ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ལ་དྭགས་པ་ཚོས་བོད་ལ་གདུང་སེམས་མཉམ་སྐྱེད།


༄༅།། བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ཀྱིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་གནས་ཁག་ཏུ་བོད་དོན་དྲིལ་བསྒྲགས་ལས་འགུལ་ཞིག་སྤེལ་བཞིན་པར་ས་གནས་ཁག་གི་མང་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ། དེ་ཡང་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་འཁྲུག་རྩོད་བྱུང་ནས་བཟུང་སྟེ་བོད་དོན་ནི་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་ལ་གྱུར་ཡོད་པའི་མཚམས་འདིར་བོད་རང་བཙན་འཐབ་རྩོད་པ་དང་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ཀྱིས་ཕྱི་ཟླ་༨་ཚེས་༡༧་ཉིན་ལ་དྭགས་ནས་འགོ་འཛུགས་ཀྱིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མངའ་སྡེ་ཁག་ལྔའི་མང་ཚོགས་སྤྱི་དང་ལྷག་པར་དུ་ཁུལ་དེ་དག་གི་གཞོན་སྐྱེས་ཚོར་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་དམངས་ལ་ཆོས་རིག་གི་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་སོགས་ངོ་སྤྲོད་བྱས་ནས་གཅིག་པུར་སྐོར་སྐྱོད་བྱེད་ཀྱི་ཡོད་ཅིང་། ཁེ་ཉིན་ཕྱི་ཚེས་༣༡་ཉིན་ལ་དྭགས་ཀྱི་ལས་འགུལ་ཁག་ཡོངས་སུ་གྲུབ་སྟེ་ཧི་མ་ཅལ་མངའ་སྡེའི་སྐྱིད་ལུང་ས་གནས་སུ་བདེ་འབྱོར་བྱུང་འདུག

འདས་པའི་ཉིན་གྲངས་༡༣་གྱི་རིང་དེར་བསྟན་འཛིན་བརྩོན་འགྲུས་ཀྱིས་ལ་དྭགས་ཀྱི་ཅོག་ལམ་སར་དང་རྒྱལ་ས་གླེ། མཁར་དཀྱིལ་དང་ནུབ་རྭ། ཏུར་ཏུག་དང་བྱང་ཐང་སོགས་ལུང་ཁུག་ཁག་མི་འདྲ་བ་བརྒྱད་དགུ་ཞིག་ལ་སྐོར་སྐྱོད་བྱས་འདུག ལ་དྭགས་པའི་མང་ཚོགས་དཀྱུས་མའི་གྲས་སུ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་དད་པ་དམ་ཚིག་གཡོ་བ་མེད་པ་དང་བོད་པ་ཚོར་གཞན་དང་མ་འདྲ་བར་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་ཤུགས་ཆེན་བསྟན། བསྟན་འཛིན་བརྩོན་གྱི་ངོ་དེབ་ནང་དུ་ཏུར་ཏུག་གི་ལུང་ཁུག་ཅིག་ཏུ་སྐུ་ཞབས་ར་ཤ་མཱི་ཞེས་པ་ཞིག་ལ་གླེང་མོལ་བྱུང་བ་དང་ས་གནས་དེར་ཉམས་མྱོང་མི་འདྲ་བ་ཅི་བྱུང་རྣམས་ཉིན་ཐོར་བཀོད། ཁོང་གི་ཐེངས་འདིའི་བོད་དོན་སྐོར་སྐྱོད་ཀྱི་ལས་འགུལ་སྐབས་སུ་ས་གནས་མང་ཚོགས་ལ་རྒྱ་མིས་བོད་བཙན་བཟུང་བྱས་པའི་རྗེས་སུ་༧གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་བའི་གློག་བརྙན་གཟིགས་འབུལ། བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་དམངས་ལ་ལོ་རྒྱུས་ཀྱི་འབྲེལ་བ་ཡོད་པ་རྣམས་འགྲེལ་བཤད་རྒྱག་གི་ཡོད་པ་རེད།།

ཕྱི་ཟླ་༩་པའི་ཚེས་༡་ནས་བསྟན་འཛིན་བརྩོན་འགྲུས་ཧི་མ་ཅལ་མངའ་སྡེའི་ཇཱི་ས་པ་ས་གནས་སུ་བདེ་འབྱོར་བྱུང་སྟེ་ལས་འགུལ་མུ་མཐུད་སྤེལ་འདུག སྐྱིད་ལུང་ནས་གར་ཞྭ་དང་ཏ་པོ་སོགས་སྔོན་ཆད་བོད་ལ་འབྲེལ་བ་ཧ་ཅང་དམ་ཟབ་ཡོད་པའི་ས་གནས་ཁག་ཏུ་བསྐྱོད་འཆར་ཡོད་པར་མ་ཟད། ཁོང་གི་འཆར་གཞི་ལྟར་ཕྱི་ཟླ་༡༠་པའི་ནང་དུ་རྒྱ་གར་ཤར་ཕྱོགས་ཀྱི་མོན་རྟ་དབང་དུ་འབྱོར་རྩིས་ཡོད་པ་བཅས་ཀྱི་སྐོར། ལྡི་ལི་ནས་ཨ་རིའི་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG