ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༧/༡༨

ཚེ་གང་སྲིད་དབང་འཛིན་པའི་ལམ་ལུགས་ལ་ཞེད་སྣང་སྐྱེ་དགོས་དོན་ཅི་ཡོད་དམ།


北京的中国共产党历史展览馆内参观者在中共党旗下摆姿势拍照。(2022年10月13日)
北京的中国共产党历史展览馆内参观者在中共党旗下摆姿势拍照。(2022年10月13日)

སྲིད་དོན་དབྱེ་ཞིབ་པ་མང་ཆེ་བའི་འདོད་ཚུལ་ལྟར་ན། ཞི་ཅིང་ཕིང་གིས་ཚེ་གང་དབང་ཆ་འཛིན་རྒྱུ་གཏན་འཁེལ་ཡིན་པ་དང་། དེ་ལྟར་བྱུང་ཚེ་རྒྱ་ནག་དང་རྒྱལ་སྤྱིའི་ཐོག་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུའི་བློ་འཚབ་འབྱུང་བཞིན་པ་རེད།

ཞི་ཅིང་ཕིང་ལས་ཡུན་གསུམ་པར་མུ་མཐུད་ནས་བསྡད་རྒྱུ་ནི། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཉི་ཤུ་པ་ཞེས་པའི་མཚོན་རྟགས་ཆེ་ཤོས་ཤིག་ཏུ་ཆགས་ངེས་ཤིང་། སྲིད་དོན་དབྱེ་ཞིབ་པ་མང་ཆེ་བའི་འདོད་ཚུལ་ལྟར་ན། ཞི་ཅིང་ཕིང་གིས་ཚེ་གང་དབང་ཆ་འཛིན་རྒྱུ་གཏན་འཁེལ་ཡིན་པ་དང་། དེ་ལྟར་བྱུང་ཚེ་རྒྱ་ནག་དང་རྒྱལ་སྤྱིའི་ཐོག་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུའི་བློ་འཚབ་འབྱུང་བཞིན་པ་རེད། ༢༠༡༨ ལོར་ཞི་ཅིང་ཕིང་གིས་རྒྱ་ནག་གི་རྩ་ཁྲིམས་ལས་འགོ་ཁྲིད་ཀྱི་ལས་ཡུན་སྐོར་གྱི་གཏན་འབེབས་ཕྱིར་འཐེན་བྱས་ཏེ། འདས་པའི་མི་ལོ་ཉི་ཤུ་ལྷག་རིང་གི་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ལམ་སྲོལ་ལ་འགྱུར་བ་བཏང་ཡོད་ཅིང་། ཞི་ཅིང་ཕིང་གིས་དེ་སྔར་མའོ་ཙེ་ཏུང་སྐབས་ནང་བཞིན་ཚེ་གང་སྲིད་དབང་འཛིན་རྒྱུའི་ལམ་སྲོལ་རྙིང་པ་དེ་བསྐྱར་གསོ་བྱ་རྒྱུའི་ཐད་མི་ཚོས་དོ་སྣང་སླེབས་བཞིན་པ་རེད། རིག་གནས་གསར་བརྗེ་ཆེན་མོ་མཇུག་སྒྲིལ་བའི་རྗེས། རྒྱ་ནག་དམར་ཤོག་ནང་ཁུལ་ལ་འགོ་ཁྲིད་ལས་ཡུན་སྐོར་གྲོས་མོལ་ཐེངས་མང་བྱས་ཏེ། མཐར་༡༩༨༠ ལོའི་སྤྱི་ཟླ་༨ པའི་ནང་ཏན་ཞའོ་ཕིང་གིས་ཚེ་གང་སྲིད་དབང་འཛིན་རྒྱུའི་ལམ་སྲོལ་དེ་ནི། རྒྱལ་ཁབ་ཀྱི་ལམ་ལུགས་སྐོར་གྱི་གནད་དོན་ཞིག་ལ་བརྩིས་ཏེ། རྒྱ་ནག་དབུས་ཆབ་སྲིད་ལྷན་ཚོགས་ཀྱི་གྲོས་མོལ་ཚོགས་འདུའི་ཐོག དམར་ཤོག་ཚོགས་པ་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ལམ་ལུགས་སྐོར་གྱི་བཅོས་བསྒྱུར་ཅེས་པའི་གཏམ་བཤད་སྤེལ་ནས་ལམ་སྲོལ་དེ་མེད་པར་བཟོས་ཡོད་པ་རེད།

དམར་ཤོག་གི་སྒེར་གཅོད་ལམ་ལུགས་ཀྱི་ཁྱད་ཆོས་དང་ངོ་བོ་ལ་འགྱུར་བ་ཕྱིན་མེད་པ།

སྤྱིར་རྒྱ་ནག་དམར་ཤོག་གི་ལས་ཀ་ཚང་མ་ལ་རྩ་དོན་དང་འགྲོ་ལུགས་ཟེར་བ་ཞིག་རྩ་བ་ནས་མེད་པ་དེ་ནི་ཁོ་ཚོའི་ཁྱད་ཆོས་ཤིག་ཏུ་ངེས་ཏེ། དེ་བཞིན་འགོ་ཁྲིད་ལས་ཡུན་སྐོར་གྱི་གནད་དོན་དེ་ཡང་དེ་སྔར་རྩ་ཁྲིམས་ནང་གསལ་པོ་གཏན་འབེབས་བྱས་ཡོད་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པའི་རྩ་འཛིན་ཡིག་ཆའི་ནང་དེ་དོན་གཏན་འབེབས་གསལ་པོ་བྱས་མེད་སྟབས། ༢༠༡༨ ལོར་ལས་སླ་མོའི་ཐོག་ནས་གང་བྱུང་ཕྱིར་འཐེན་བྱས་ཡོད་པ་རེད། ཨ་མེ་རི་ཁའི་ཁཱ་ལི་ཧྥུ་ནི་ཡའི་གཙུག་ལག་སློབ་ཆེན་གྱི་གོ་ལའི་སྲིད་ཇུས་དང་ཐབས་ཇུས་སྐོར་གྱི་ཉམས་ཞིབ་པ་ཧྲིས་ཀྲུང་ཧན་གྱིས། འདས་ཟིན་པའི་ལོ་རྒྱུས་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ལས་ལུགས་བྱེད་སྟངས་དེ་འདྲ་ཞིག་རེད། དུས་ད་ལྟ་ཡང་དེ་ལ་འགྱུར་ལྡོག་གང་ཡང་ཕྱིན་མེད། རྩ་བའི་ཆ་ནས་དམར་ཤོག་གི་གསར་བརྗེའི་ཚོགས་པའི་སྲོལ་རྒྱུན་དང་ཁ་བྲལ་མེད་ཅེས་འགྲེལ་བརྗོད་བྱས་འདུག

གང་ལ་ཚེ་གང་སྲིད་དབང་བཟུང་བའི་ལམ་ལུགས་ཡོད་ན་དེར་སྡུག་བསྔལ་ཡོད་པའི་ཁྱབ།

ཨ་རིའི་ཕུ་ལིང་སི་ཐོན་གཙུག་ལག་སློབ་ཆེན་གྱི་རྒྱ་ནག་ཞིབ་འཇུག་གླིང་གི་འགན་འཛིན་ཁྲེང་ཁའེ་ཏེས་བརྗོད་དོན་ལ།

དེང་སྐབས་ཞི་ཅིང་ཕིང་གིས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཞེས་པ་འཛམ་བུ་གླིང་དང་ཡོངས་སུ་ཐ་དད་ཡིན་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་བཞིན་ཡོད་པ་དང་། དེ་ལ་འཁང་ར་དང་འདོད་བློ་མི་ཁེངས་མཁན་མང་པོ་འབྱུང་བཞིན་ཡོད་མོད། འོན་ཀྱང་། རྒྱ་ནག་གི་མི་དམངས་རྣམས་ཅི་བྱ་གཏོལ་མེད་ཆགས་ཡོད་པ་དེ་ད་ལྟའི་ཆར་རྒྱ་ནག་གི་གོད་ཆག་ཆེ་ཤོས་དེ་རེད། ཚེ་གང་སྲིད་དབང་བཟུང་བའི་ལམ་ལུགས་མེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་ན། མི་དམངས་ཕྱུག་པོ་ཆགས་པ་དང་། དྲང་བདེན་དང་འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར། བདེ་སྐྱིད་ལྡན་པའི་འཚོ་བ་ཡོད་པ་ངེས་གཏན་མེད་ཀྱང་། རྒྱལ་ཁབ་དེ་ལ་མ་མཐའ་ཡང་གོད་ཆག་ཅི་རིགས་ཤིག་བྱུང་ནའང་དེ་མཇུག་སྒྲིལ་ཐུབ་རྒྱུའི་རེ་བ་ཞིག་ཡོད། གལ་སྲིད་ཚེ་གང་སྲིད་དབང་བཟུང་བའི་ལམ་ལུགས་ཅན་གྱི་རྒྱལ་ཁབ་ཅིག་ཡིན་ན། མི་དམངས་ཚོའི་རེ་བ་དང་ཕུགས་བསམ་ཡོད་དོ་ཅོག་མེད་པ་ཆགས་ཡོད། དཔེར་ན་དེ་སྔ་མའོ་ཙེ་ཏུང་གི་སྐབས་ལ། སྲིད་དབང་སྒེར་གཅོད་ཐལ་དྲགས་པ་ལ་བརྟེན་ནས་མི་འབོར་བྱེ་བ་མང་པོ་ལྟོགས་ཤི་ཕོག་བའི་གོད་ཆག་ཆེན་པོ་བྱུང་བཅུག་ཡོད། མའོ་ཙེ་ཏུང་གིས་སྤེལ་བའི་རིག་གནས་གསར་བརྗེ་ཆེན་མོ་དང་། མཆོང་བསྐྱོད་ཆེན་མོའི་ལས་འགུལ་སོགས་ལ་མི་ཚོས་འདོད་བློ་ཁེངས་མེད་པ་གཏན་འཁེལ་ཡིན་ནའང་། སྲིད་ཇུས་དེ་ལ་འགོག་རྒོལ་བྱས་ཐབས་བྲལ་བས་རྒྱ་ནག་དམར་ཤོག་གི་དབང་ཆ་གཅིག་སྡུད་དང་ཚེ་གང་སྲིད་དབང་བཟུང་བའི་ལམ་ལུགས་དེ་ནི། རྒྱལ་པོའི་ལམ་ལུགས་ལས་ཀྱང་གནོད་འཚེ་ཆེ་བ་ཞིག་རེད། རྒྱལ་པོའི་ལམ་ལུགས་ནི་གཙོ་བོ་ཁྲག་རྒྱུན་ལ་བརྟེན་ནས་བྱུང་བ་ཞིག་རེད། ཡིན་ན་ཡང་། རྒྱ་ནག་དམར་ཤོག་གིས་འགོ་ཁྲིད་ནི་ཡང་དག་པའི་ལམ་ལ་ཆས་མཁན་ཡིན་ཟེར་མཁན་ཚོའི་ནང་ནས་དབང་ཆ་འཁྲུག་རྩོད་ལ་བརྟེན་ནས་བྱུང་བ་ཞིག་རེད། དེ་བས་གལ་སྲིད་སྒེར་གཅོད་པས་སོ་སོའི་བརྒྱུད་ཟིན་པའི་ལམ་ཁ་ནང་གི་ནོར་འཁྲུལ་ལ་ངོས་ལེན་བྱས་པ་ཡིན་ན། དེ་ཁོའི་དབང་ཆ་རྩ་བརླག་འགྲོ་རྒྱུ་ཡིན་པར་མ་ཟད། ཐ་ན་ཁོ་མི་སྒེར་གྱི་ཚེ་སྲོག་ཀྱང་ཤོར་ཉེན་ཆེ་བ་རེད། དེ་བས་ལམ་ལུགས་དེ་འདྲ་ཞིག་གི་འོག་ཏུ་མི་དམངས་དང་རྒྱལ་ཁབ་ལ་གནོད་འཚེ་ཐེབས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་བ་འོས་མེད་ཡིན་ཡང་། སྒེར་གཅོད་པ་ཚོས་སོ་སོའི་ནོར་འཁྲུལ་ངོས་ལེན་བྱེད་ཁག་པོ་ཆགས་ཡོད་ཅེས་འགྲེལ་བརྗོད་བྱས་འདུག

ཚེ་གང་སྲིད་དབང་འཛིན་རྒྱུའི་ལམ་ལུགས་ལ་ནོར་འཁྲུལ་ཡོ་བསྲང་བྱེད་སའི་ལམ་ཁ་མེད།

རྒྱ་ནག་དམར་ཤོག་ཚོགས་པས་ཞི་ཅིང་ཕིང་ནི་གང་ཡང་ནུས་པའི་དཔའ་བོ་ཞིག་དང་། ཡང་ན་ཐམས་ཅད་མཁྱེན་པ་ཞིག་ཡིན་པར་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང་། ཧྲིས་ཀྲུང་ཧན་གྱིས་འཛམ་བུ་གླིང་འདིའི་ཐོག་ལ་ཐམས་ཅད་མཁྱེན་པ་དང་ཀུན་ནུས་ཀྱི་མི་ཞིག་གཏན་ནས་མེད། སྒེར་གཅོད་པའི་དབང་ཆ་ག་ཚོད་ཆེ་ན་མི་ཚོས་གོ་གནས་དེ་ལ་རྔམ་པའི་ཧམ་སེམས་ཇེ་ཆེར་འགྲོ་རྒྱུ་རེད། མ་འོངས་པའི་རྒྱ་ནག་གི་སྒེར་གཅོད་པའི་གོ་གནས་འཛིན་འདོད་ཡོད་མཁན་ཡང་ཇེ་མང་དུ་འགྲོ་རྒྱུ་རེད། དེ་འདྲ་ཡིན་དུས་འགྲན་རྩོད་ཁྲོད་དུ་ཆབ་སྲིད་གཏན་འཇགས་མིན་པའི་གནད་དོན་འབྱུང་སྲིད་པ་རེད། ཚེ་གང་སྲིད་དབང་འཛིན་རྒྱུའི་ལམ་ལུགས་ལ་ནོར་འཁྲུལ་ཡོ་བསྲང་བྱེད་སའི་ལམ་ཁ་གཏན་ནས་མེད་པ་དང་། ལམ་ཁ་དེ་ནས་ཕྱིར་འཐེན་བྱེད་ས་མེད་པ་ནི་རྒྱ་ནག་དམར་ཤོག་གི་ལམ་ལུགས་ཀྱི་ཁྱད་ཆོས་ཤིག་རེད། ལམ་ལུགས་དེ་བཞིན་རྩ་བའི་ཆ་ནས་ཆབ་སྲིད་ཚོགས་པ་གཅིག་དང་། འགོ་ཁྲིད་གཅིག རྒྱལ་ཁབ་གཅིག་བཅས་ཆབ་སྲིད་ཀྱི་དབང་ཆ་ཧ་ལས་པ་གཅིག་སྡུད་ཅན་ཞིག་རེད། དེ་བས་རྒྱ་ནག་དམར་ཤོག་གི་སྲིད་དབང་རྩིས་སྤྲོད་རྩིས་ལེན་སྐབས་སུ་ཆབ་སྲིད་ཀྱི་ཉེན་ཁ་ཆེན་པོ་འཕྲད་རྒྱུ་ནི་འགོག་ཐབས་མེད་པ་ཞིག་རེད་ཅེས་བརྗོད་འདུག

ཞི་ཅིང་ཕིང་གིས་ཚེ་གང་རིང་སྲིད་དབང་འཛིན་རྒྱུ་ཡིན་ནམ།

དགེ་རྒན་ཆེན་མོ་ཧྲིས་ཀྲུང་ཧན་གྱིས་འདོད་ཚུལ་ལྟར་ན། ཞི་ཅིང་ཕིང་གིས་ཚེ་གང་རིང་སྲིད་དབང་འཛིན་རྒྱུ་གཏན་ཁེལ་ཡིན་ཞིང་། འབྱུང་འགྱུར་ཞི་ཅིང་ཕིང་གིས་དཔལ་འབྱོར་གྱི་གནད་དོན་སོགས་དོན་དག་ཙག་ཙིག་མང་པོ་ཞིག་མི་གཞན་ལ་འགན་ཁུར་བཅུག་རྒྱུ་ཡིན་ཡང་། མཐར་ཐུག་ཐག་གཅོད་ཀྱི་དབང་ཆ་དེ་སོ་སོའི་ལག་ཏུ་བཟུང་རྒྱུ་རེད། ད་ལྟ་ཞི་ཅིང་ཕིང་གི་བྱེད་སྟངས་ཚང་མ་ཚེ་གང་སྲིད་དབང་འཛིན་རྒྱུའི་ལམ་ལུགས་དང་ཐག་ཉེ་སར་བཅར་བཞིན་ཡོད། ཁོས་རྒྱ་ནག་གི་ལོ་རྒྱུས་ཐོག་གི་གོང་མ་ཁང་ཞི་དང་ཆིང་ཧྲིས་ཧོང་ལྟ་བུའི་རྒྱལ་པོ་ཞིག་དང་། ཡང་ན་མའོ་ཙེ་ཏུང་ལྟ་བུའི་མི་སྣ་ཞིག་ཏུ་ཆགས་རྒྱུའི་ཧམ་སེམས་ཡོད། གལ་སྲིད་ཁོས་དྲག་པོ་ལ་བརྟེན་ནས་ཐེ་ཝན་དེ་དབང་དུ་བསྡུས་ཐུབ་པ་བྱུང་ན། ཅིག་བྱས་ན་ཁོ་མའོ་ཙེ་ཏུང་ལས་བརྒལ་ཐུབ་པ་རེད་ཅེས་བརྗོད་འདུག གང་ལྟར་ཚེ་གང་རིང་སྲིད་དབང་འཛིན་རྒྱུའི་ལམ་ལུགས་ཀྱིས་རྒྱ་ནག་ལ་ཞི་བདེ་དང་བདེ་སྐྱིད་འཁྱེར་ཡོང་བའི་ཚབ་ལ་གོད་ཆག་དང་སྡུག་བསྔལ་ཚད་མེད་འབྱུང་འཇུག་རྒྱུ་ཡིན་པར་སྲིད་དོན་དབྱེ་ཞིབ་པ་མང་པོས་ཡིད་ཆེས་བྱེད་བཞིན་འདུག

XS
SM
MD
LG