ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

གར་ཞ་ཁུལ་དུ་གངས་ཉིལ་ཏེ་མི་༢་ལ་སྲོག་སྐྱོན་དང་༡་བོར་བརླག 


༄༅།། རྒྱ་གར་བྱང་ཕྱོགས་ཀྱི་ཧ་མ་ཅལ་མངའ་སྡེའི་གར་ཞ་ཁུལ་དུ་གངས་ཉིལ་ཏེ་ས་མཚམས་ཀྱི་རྒྱ་ལམ་འཛུགས་སྐྲུན་སྒྲིག་འཛུགས་ཀྱི་ལས་མི་༢་གངས་འོག་ཏུ་མནན་ནས་སྲོག་སྐྱོན་བྱུང་བ་དང་ལས་མི་གཞན་ཞིག་གངས་འོག་ཏུ་མནན་ནས་བོར་བརླག་ཕྱིན་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༢་པའི་ཚེས་༦་ཉིན་རྒྱ་གར་གྱི་ཡིད་ཆེས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ཉི་མའི་ཕྱི་དྲོར་གར་ཞ་སྤི་ཏེ་རྫོང་གི་ཆི་ཀ་ས་གནས་ཀྱི་ཉེ་འཁྲིས་སུ་གངས་ཉིལ་ཏེ་རྐྱེན་ངན་གོད་ཆག་གི་གནས་ཚུལ་དེ་བྱུང་། གནམ་གཤིས་གྲང་ངར་ཆེ་བ་དང་དཀར་ཆ་མི་གསལ་བ་སོགས་ཀྱིས་ལས་མི་ཞིག་གངས་འོག་ཏུ་མནན་ནས་བོར་བརླག་ཕྱིན་པ་འཚོལ་ཞིབ་བྱ་རྒྱུ་མཚམས་འཇོག་བྱ་དགོས་བྱུང་ཞིང་། གངས་འོག་ཏུ་མནན་ནས་འཆི་སྐྱོན་ཕོག་པའི་ལས་མི་དེ་དག་ནི་ལོ་༡༩་ལ་སོན་པའི་རམ་བྷུ་དྷ་དང་ར་ཀེ་ཤ་ཟེར་བའི་ན་གཞོན་གཉིས་ཡིན་པ་དང་གངས་འོག་ནས་རྙེད་ཀྱི་མེད་པའི་ལས་མི་དེ་པ་སངས་ཚེ་རིང་བླ་མ་ཞེས་འབོད་པའི་བལ་པོའི་མི་ཁོངས་ཤིག་ཡིན་པའི་གནས་ཚུལ་ཐོན་འདུག

ཧི་མ་ཅལ་མངའ་སྡེ་གཞུང་གི་ཛ་དྲག་ལས་དོན་ལྟེ་གནས་ཁང་གིས་ལས་མི་བོར་བརླག་ཕྱིན་པ་དེ་གཟའ་ཟླ་བའི་ཉིན་བསྐྱར་དུ་འཚོལ་ཞིབ་བྱ་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ་མོད། འོན་ཀྱང་དགུན་གྱི་དུས་འདིར་གར་ཞ་དང་སྤི་ཏེ། ཁུ་ནུ་སོགས་ཧི་མ་ལ་ཡའི་ལྗོངས་སུ་གྲང་ངད་ཆེ་བས་མི་ཞིག་གངས་འོག་ཏུ་མནན་པའི་རྗེས་སུ་གསོན་པོར་རྙེད་ཐུབ་རྒྱུའི་གོ་སྐབས་ཤིན་ཏུ་ཕྲ། གངས་འོག་ཏུ་འཆི་སྐྱོན་བྱུང་བའི་འདས་པོ་དེ་དག་གི་ཕུང་པོ་གཉིས་སྐྱིད་ལུང་ས་གནས་སུ་ཆགས་པའི་སྤྱི་ཁྱབ་ལས་ཁུངས་སུ་བསྐྱལ། ཉེ་དུས་ཤིག་ནས་ཁ་བ་བབས་ཏེ་མ་ན་ལི་ནས་རོ་བྲང་ལའི་ཕུག་ལམ་མ་བརྒྱུད་པར་རོ་བྲང་ལའི་རྒྱ་ལམ་བརྒྱུད་ནས་སྐྱིད་ལུང་དང་གར་ཞ། སྤི་ཏེ་དང་ཁུ་ནུ། ལ་དྭགས་སོགས་སུ་བསྐྱོད་པའི་གཞུང་ལམ་འགགས། ལོ་ལྟར་ཕྱི་ཟླ་༡༡་པ་ནས་ཕྱི་ཟླ་༥་པའི་བར་དུ་རྒྱ་ལམ་འགག་གི་ཡོད་ཀྱང་རོ་བྲང་ལའི་ཕུག་ལམ་བརྡོལ་བའི་རྗེས་སུ་ལ་དྭགས་ཕྱོགས་སུ་འགྲིམ་འགྲུལ་རྒྱུན་འཁྱོངས་བྱེད་ཐུབ་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༢་པའི་ཚེས་༦་ཉིན་རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་སྤེན་པའི་ཉིན་གར་ཞ་དང་སྤི་ཏེའི་ས་གནས་སུ་གངས་ཉིལ་ཏེ་རྒྱ་ལམ་འགགས་ནས་མི་༧༠་པ་ལམ་ཐོག་ཏུ་ལུས། གར་ཞ་སྤི་ཏེའི་རྫོང་གི་ཉེན་རྟོག་པ་ཚོར་ས་མཚམས་ཀྱི་རྒྱ་ལམ་འཛུགས་སྐྲུན་སྒྲིག་འཛུགས་ཀྱིས་རྒྱབ་སྐྱོར་བྱས་ནས་མངའ་སྡེའི་གཞུང་ལམ་༢༦་པའི་སྟེང་དུ་འགག་ཡོད་པའི་མི་རྣམས་ཉེན་སྐྱོབ་བྱ་དགོས་བྱུང་སོང་། མི་དེ་ཚོ་ས་ཚིགས་༧༨་དང་༨༢་འཁྲིས་ཀྱི་རཱོ་ཧི་རྒྱ་ལམ་ཐོག་ཏུ་འགགས་ཏེ་ཕྱི་དྲོའི་ཆུ་ཚོད་༤་དང་སྐར་མ་༡༥་ཡས་མས་སུ་ཏིན་དི་ས་གནས་ཀྱི་ཉེན་རྟོག་ཁང་ལ་ཉེན་སྐྱོབ་བྱ་དགོས་པའི་འབོད་བརྡ་འབྱོར་ཏེ་ཏིན་དི་ཀི་ལར་རྒྱ་ལམ་བཀག རླངས་འཁོར་༨་ཀྱི་ནང་དུ་འགྲུལ་པ་༥༠་དང་རླངས་འཁོར་གཞན་པའི་ནང་དུ་འགྲུལ་པ་༢༠་ཡོད་པར་མ་ཟད། སྨན་ཁང་གི་མྱུར་སྐྱོབ་རླངས་འཁོར་ཞིག་ཀྱང་ལམ་ཐོག་ཏུ་འགགས། ཏིན་དི་ས་མཚམས་ཉེན་རྟོག་ཁང་གི་འགོ་ཁྲིད་མ་ནབ་ཝར་མ་ཞེས་པ་ཞིག་གིས་ང་ཚོས་འཕྲལ་དུ་གངས་ཉིལ་བྱུང་སའི་ལམ་སྟེང་དུ་འགགས་ཡོད་པའི་འགྲུལ་པ་རྣམས་སྐྱོབ་ཐབས་བྱས་པ་ཡིན། འགྲུལ་པ་ཚོར་ཉེན་རྟོག་པའི་སྡོད་ཁང་ཁག་ཏུ་གནས་མལ་མཁོ་སྤྲོད་བྱས་ཡོད། འཕྲུལ་རྟ་བཞིན་པའི་ལམ་འགྲོ་བ་དང་རླངས་འཁོར་གཏོང་མཁན་ཚོས་གར་ཞ་དང་སྤི་ཏེའི་ས་གནས་ཀྱི་རྒྱ་ལམ་ཁག་གི་ཐོག་ཏུ་ཧ་ཅང་གཟབ་ནན་བྱ་གལ་ཆེ་ཞེས་ནན་བརྗོད་བྱས་འདུག

ཕྱི་ཟླ་༢་པའི་ཚེས་༤་ཉིན་རྒྱ་གར་གྱི་ཊི་རི་བྷུན་གསར་ཤོག་ལ་གནས་ཚུལ་ཐོན་པ་ལྟར་ན། གར་ཞ་དང་སྤི་ཏེའི་ཕྱོགས་སུ་ཁ་བ་མཐུག་པོ་བབས་ཏེ་མི་ཡར་ལུང་གི་བུད་མེད་ནད་པ་ཛ་དྲག་ཅན་ཞིག་ཐད་འཕུར་གནམ་གྲུ་བཏང་ནས་ཀུ་ལུའི་སྨན་ཁང་དུ་ལེན་དགོས་བྱུང་ཡོད་པ་སྟེ། རྫོང་དཔོན་གཞོན་པ་སུ་མི་ཏ་ཀཱིམ་ཏས་བུད་མེད་ནད་པ་པདྨ་བདེ་ཆེན་ཞེས་པ་དེར་དིང་རེ་ཏ་ས་གནས་སྨན་ཁང་དུ་སྨན་བཅོས་བྱེད་ཀྱི་ཡོད་ཀྱང་ནད་གཞི་ཇེ་སྡུག་ཏུ་ཕྱིན་ཏེ་སྨན་ཁང་ཆེ་ས་ཞིག་ཏུ་སྐྱེལ་དགོས་པར་གྱུར། ཡིན་ནའང་ཉེ་ཆར་མི་ཡར་ལུང་དུ་ཁ་བ་མཐུག་པོ་བབས་པའི་རྐྱེན་གྱིས་དིང་རེ་ཏ་ནས་ཨུ་དྷ་པུར་དུ་བསྐྱོད་པའི་རྒྱ་ལམ་ཁ་བས་འགགས། དེར་བརྟེན་རྒྱ་ལམ་བརྒྱུད་ནས་ནད་པ་སྨན་ཁང་དུ་ལེན་ཐབས་མེད་པས་རྫོང་དཔོན་ར་ཝི་ཐ་ཀུར་གྱིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་ཐད་འཕུར་གནམ་གྲུ་གཏོང་དགོས་པའི་འབོད་སྐུལ་ཞུས་ནས་ཆོག་མཆན་ཐོབ། མངའ་སྡེ་སྤྱི་ཁྱབ་བློན་ཆེན་ལ་སྙན་སེང་ཞུས་མ་ཐག་ཏུ་ཐད་འཕུར་གནམ་གྲུ་གཏོང་ཆོག་པའི་བཀའ་འཁྲོལ་གནང་སོང་ཞེས་གསར་འགོད་པ་ཚོར་བསྒྲགས།།

ཉེ་ཆར་ཕྱི་ཟླ་དང་པོའི་ཚེས་༣༠་ནས་གར་ཞ་དང་སྤི་ཏེ། ཁུ་ནུ་དང་ཀུ་ལུ། མན་དྷི་སོགས་ལ་ཁ་བ་མཐུག་པོ་བབས་ཏེ་འགྲིམ་འགྲུལ་འགགས། ས་གནས་མང་པོར་གློག་སྐུད་ཆད་ནས་གྲོང་གསེབ་པ་རྣམས་མུན་ནག་ནང་དུ་ལུས། གར་ཞ་སྤི་ཏེ་རྫོང་དང་ཧི་མ་ཅལ་མངའ་སྡེའི་ས་གནས་གཞན་རྣམས་ཁ་བས་མནན་ཏེ་འབྲེལ་བ་ཆད། མ་ན་ལི་ནས་ལ་དྭགས་རྒྱལ་གྱི་རྒྱལ་ས་གླེའི་ཕྱོགས་སུ་བསྐྱོད་པའི་གཞུང་ལམ་འགགས་ཏེ་རོ་བྲང་ལའི་ཕུག་ལམ་བར་དུ་མ་ཐར། སྐྱིད་ལུང་དུ་ཆགས་པའི་གར་ཞ་སྤི་ཏེ་རྫོང་གི་འཛིན་སྐྱོང་ས་གནས་དེར་ཁ་བ་མཐུག་ཚད་སན་ཌི་མི་ཊར་༣༠་དང་དེ་བཞིན་ཀ་རྫ་ས་གནས་ཀྱི་འཛིན་སྐྱོང་ལྟེ་གནས་སུའང་ཁ་བ་མཐུད་ཚད་སན་ཌི་མི་ཊིར་༣༠་བབས། རྫོང་དེའི་རྒྱ་ལམ་༡༧༧་ལ་འགྲིམ་འགྲུལ་བྱེད་མི་ཐུབ་པར་གྱུར། ཨུ་དྷེ་པུར་ས་གནས་ཀྱི་རྒྱ་ལམ་༤༨་དང་གར་ཞ་ཁུལ་གྱི་རྒྱ་ལམ་༨༦་འགགས། སྤི་ཏེ་ཁུལ་གྱི་རྒྱ་ལམ་༤༣་དང་གར་ཞ་སྤི་ཏེའི་རྫོང་གི་གློག་རྒྱུན་སྒྱུར་ཆས་༡༣༠་ལ་སྐྱོན་ཞུགས། ཀ་རྫ་ས་ཁུལ་གྱི་འགན་འཛིན་ལས་འཕར་ཨ་བྷི་ཤེ་ཀ་ཝར་མས་ས་མཚམས་ཀྱི་རྒྱ་ལམ་འཛུགས་སྐྲུན་སྒྲིག་འཛུགས་ལ་མཉམ་འབེལ་བྱས་ནས་སུམ་མདོ་ནས་ཀ་རྫ་བར་དུ་ཁ་བ་བཤངས་ཏེ་འགྲིམ་འགྲུལ་བྱེད་ཐུབ་པ་དང་གློག་སྐུད་ཆད་པ་རྣམས་བསྐྱར་མཐུད་བྱེད་ཐུབ་པའི་ཤུགས་སྣོན་བརྒྱབ་པ་ཡིན་ཞེས་གསར་འགོད་པ་ཚོར་གླེང་མོལ་བྱས་འདུག ཡིན་ནའང་གར་ཞ་སྤི་ཏེ་རྫོང་གི་རྫོང་དཔོན་གཞོན་པས་གནམ་གཤིས་ཇེ་དྲོར་མ་ཕྱིན་པར་ཁ་བ་བཤང་དཀའ། གནམ་གཤིས་ཇེ་དྲོར་ཕྱིན་མ་ཐག་ཏུ་འཕྲུལ་ཆས་བཏང་སྟེ་མ་ན་ལི་ནས་གླེ་རུ་བསྐྱོད་པའི་གཞུང་ལམ་སྟེང་གི་གངས་རྣམས་བཤངས་ཏེ་འགྲིམ་འགྲུལ་བྱེད་ཐུབ་པ་ཞིག་ཏུ་བསྒྱུར་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ་བའི་གནས་ཚུལ་ཐོན་འདུག

XS
SM
MD
LG