ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཧོང་ཀོང་གི་ཉེན་རྟོག་པས་མར་མེ་ཁྲོམ་སྐོར་བ་གཅིག་པུ་དེ་འཛིན་བཟུང་། 


༄༅།། དེ་རིང་ཕྱི་ཟླ་༦་པའི་ཚེས་༤་སྟེ། རེས་གཟའ་པ་སངས་འདི་ནི་༡༩༨༩་ལོར་རྒྱ་ནག་གཞུང་གིས་དམག་བཏང་ནས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་དྲག་གནོན་བྱས་ནས་ལོ་༣༢་འཁོར་བའི་དུས་དྲན་ཡིན་ཞིང་། ད་ལྟའི་བར་དུ་ཧོང་ཀོང་གི་ས་ཐོག་ཏུ་ལོ་ལྟར་མི་མང་འབུམ་ཕྲག་མང་པོས་མར་མེ་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་ནས་རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུས། སྔ་ལོ་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པའི་ཁྲིམས་གསར་པ་ཞིག་ལག་ལེན་བསྟར་ནས་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་མངའ་ཁུལ་དེར་དྲུག་བཞིའི་ལས་འགུལ་ལ་རྗེས་དྲན་བྱེད་མི་ཆོག་པའི་ཐག་བཅད། ཡིན་ནའང་མཉམ་འབྲེལ་གསར་ཁང་སོགས་ཀྱིས་ཧོང་ཀོང་ནས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་གཟའ་པ་སངས་ཉིན་ཧོང་ཀོང་གི་མར་མེ་ཁྲོམ་སྐོར་བཀོད་སྒྲིག་ཚོགས་པའི་གཙོ་འཛིན་གཞོན་པ་ཆའོ་ཧན་ཏུང་གིས་ས་གནས་དེའི་གཞུང་གི་བཀག་སྡོམ་ལ་བརྩི་མེད་བཏང་ནས་སོ་སོ་གཅིག་པུས་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ནང་དུ་སྲོག་སྐྱོན་བྱུང་བའི་སློབ་ཕྲུག་དང་དམངས་གཙོའི་ལས་འགུལ་བ་འདས་པོ་ཚོར་མར་མེ་སྦར་ནས་རྗེས་དྲན་གྱི་ལས་འགུལ་སྤེལ། ཁོ་མོ་འཕྲལ་དུ་ཧོང་ཀོང་གི་ཉེན་རྟོག་པ་ཚོས་འཛིན་བཟུང་བྱས་ནས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་རྗེས་དྲན་བྱེད་དུ་བཅུག་མེད་ཅིང་། སྔ་ལོ་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་ཞེས་འབོད་པའི་ས་གནས་དེ་རྒྱ་ནག་སྐམ་ས་ཆེ་མོའི་གྲོང་ཁྱེར་ཁག་དང་འདྲ་མཚུངས་སུ་བསྒྱུར་ནས་མི་དམངས་ལ་གཏམ་བརྗོད་རང་དབང་དང་ངོ་རྒོལ་རང་དབང་། འདུ་འཛོམ་རང་དབང་དང་གསར་འགོད་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྣམས་མེད་པར་གྱུར།།

༡༩༨༩ ལོར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམངས་གཙོའི་ལས་འགུལ་ལ་གཞུང་གིས་དྲག་གནོན།
༡༩༨༩ ལོར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམངས་གཙོའི་ལས་འགུལ་ལ་གཞུང་གིས་དྲག་གནོན།

འདས་པའི་ལོ་༣༢་ཀྱི་རིང་དུ་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་དུ་སློབ་ཕྲུག་གིས་སྣེ་ཁྲིད་པའི་དམངས་གཙོའི་ལས་འགུལ་ལངས་པ་ནག་སུབ་གཏོང་ཐབས། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་ཤེས་ཡོན་ཅན། སློབ་ཕྲུག་འདས་པོ་རྣམས་ཀྱི་ཕ་མ་དང་མི་དམངས་བཅས་ལ་དྲུག་བཞིའི་ལས་འགུལ་ལ་ཡོངས་གྲགས་སུ་རྗེས་དྲན་བྱེད་དུ་འཇུག་གི་མེད་པ་སྟེ། རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༦་པའི་ཚེས་༤་ཉིན་རྒྱ་ནག་གཞུང་གིས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ལ་ཉེན་རྟོག་པ་བཀྲམ་ནས་མི་མང་གི་ཐོབ་ཐང་དཔང་ཡིག་ལ་བརྟག་དཔྱད། དུས་རྒྱུན་མི་ཚོགས་འདུ་ས་ཁག་ཅིག་ལ་ལྕགས་ར་བསྐོར། རྒྱ་ནག་གི་དྲྭ་ལམ་ཁག་ཏུ་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་དང་མི་དམངས་བཅིངས་འགྲོལ་དམག་གིས་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་དྲག་གནོན་བྱས་པ་སོགས་གླེང་སློང་བྱེད་དུ་མི་འཇུག་པ། རྒྱ་ནག་སྐམ་ས་ཆེན་མོར་༡༩༨༩་ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་མི་ཉུང་ཤས་ཤིག་ལུས་ཡོད་པ་རྣམས་རང་ཁྱིམ་དུ་བཀག་པའམ། ཡང་ན་མི་དེ་དག་གུང་སེང་ལ་འགྲོ་ཞེས་བཙན་ཁྲིད་བྱས་ནས་མཐོང་ཐོས་མེད་པར་གྱུར། པེ་ཅིང་གི་དབང་འཛིན་པ་ཚོས་༡༩༨༩་ལོ་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ཡར་རྒྱས་ཕྱིན་ཡོད་པ་དེ་ལ་བལྟས་ཚེ། གནམ་བདེ་སྒོ་མོ་ཆེའི་ཐང་གི་ཆབ་སྲིད་ཀྱི་ཟིང་འཁྲུག་དེར་དྲག་གནོན་བྱས་པ་ཐག་གཅོད་ཡང་དག་པ་ཞིག་ཡིན་པ་ར་འཕྲོད་ཅེས་སྒྲུབ་བྱེད་བཀོད། འཛམ་གླིང་ཡུལ་གྲུ་གང་སར་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་རྗེས་དྲན་དང་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ངེས་པར་དུ་༡༩༨༩་ལོའི་དམངས་གཙོའི་ལས་འགུལ་དེར་དཀར་འདོན་བྱེད་དགོས་ཞེས་སྐད་འབོད་བྱེད་ཀྱི་ཡོད་པ་རེད།།

ཧོང་ཀོང་གི་ཉེན་རྟོག་མི་སྣས་དེ་རིང་དྲུག་བཞིའི་ཉིན་གླིང་གའི་ཉེ་འགྲམ་དུ་སྐོར་གཡེང་བྱེད་བཞིན་པ།
ཧོང་ཀོང་གི་ཉེན་རྟོག་མི་སྣས་དེ་རིང་དྲུག་བཞིའི་ཉིན་གླིང་གའི་ཉེ་འགྲམ་དུ་སྐོར་གཡེང་བྱེད་བཞིན་པ།


དེང་སྐབས་རྒྱ་ནག་གཞུང་གིས་ཧོང་ཀོང་དང་ཨོ་མེན་ས་ཁུལ་གཉིས་སུ་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་རྗེས་དྲན་བྱེད་མི་ཆོག་ཅེས་བཀག་སྡོམ་བྱ་རྒྱུ་འགོ་ཚུགས། གཟའ་འཁོར་འདིར་ཧོང་ཀོང་ལ་རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་གྱི་འགྲེམ་སྟོན་ཁང་ཞིག་གསར་དུ་སྒོ་ཕྱེ་ཡོད་པའང་ཧོང་ཀོང་གཞུང་གིས་སྒོ་བརྒྱབ། སྔ་ལོ་ཧོང་ཀོང་ལ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པར་ལན་ཁག་དཀྲིས་ནས་ཝྭིཀ་ཊོ་རི་ཡ་སྤྱི་གླིང་ཆེན་མོར་མི་ཚོགས་འདུ་འཛོམ་བྱེད་དུ་མ་བཅུག ད་ལོ་ཡང་ཧོང་ཀོང་གཞུང་གིས་ཕྱི་ཟླ་༦་པའི་ཚེས་༤་ཡི་དགོང་མོར་ཝྭིཀ་ཊོ་རི་ཡ་སྤྱི་གླིང་ཆེན་མོར་མི་ཚོགས་འདུ་འཛོམ་བྱེད་མི་ཆོག་ཅེས་བཀག ཉེ་བའི་གཟའ་འཁོར་དྲུག་གི་རིང་ལ་ཧོང་ཀོང་ས་གནས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་གཅིག་ཀྱང་མ་ཐོན། འོན་ཀྱང་ཧོང་ཀོང་གི་ཉེན་རྟོག་པས་ཝྭིཀ་ཊོ་རི་ཡ་སྤྱི་གླིང་དང་རྩེད་ཐང་ཁག མི་དམངས་འདུ་འཛོམ་བྱ་ཡུལ་ཁག་བཀག་ནས་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་ནས་ལོ་༣༢་འཁོར་བའི་དུས་དྲན་ལ་སྲུང་བརྩི་ཞུ་མི་ཆོག ཧོང་ཀོང་མི་མང་གིས་ནད་ཡམས་ལ་འཛེམ་ཟོན་བྱ་དགོས་ཞེས་མི་ཚོགས་འདུ་འཛོམ་བྱེད་དུ་མ་བཅུག ཧོང་ཀོང་གི་ཉེན་རྟོག་པ་ཚོས་མི་ཁག་ཅིག་གིས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་དུ་མི་དམངས་ལ་མར་མེ་ཁྲོམ་སྐོར་བྱེད་དུ་ཤོག་ཅེས་སྐུལ་སློང་བྱེད་ཀྱི་འདུག་ཅེས་བཤད། ཧོང་ཀོང་གཞུང་གིས་ཁྲིམས་འགལ་གྱི་འདུ་འཛོམ་ཁག་ལ་ལོ་ལྔའི་བཙོན་འཇུག་དང་ལས་འགུལ་དེའི་རིགས་བཀོད་སྒྲིག་བྱེད་མཁན་ཚོར་ལོ་གཅིག་ལ་བཙོན་འཇུག་གི་ཁྲིམས་ཐག་གཅོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་ཞེས་པ་ཞིག་གཏན་འབེབས་ལག་བསྟར་བྱས་ནས་ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་འོས་འདེམས་སྒྲིག་གཞི་ལ་འགྱུར་བཅོས། རྒྱ་ནག་གཞུང་གིས་ཧོང་ཀོང་རྩིས་སྤྲོད་རྩིས་ལེན་སྐབས་སུ་མངའ་ཁུལ་དེར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུའི་ཁས་ལེན་བྱས་པ་རྣམས་བརྩི་མེད་བཏང་སོང་ཞེས་གནས་ཚུལ་སྤེལ། ཧོང་ཀོང་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོས་རྒྱ་ནག་གི་དྲུག་བཞིའི་དམར་གསོད་ལ་རྗེས་དྲན་བྱེད་པར་ཀ་བ་དང་སྐུ་བརྙན་བཞེངས་ཡོད་པ་རྣམས་གཙང་ཁྲུས་ཀྱི་ལས་འགུལ་སྤེལ། ཁོ་ཚོས་ངོ་ཚའི་ཀ་བ་གཙང་ཁྲུས་བྱེད་ཀྱི་ཡོད་ཅེས་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོ་དམར་གསོད་བྱས་པ་ནི་ལོ་རྒྱུས་ཀྱི་ནག་ཐིག་ཆེན་པོ་ཞིག་དང་རྒྱ་མི་རིགས་ཀྱི་ལོ་རྒྱུས་སུ་འཁོད་པའི་ངོ་ཚ་ཁ་སྐྱེངས་ཀྱི་ལེའུ་ཞིག་ཏུ་བརྩིས། ཧོང་ཀོང་སློབ་གྲྭ་ཆེན་མོའི་སློབ་ཕྲུག་མཐུན་ཚོགས་ཀྱི་གཙོ་འཛིན་ཆལ་སི་ཀོཀ་གིས་ངོ་ཚའི་ཀ་བ་བཀྲུས་པ་ལུགས་དང་ཁྲིམས་མཐུན་ཡིན། རང་དབང་དང་དམངས་གཙོའི་ཆེད་དུ་རང་སྲོག་བློས་བཏང་བ་རྣམས་ལ་རྗེས་དྲན་ཞུ་དགོས། ཧོང་ཀོང་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོས་ངོ་ཚའི་ཀ་བ་གཙང་ཁྲུས་བྱེད་ཀྱི་ཡོད། ང་ཚོས་རང་གི་མི་རབས་སྔོན་མ་ཚོས་གཏམ་བརྗོད་རང་དབང་སོགས་སྲུང་སྐྱོབ་ཇི་ལྟར་བྱས་པར་སློབ་སྦྱོང་བྱ་དགོས་ཞེས་བཤད། ཧོང་ཀོང་གི་ཉེན་རྟོག་པས་ལོ་ན་༣༦་ལ་སོན་པའི་བུད་མེད་ཅིག་དང་ལོ་ན་༢༠་ལ་སོན་པའི་ཟས་རིགས་སྐྱེལ་མཁན་ཞིག་འཛིན་བཟུང་བྱས་པ་ཡིན། ཁོ་ཚོས་གཞུང་གི་ཆོག་མཆན་མེད་པར་འདུ་འཛོམ་དང་དྲིལ་བསྒྲགས་བྱས་པ་རེད་ཅེས་བསྒྲགས།།

ཧོང་ཀོང་གི་སློབ་ཕྲུག་ཚོས་ངོ་ཚའི་ཀ་བར་ཁྲུས་སེལ་བྱེད་བཞིན་པ།
ཧོང་ཀོང་གི་སློབ་ཕྲུག་ཚོས་ངོ་ཚའི་ཀ་བར་ཁྲུས་སེལ་བྱེད་བཞིན་པ།

༢༠༢༠་ལོར་ཧོང་ཀོང་གཞུང་གིས་བཀག་སྡོམ་བྱས་མིན་ལ་མ་ལྟོས་པར་མི་མང་སྟོང་ཕྲག་མང་པོ་ཝྭིཀ་ཊོ་རི་ཡ་སྤྱི་གླིང་ལ་འདུས་ནས་མར་མེ་ཁྲོམ་སྐོར་དང་དྲུག་བཞིའི་ལས་འགུལ་ལ་རྗེས་དྲན་གྱི་གླུ་གཞས་བཏང་སྟེ་མི་༢༠་ལྷག་འཛིན་བཟུང་། སྔ་ལོའི་ལས་འགུལ་བཀོད་སྒྲིག་པ་གཙོ་བོ་ལི་ཀྲེང་ཡན་དང་ཨལ་བྷ་ཊི་ཧོ་གཉིས་བཙོན་ཁང་དུ་བཅུག ཧོང་ཀོང་གི་མར་མེ་ཁྲོམ་སྐོར་བཀོད་སྒྲིག་ཚོགས་པའི་གཙོ་འཛིན་གཞོན་པ་ཆའོ་ཧན་ཏུང་གིས་མཉམ་འབྲེལ་གསར་ཁང་གི་གསར་འགོད་པར་ང་༢༠༡༠་ནས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ལ་ཞུགས་པ་ཡིན། སྔ་གཞུག་མ་གཏོགས་ང་ཧོང་ཀོང་གཞུང་གིས་འཛིན་བཟུང་བྱ་རྒྱུ་ཡིན་པ་ཤེས་ཀྱི་ཡོད་ཅེས་བཤད། རྒྱ་ནག་གཞུང་གིས་༢༠༢༠་ལོའི་ཕྱི་ཟླ་༦་པའི་ཚེས་༣༠་ནས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ལག་ལེན་བསྟར་རྒྱུ་ཞེས་བསྒྲགས་པའི་རྗེས་སུ་དམངས་གཙོའི་ལས་འགུལ་བ་ཕལ་མོ་ཆེས་༢༠༢༠་ལོ་ནི་ཧོང་ཀོང་གི་ས་ཐོག་ཏུ་རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་བྱེད་པའི་དུས་སྐབས་མཐའ་མ་དེ་ཡིན་སྲིད་པའི་ཚོད་དཔག་བྱས་འདུག གཟའ་འཁོར་འདིར་ཧོང་ཀོང་གི་ཉེན་རྟོག་པ་ཚོས་རྒན་མོ་ཝང་ཞེས་པ་ཞིག་ཀྱང་འཛིན་བཟུང་བྱས་པ་དང་རྒན་མོ་ཝང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་དུ་དམངས་གཙོའི་ལས་འགུལ་བྱུང་བའི་དུས་དྲན་ལ་རྗེས་དྲན་བྱས་པར་མ་ཟད། ཁོ་མོས་ཧོང་ཀོང་མི་དམངས་ལ་རྒྱ་ནག་གཞུང་གིས་༡༩༨༩་ལོར་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་དྲག་གནོན་བྱས་ནས་ལོ་༣༢་འཁོར་བའི་དུས་དྲན་ལ་སྲུང་བརྩི་ཞུ་དགོས་ཞེས་སྐུལ་སློང་བྱས་འདུག ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གི་གསར་འགོད་པས་རྒྱ་ནག་གཞུང་གིས་སྐམ་ས་ཆེན་མོ་དང་ཧོང་ཀོང་། ཨོ་མེན་བཅས་སུ་དྲུག་བཞིའི་ལས་འགུལ་ལ་རྗེས་དྲན་བྱེད་དུ་འཇུག་གི་མེད་ཀྱང་རྒྱ་ནག་མི་དམངས་ཀྱིས་རང་ཁྱིམ་དུ་༡༩༨༩་ལོར་བྱུང་བའི་དམངས་གཙོའི་ལས་འགུལ་དེར་རྗེས་དྲན། ཁོ་ཚོས་སྐབས་དེའི་ལས་འགུལ་ནང་དུ་ཚེ་སྲོག་ཤོར་པའི་སློབ་ཕྲུག་ཚོ་མ་བརྗེད་པར་སེམས་ཁོང་དུ་མྱ་ངན་བྱེད་ཀྱི་ཡོད་ཤས་ཆེ་ཞེས་གནས་ཚུལ་སྤེལ་འདུག

XS
SM
MD
LG