲེལ་འཛུགས་ཡུལ་རྒྱ་ཆེ་རུ་གཏོང་འདོད་འདུག ཡུ་རོབ་ཀྱི་རང་བྱུང་ནུས་པའི་འབྱུང་ཁུངས་སྣ་མང་ཞིག་ལ་བརྟེན་དགོས་པའི་སྲིད་ཇུས་འཛིན་གྱི་ཡོད་པས་སོག་ཡུལ་གནད་འགག་ཅིག་ཏུ་བརྩི་དགོས་ཞེས་གནས་ཚུལ་སྤེལ། ཉེ་དུས་ཤིག་ནས་ཨ་མི་རི་ཀས་ཀྱང་རྒྱ་ནག་གི་སྟོབས་ཤུགས་གཅོག་པར་སོག་ཡུལ་ལ་དོ་སྣང་བྱ་རྒྱུ་མགོ་བརྩམས།།

ཇིང་གིར་རྒྱལ་པོའི་འགྲེམ་སྟོན་ཁང་
ཇིང་གིར་རྒྱལ་པོའི་འགྲེམ་སྟོན་ཁང་

དེང་སྐབས་སོག་ཡུལ་གྱི་ཕྱིར་ཚོང་བརྒྱ་ཆ་༨༦་རྒྱ་ནག་འབའ་ཞིག་ལ་འཚོང་གི་ཡོད་པ་དང་སོག་པོའི་དངོས་ཟོག་དེའི་ཕྱེད་ཀ་ལྷག་རྡོ་སོལ་ཡིན་འདུག ༡༩༩༢་ལོར་སོག་ཡུལ་ཨུ་རུ་སུ་དམར་ཤོག་གི་ཤུགས་རྐྱེན་འོག་ནས་ཐར་པའི་རྗེས་སུ་ཆབ་སྲིད་བརྟན་ལྷིང་མེད་པ་དང་ལྐོག་ཟ་རུལ་སུངས་དར་ཁྱབ། སོག་ཡུལ་དོན་དམ་གྱི་རང་བཙན་རྒྱལ་ཁག་ཅིག་ཏུ་གྱུར་ཀྱང་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས། ཨུ་རུ་སུའི་དཔལ་འབྱོར་དང་ཚོང་ལས་སོགས་ཀྱི་ཤུགས་རྐྱེན་འོག་ནས་ཐར་ཐབས་མེད་པར་གྱུར། སོག་ཡུལ་ལ་མཚོ་ལམ་མེད་པའི་སྟབས་ཀྱིས་རྒྱལ་ཁབ་དེའི་དངོས་ཟོག་རྣམས་ཡུ་རོབ་དང་ཨེ་ཤི་ཡ། བྱང་ཨ་རི་སོགས་ལ་སྐྱེལ་འདྲེན་བྱེད་པར་ངེས་པར་དུ་རྒྱ་ནག་གམ། ཡང་ན་ཨུ་རུ་སུ་བརྒྱུད་ནས་མཚོ་ཐོག་ཏུ་སྐྱེལ་འདྲེན་བྱ་དགོས། སོག་ཡུལ་གྱི་གཏེར་ཁ་དང་རང་ཐོན་སྐྱེད་ཀྱི་འབྱུང་ཁུངས་རྣམས་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་ཁེར་སྡོམ་བྱེད་བཞིན་ཡོད་པས་ཡུ་རོབ་རྒྱལ་ཁབ་ཁག་གིས་སོག་ཡུལ་དུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་དཀའ། ཡུཀ་རེན་གྱི་དམག་འཁྲུག་རྗེས་སུ་ཨུ་རུ་སུ་སྟོབས་ཤུགས་ཉམས། ཡུ་རོབ་རྒྱལ་ཁབ་ཁག་གིས་སོག་ཡུལ་ལ་འབྲེལ་བ་འཛུགས་ཐུབ་པའི་གོ་སྐབས་ཤིག་ཐོབ།།

ཕྱི་ཟླ་༥་པའི་ཚེས་༢༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧྥ་རན་སི་རྡོ་སོལ་སོགས་སྲོལ་རྒྱུན་གྱི་གློག་ཤུགས་འབྱུང་ཁུངས་ནས་ཉི་གློག་དང་རླུང་ཤུགས། སྐྱེ་ཁམས་ལ་གནོད་སྐྱོན་མེད་པའི་ནུས་པའི་འབྱུང་ཁུངས་གསར་པ་ཞིག་ཏུ་བསྒྱུར་བར་སོག་ཡུལ་ནས་ཧྥ་རན་སིའི་འཕྲུལ་ཆས་ཁག་ལ་མཁོ་ངེས་ཆེ་བའི་ལྕགས་རིགས་རྣམས་ནང་འདྲེན་བྱ་རྒྱུའི་གྲོས་མཐུན་བྱུང་། སྲིད་འཛིན་མེཀ་རོན་དང་སོག་པོའི་སྲིད་འཛིན་ཨུག་ན་ཇཱིན་ཀུ་རེལ་སུག་གཉིས་ཀྱིས་མཉམ་འབྲེལ་གསར་འགོད་ལྷན་ཚོགས་བསྐོངས། སྲིད་འཛིན་མེཀ་རོན་གྱིས་ཧྥ་རན་སི་རང་བྱུང་ནུས་ཤུགས་རང་སྐྱ་འཕེར་བ་ཞིག་ཏུ་འགྱུར་བར་སོག་ཡུལ་ནས་དགོས་ངེས་ཀྱི་ལྕགས་རིགས་རྣམས་ནང་འདྲེན་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན། ཧྥ་རན་སིའི་གཞུང་གིས་རྒྱལ་སྤྱིའི་ཨོ་ར་ནོ་རྡུལ་ཕྲན་ནུས་ཤུགས་ཁང་ལ་མཉམ་འབྲེལ་གྱིས་སོག་ཡུལ་དུ་ཡུ་རེ་ནེམ་གྱི་གཏེར་ཁ་སྔོག་འདོན་བྱ་འཆར་ཡོད་ཅེས་བསྒྲགས། སོག་པོའི་སྲིད་འཛིན་གྱིས་ཀྱང་ཧྥ་རན་སི་ནི་ང་ཚོའི་ཁྱིམ་མཚེས་ཨང་གསུམ་པ་དེ་ཡིན་ཞེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ།།

ཧྥ་རན་སིའི་སྲིད་འཛིན་ནས་སོག་ཡུལ་གྱི་གློག་གི་འབྱུང་ཁུངས་བརྒྱ་ཆ་༩༠་ཙམ་རྡོ་སོལ་ལ་བརྟེན་ཡོད་པས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་སྐྱེས་ཁམས། མིའི་བདེ་ཐང་བཅས་ལ་གནོད་པ་ཚབས་ཆེན་ཡོད་ཅིང་། ཧྥ་རན་སི་དང་མཉམ་འབྲེལ་བྱས་ནས་སོག་ཡུལ་ལ་རྡུལ་ཕྲན་གློག་ཁང་ཞིག་བཙུགས་ན་ཕྱོགས་གང་ཐད་དུ་དགེ་མཚན་ཆེ། ང་ཚོས་བཟོ་ལས་རྣམས་སྔོ་ལྗང་ཅན་དང་ནུས་པའི་འབྱུང་ཁུངས་རྒྱུན་འཁྱོངས་ཐུབ་པ་ཞིག་ཏུ་བསྒྱུར་དགོས་ཞེས་བསྟན། ཧྥ་རན་སི་དང་སོག་པོའི་སྲིད་འཛིན་གཉིས་ཀས་བྱེ་ཐང་རྒྱ་སྐྱེད་བཀག་སྡོམ་དང་མཁའ་དབུགས་གཙང་མའི་འབྱུང་གསར་གཏོད། སའི་གོ་ལའི་ཚ་དྲོད་འཕེལ་གྱི་ཡོད་པ་གཅོག་ཐབས་སུ་ཤིང་སྡོང་ཕྱུར་དུང་༡༠་འཛུགས་རྒྱུའི་གྲོས་གཞི་བཏོན། ཧྥ་རན་སིས་སོག་ཡུལ་དུ་སྔོ་ལྗང་གི་རང་བྱུང་ནུས་པའི་འབྱུང་ཁུངས་ཤིག་འཛུགས་པར་རྒྱལ་ཁབ་དེར་མ་རྩ་ཆེན་པོ་འཛུགས་དགོས། སོག་ཡུལ་གྱི་མི་འབོར་གསུམ་ཆའི་གཅིག་དབུལ་ཕོངས་ཀྱི་གནས་སུ་ལྷུང་། ༢༠༢༢་ལོར་རྒྱལ་སྤྱིའི་དཔལ་འབྱོར་ཉམས་ཞིབ་ཁང་གིས་རྒྱལ་ཁབ་༡༦༧་གྱི་དམངས་གཙོའི་རེའུ་མིག་བཀོད་པའི་ཁོངས་སུ་སོག་ཡུལ་ཨང་༦༧་ཡིན་འདུག

སྲིད་འཛིན་མེཀ་རོན་སོག་ཡུལ་དུ་འཚམས་འདྲིར་མ་ཕེབས་གོང་དེར་ཉི་ཧོང་དུ་ཚོགས་པའི་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་འགོ་ཁྲིད་ཚོའི་ཚོགས་འདུར་ཞུགས། ཁོང་གིས་གསར་འགོད་པ་ཚོར་ངས་སོག་ཡུལ་གྱི་སྲིད་འཛིན་ལ་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ཡུ་རོབ་གླིང་དུ་ཞི་བདེ་སླར་གསོ་བྱ་དགོས། ང་ཚོས་བཙན་འཛུལ་མྱོང་བཞིན་པའི་རྒྱལ་ཁབ་ཅིག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་མཐར་ཐུག་གི་དམིགས་ཡུལ་ཡང་ཞི་བདེ་སླར་གསོ་བྱེད་པའི་ཆེད་དུ་ཡིན་པ་གསལ་བཀྲོལ་ལྷུག་པོ་བྱུང་ཡོད་ཅེས་བསྒྲགས། ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་འཛམ་གླིང་ཡུལ་གྲུ་གང་སར་འབྲུ་རིགས་ཀྱི་རིན་གོང་འཕར། ཡུཀ་རེན་གྱི་བཙན་བྱོལ་བ་ས་ཡ་༨་ལྷག་ཡུ་རོབ་གཙོས་འཛམ་གླིང་རྒྱལ་ཁབ་ཁག་ཏུ་ཐོར། ༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ཀྱང་རྒྱལ་ཁབ་ཁག་ཅིག་གིས་ཁ་རྡུང་གཏོང་རྒྱུར་འཛེམས། ཧྥ་རན་སིའི་སྲིད་གཞུང་གིས་ཨུ་རུ་སུའི་བཙན་འཛུལ་ལ་ཁ་རྡུང་གཏོང་བར་ཕྱི་འབྲེལ་གྱི་ལས་འགུལ་སྤེལ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པར་མ་ཟད། སྲིད་འཛིན་མེཀ་རོན་སོག་ཡུལ་དུ་འཚམས་འདྲིར་ཕེབས་དོན་གཙོ་བོ་ཞིག་སོག་པོའི་གཞུང་གིས་ཨུ་རུ་སུའི་བཙན་འཛུལ་ལ་ཁ་རྡུང་གཏོང་དུ་འཇུག་ཐབས་ཤིག་ཡིན་པའི་གནས་ཚུལ་ཐོན་འདུག

སོག་ཡུལ་གྱི་ས་གཏེར་དཀོན་རིགས་རྣམས་གློག་གི་རླངས་འཁོར་དང་རླུང་ཤུགས་ཀྱི་རླུང་འཁོར། སྒྲ་སྐྱེད་ཁ་པར་དང་རྒྱང་བསྒྲགས། གློག་ཆས་སོགས་ལ་དགོས་མཁོ་ཤིན་ཏུ་ཆེ་བས་འཛམ་གླིང་གི་བཟོ་ཚོང་ལས་ཁང་ཁག་གིས་སོག་ཡུལ་ལ་དོ་སྣང་བྱ་རྒྱུ་འགོ་ཚུགས། འོན་ཀྱང་སོག་ཡུལ་ལ་སྐྱེལ་འདྲེན་སྟབས་བདེ་མེད་པ་དང་གཏེར་རྫས་ཕལ་མོ་ཆེ་སོག་ཡུལ་དུ་ལས་སྣོན་བྱེད་མི་ཐུབ་པ། སོག་ཡུལ་གྱི་ཐོན་སྐྱེད་རྣམས་ཕྱི་ལ་འདྲེན་པར་རྟག་ཏུ་རྒྱ་ནག་དང་ཨུ་རུ་སུ་གང་རུང་ཞིག་ལ་བསྟུན་དགོས་ཤིང་། གལ་སྲིད་རྒྱ་ནག་དང་ཨུ་རུ་སུའི་ཁེ་ཕན་ལ་གནོད་པའི་ཚོང་ལས་ཤིག་བཙུགས་ན་དེ་ལ་མཚོ་ལམ་དང་སྐྱེལ་འདྲེན་བཀག་སྟེ་དཀའ་ངལ་འཕྲད་རྒྱུ་ལྡོག་ཐབས་བྲལ། དེ་བཞིན་རྒྱ་ནག་དང་ཨུ་རུ་སུའི་བཟོ་ཚོང་ལས་ཁང་ཁག་གིས་སོག་པའི་གཞུང་འབྲེལ་མི་སྣ་ཁག་ལ་ལྐོག་མ་བརྫངས་ནས་རྒྱལ་ཁབ་གཞན་ལ་ཚོང་འབྲེལ་འཛུགས་རྒྱུ་འགོག་ཐབས་སུ་འབད། དཔེར་ན་སྔ་ལོའི་ཕྱི་ཟླ་༡༢་པའི་ནང་དུ་སོག་ཡུལ་གྱི་རྡོ་སོལ་རྒྱ་ནག་ལ་བཙོངས་པ་དེའི་མགོ་ནས་ཨ་སྒོར་དུང་ཕྱུར་༡༢༠་ལྷག་སོག་པོའི་འབྲེལ་ལས་སྣེ་སྒེར་པ་འགའ་ཞིག་གིས་ལྐོག་ཟ་བྱས་པའི་གནས་ཚུལ་ཐེར་འདོན་བྱུང་འདུག

ད་ལོའི་ཕྱི་ཟླ་དང་པོའི་ཚེས་༢༩་ཉིན་དངུལ་རྩའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་ཚོང་ལས་དང་དཔལ་འབྱོར། འགྲིམ་འགྲུལ་བཀག་ནས་སོག་ཡུལ་ལ་དཔལ་འབྱོར་གྱི་གྱོང་གུད་ཕོག སོག་པོའི་སྲིད་བློན་ནས་ང་ཚོའི་མཁའ་ལམ་ཚོང་ལས་ཉམས་རྒུད་ཕྱིན་པ་དང་ཨུ་རུ་སུ་ནས་ཉེར་མཁོའི་དངོས་ཟོག་ནང་འདྲེན་མ་ཐུབ། སོག་ཡུལ་གྱིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་འབྲེལ་གཅོད་དགོས་ཞེས་གནོན་ཤུགས་ཆེན་པོ་འཕོག་གི་འདུག ཡུཀ་རེན་གྱི་དམག་འཁྲུག་ནི་རྒྱལ་ཁབ་གཉིས་ཀྱི་འཐབ་འཁྲུག་ཅིག་མིན་ཞིང་། སོག་ཡུལ་ཚུད་པའི་འཛམ་གླིང་ཡོངས་ཀྱི་ཚོང་ལས་ལ་དོ་ཕོག་ཆེན་པོ་ཐེབས་ཀྱི་ཡོད་པ་གསལ་པོ་རེད། ང་ཚོ་མཚོ་ལམ་མེད་པའི་སོག་ཡུལ་ལ་མཚོན་ན་དེ་བས་ཀྱང་བརྗོད་ཅི་དགོས་ཞེས་སྡུག་སྐད་བརྒྱབ། དེས་ན་གཟའ་མཇུག་དེར་ཧྥ་རན་སིའི་སྲིད་འཛིན་སོག་ཡུལ་དུ་འཚམས་འདྲིར་ཕེབས་ནས་ཚོང་ལས་དང་དཔལ་འབྱོར་གྱི་སྒོ་མོ་གསར་པ་ཞིག་འབྱེད་ཐུབ་ཚེ། སོག་ཡུལ་ལ་ཚོང་ལས་ཀྱི་དཀའ་ངལ་འཕྲད་བཞིན་པ་གང་འཚམ་ཞིག་སེལ་ཐུབ་རྒྱུའི་རེ་བ་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG