ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལ་དྭགས་པ་ཚོས་ས་གནས་དེར་མངའ་སྡེའི་ཐོབ་ཐང་དགོས་ཞེས་སྐད་འབོད། 


༄༅།། ལ་དྭགས་ཀྱི་འགོ་ཁྲིད་ཚོས་ལོ་མང་རིང་མངའ་ཁུལ་དེར་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་གྱི་ཐོབ་ཐང་དགོས་ཞེས་འཐབ་རྩོད་བྱས་ཤིང་། ད་ལྟ་ལ་དྭགས་ཀྱི་རྒྱལ་ས་གླེའི་ཕྱོགས་ཀྱི་ནང་པ་དང་མཁར་དཀྱིལ་ཕྱོགས་ཀྱི་ཁ་ཆེ་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ལ་དྭགས་ལ་རྒྱ་གར་གྱི་མངའ་སྡེ་གཞན་ལྟར་མངའ་སྡེའི་ཐོབ་ཐང་སྤྲོད་དགོས་ཞེས་སྐད་འབོད་ལས་འགུལ་སྤེལ་གྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་དང་པོའི་ཚེས་༡༦་ཉིན་རྒྱལ་སྤྱིའི་ཚོང་ལས་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཁ་སྔོན་གཟའ་ཉི་མར་ལ་དྭགས་པ་ཚོས་ཇམ་མུ་གྲོང་ཁྱེར་དུ་སྐད་འབོད་ལས་འགུལ་སྤེལ། ཟླ་བ་རྗེས་མར་རྒྱལ་ས་ལྡི་ལིར་ངོ་རྒོལ་ལས་འགུལ་སྤེལ་དུ་བསྐྱོད་འཆར་ཡོད། ལྡི་ལིར་བསྐྱོད་ནས་ལ་དྭགས་མི་དམངས་ཀྱིས་བཏོན་པའི་དགོས་འདུན་ཁག་དབུས་གཞུང་ལ་བསྒྲུབ་ཏུ་འཇུག་འཆར་ཡོད་པའི་གནས་ཚུལ་ཐོན། མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་ཚོགས་པའི་འགོ་ཁྲིད་ཨ་སི་གྷར་ཨ་ལི་ཀཱར་བྷ་ལ་ཡེས་ང་ཚོ་གང་མགྱོགས་ལྡི་ལིའི་ཇན་ཏ་མར་ས་གནས་སུ་ངོ་རྒོལ་བྱེད་དུ་བསྐྱོད་འཆར་ཡོད། ལ་དྭགས་ལ་དགུན་ཁའི་དུས་སུ་གནམ་གཤིས་གྲང་ངར་ཆེ་བ་སོགས་ཀྱིས་ལས་འགུལ་ནུས་པ་ཐོན་པ་ཞིག་སྤེལ་ཐུབ་ཀྱི་མི་འདུག ང་ཚོ་ལྡི་ལིར་ཕྱིན་ཏེ་རྒྱལ་ཡོངས་མི་དམངས་ལ་ང་ཚོའི་དགོས་འདུན་ཁག་གསལ་བཤད་བྱ་འཆར་ཡོད། ང་ཚོ་ལྡི་ལིར་ངོ་རྒོལ་བྱེད་དུ་ནམ་བསྐྱོད་རྒྱུ་ཡིན་མིན་གྱི་ཚེས་གྲངས་ཕྱིས་སུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན། ཧ་ལམ་ཕྱི་ཟླ་༢་པའི་ནང་དུ་ལྡི་ལིར་ངོ་རྒོལ་ལས་འགུལ་སྤེལ་དུ་བསྐྱོད་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ།།

ལ་དྭགས་ཀྱི་འགོ་ཁྲིད་ཚོས་རྒྱ་གར་དབུས་གཞུང་གིས་ལ་དྭགས་པའི་དགོས་འདུན་ཁག་མ་སྐོང་ན་ང་ཚོས་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། ང་ཚོར་དབུས་ཐད་སྐྱོང་མངའ་ཁུལ་གྱི་ཐོབ་ཐང་མི་དགོས། ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་འབའ་ཞིག་སྤྲོད་དགོས་པ་དང་མངའ་སྡེའི་ཐོབ་ཐང་རྩོད་རྒྱུ་དེར་ལ་དྭགས་པ་ཡོངས་ཀྱི་རྒྱབ་སྐྱོར་ཐོབ་ཡོད། ང་ཚོས་མ་འོངས་པར་ལས་འགུལ་ཅི་ཞིག་སྤེལ་རྒྱུ་ཡིན་མིན་ནི་མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་ཚོགས་པ་དང་གླེའི་ནང་པའི་མཐུན་ཚོགས་གཉིས་མཉམ་འབྲེལ་གྱིས་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བཤད་འདུག ཕྱི་ཟླ་དང་པོའི་ཚེས་༡༧་ཉིན་རྒྱ་གར་གྱི་ཡང་དག་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་མང་རིང་ལ་དྭགས་ཀྱི་ཁ་ཆེ་དང་ནང་པ་ཚོ་ཆོས་ལུགས་ཀྱི་ལྟ་བའི་ཐོག་ཏུ་མཐུན་གྱི་མེད་ཀྱང་ལ་དྭགས་ལ་དམངས་གཙོ་སླར་གསོ་བྱ་རྒྱུའི་ཆེད་དུ་ཕྱོགས་གཉིས་ཀས་འགལ་ཟླ་རྣམས་ཟུར་དུ་བཞག་སྟེ་མཉམ་འབྲེལ་ཐོག་ཏུ་འཐབ་རྩོད་བྱེད་ཀྱི་ཡོད་ཅིང་། བློན་ཆེན་ཟུར་པ་དང་མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་ཀཱ་མར་ཨ་ལི་ཨ་ཁུན་གྱིས་ང་ཚོར་མངའ་སྡེའི་ཐོབ་ཐང་དགོས། མངའ་སྡེའི་ཐོབ་ཐང་མིན་པ་ཞིག་ལ་ནམ་ཡང་ངོས་ལེན་བྱེད་ཐུབ་ཐབས་མེད་ཅེས་བཤད། གླེའི་ནང་པའི་མཐུན་ཚོགས་ཀྱི་འགོ་ཁྲིད་དང་ལ་དྭགས་ནང་པའི་མཐུན་ཚོགས་ཀྱི་འགོ་ཁྲིད་གཞོན་པ་ལག་རུག་ཚེ་རིང་རྡོ་རྗེས་གསར་འགོད་པ་ཚོར་གླེ་དང་མཁར་དཀྱིལ་གཉིས་མཐུན་སྒྲིལ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ང་ལ་ལ་དྭགས་ཀྱི་ནང་པ་དང་ཁ་ཆེ་ཚོའི་མཐུན་སྒྲིལ་དེ་ཡུན་དུ་བརྟན་པ་དང་ང་ཚོའི་མངོན་འདོད་རྣམས་འགྲུབ་ཐུབ་པའི་རེ་བ་ཡོད་ཅེས་བཤད་འདུག

ཉེ་ཆར་རྒྱ་གར་དབུས་གཞུང་ནང་སྲིད་ལྷན་ཁང་གིས་ཚོགས་མི་༡༧་ཡོད་པའི་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས། ཚོགས་ཆུང་དེའི་འགོ་ཁྲིད་ལ་ནང་སྲིད་ལྷན་ཁང་གི་མངའ་སྡེའི་ལས་དོན་ཁང་གི་བློན་ཆེན་ནི་ཡ་ན་ཏ་ར་ཡེས་བསྐོས། ཚོགས་ཆུང་དེའི་འཐུས་མི་ཚོས་ལ་དྭགས་ཀྱི་ས་ཆར་སྲུང་སྐྱོབ་དང་ལས་ཀའི་གོ་སྐབས་རྣམས་ས་གནས་དེའི་ལ་དྭགས་མི་དམངས་ལ་ཐོབ་ཏུ་འཇུག་རྒྱུ། ལ་དྭགས་ཀྱི་ཐུན་མོང་མ་ཡིན་པའི་ནང་པའི་རིག་གཞུང་དང་སྐད་ཡིག ས་གནས་དེའི་ཆགས་ཡུལ་དེ་དམག་དོན་འཐབ་ཇུས་ལ་གནད་འགག་ཆེ་བ་སོགས་ལ་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་པའི་གྲོས་སྡུར་བྱ་རྒྱུ་མགོ་བརྩམས། འོན་ཀྱང་རྒྱ་གར་དབུས་གཞུང་ནས་ལ་དྭགས་མི་དམངས་ཀྱིས་རང་གི་ས་གནས་དེར་མངའ་སྡེའི་ཐོབ་ཐང་དགོས་ཞེས་རྩོད་ཀྱི་ཡོད་པར་མོས་མཐུན་བྱ་རྒྱུ་མིན་པའི་རྣམ་འགྱུར་ཐོན། དེར་བརྟེན་མཁར་དཀྱིལ་དམངས་གཙོ་མཐུན་ཚོགས་ཀྱི་ཚོགས་མི་ཀཱ་མར་ཨ་ལི་ཨ་ཁུན་གྱིས་མཁར་དཀྱིལ་མི་དམངས་ཀྱིས་ལ་དྭགས་ལ་དབུས་ཐད་སྐྱོང་མངའ་ཁུལ་གྱི་ཐོབ་ཐང་རྩོད་རྒྱུ་དེར་གཏན་ནས་རྒྱབ་སྐྱོར་བྱས་མྱོང་མེད། གླེའི་ཕྱོགས་ཀྱི་ནང་པ་ཚོས་ལ་དྭགས་ལ་དབུས་ཐད་སྐྱོང་ས་ཁུལ་གྱི་གནས་ཐོབ་སྤྲོད་དགོས་ཞེས་བརྩད་པ་རེད། ད་ལྟ་ཁོ་ཚོས་དབུས་ཐད་སྐྱོང་མངའ་ཁུལ་གྱི་གནས་ཐོབ་ལ་དགེ་སྐྱོན་ཅི་ཡོད་ངོས་ཟིན་ཏེ་གླེའི་ནང་པའི་མཐུན་ཚོགས་དང་མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་གཉིས་ཀས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་རྩོད་ཀྱི་ཡོད་ཅེས་བཤད་འདུག

ལ་དྭགས་ཀྱི་མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་ཚོགས་པ་དང་གླེའི་ནང་པའི་མཐུན་ཚོགས་ཀྱི་ཚོགས་མི་རྣམས་རྒྱ་གར་ནང་སྲིད་ལྷན་ཁང་གིས་བཙུགས་པའི་ཞིབ་འཇུག་ཚོགས་ཆུང་ཁོང་ནས་ཕྱིར་འཐེན་བྱས་ཤིང་། ཁོ་ཚོས་ཚོགས་ཆུང་གི་གྲོས་གཞིའི་ཁོངས་སུ་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་ཆ་ཚང་སྤྲོད་དགོས་པ་དང་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་དྲུག་པའི་འབྲུ་དོན་ལྟར་ས་གནས་དེའི་ཐུན་མོང་ཡིན་པའི་ཁྱད་ཆོས་ཁག་ལ་སྲུང་སྐྱོབ་བྱ་རྒྱུ། ལ་དྭགས་ཀྱི་ན་གཞོན་ཚོར་ལས་ཀའི་གོ་སྐབས་སྤྲོད་དགོས་པ་དང་ལས་གནས་ཁག་ལ་འཇུག་རྒྱུ། ལ་དྭགས་ལ་དབུས་གཞུང་གི་ཐད་སྐྱོང་མ་ཡིན་པར་ལོགས་སུ་སྤྱི་དམངས་སྲི་ཞུ་ལྷན་ཁང་འཛུགས་རྒྱུ། རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་ནང་དུ་གླེ་དང་མཁར་དཀྱིལ་ལ་འཐུས་མི་རེའི་གདན་ཐོབ་གཉིས་སྤྲོད་དགོས་པའི་དགོས་འདུན་བཏོན་པ་ཁག་ལ་ཞིབ་འཇུག་ཚོགས་ཆུང་གི་འགོ་ཁྲིད་ཚོས་བསམ་ཞིབ་བྱེད་ཀྱི་མི་འདུག དེས་ན་ང་ཚོ་ཞིབ་འཇུག་ཚོགས་ཆུང་ཁོངས་སུ་ཞུགས་རྒྱུ་མིན་ཞེས་ཐག་བཅད། སྲིད་བློན་མོ་དྷིའི་འགོ་ཁྲིད་པའི་བྷི་ཇེ་པི་གཞུང་འཛིན་ཚོགས་པས་ལ་དྭགས་པ་ཚོས་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་གྱི་ཐོབ་ཐང་དགོས་ཟེར་པ་རྣམས་སྤྲད་ཡོད། རྒྱ་གར་གཞུང་གིས་ལ་དྭགས་པ་ཚོས་དགོས་ཟེར་བའི་རེ་འདུན་ཆེན་པོ་ཞིག་བསྒྲུབས་ཡོད་ཅེས་ལན་བཏབ། ༢༠༡༩་ལོའི་ཕྱི་ཟླ་༨་པའི་ཚེས་༥་ཉིན་རྒྱ་གར་དབུས་གཞུང་གིས་ཇམ་མུ་ཀསྨིར་མངའ་སྡེའི་རང་སྐྱོང་གི་ཐོབ་ཐང་ཕྱིར་བསྡུ་བྱས་ནས་མངའ་ཁུལ་དེ་དབུས་ཐད་སྐྱོང་ས་ཁུལ་གཉིས་སུ་བསྒྱུར།།

འདས་པའི་ལོ་༦༠་ལྷག་གི་རིང་དུ་ལ་དྭགས་ཀྱི་ནང་པ་དང་ཁ་ཆེ་ཚོ་མཐུན་ལམ་མེད་པའི་འགག་རྩ་ནི་༡༩༦༡་ལོར་ནང་པ་ཚོས་མཁར་དཀྱིལ་ས་ཁུལ་དུ་ནང་པའི་དགོན་པ་ཞིག་བཞེང་རྩིས་བྱས་པར་ཁ་ཆེ་ཚོས་ངོ་རྒོལ་བྱས། དེ་ནས་བཟུང་སྟེ་ལ་དྭགས་ཀྱི་ནང་པ་དང་ཁ་ཆེ་ཚོའི་འབྲེལ་བ་སྡུག་ཏུ་སོང་། ལོ་རབས་༩༠་པའི་ནང་དུ་ལ་དྭགས་ཀྱི་ནང་པ་ཚོས་ཁ་ཆེ་རྣམས་འཇིགས་སྐུལ་རིང་ལུགས་ལ་དགའ་པོ་འདུག་ཅེས་ལོ་༤་ལ་འབྲེལ་བ་བཅད་ནས་འཁྲུག་རྩོད་ཐེངས་འགའ་བྱུང་བར་མ་ཟད། སྔ་ལོ་ཕྱོགས་སྐྱོང་དཔལ་དགའ་རིན་པོ་ཆེ་ཞེས་པའི་ལ་དྭགས་ཀྱི་བླ་མ་ཞིག་གིས་སླར་ཡང་མཁར་དཀྱིལ་ས་ཁུལ་དུ་ནང་པའི་དགོན་པ་ཞིག་བཞེང་རྒྱུའི་རྨང་འཛུགས་ལས་འགུལ་སྤེལ་ནས་འགལ་ཟླ་རྙིང་པ་བསྐྱར་དུ་བསླངས། ལ་དྭགས་ཀྱི་ཁ་ཆེ་ཚོས་ཧིན་རྡུ་མི་རིགས་རིང་ལུགས་ཀྱི་གཞུང་འཛིན་ཚོགས་པའི་འགོ་ཁྲིད་ཚོས་བླ་མ་སྐུ་གཞོན་དེར་ངན་སྐུལ་བྱས་པ་རེད་ཅེས་སྐྱོན་བཙུགས། བྷི་ཇེ་པི་ཚོགས་པའི་གྲོས་ཚོགས་འཐུས་མི་ཟུར་པ་དང་ལ་དྭགས་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལག་རུག་ཚེ་རིང་རྡོ་རྗེས་ས་ཆ་ནི་ལ་དྭགས་ནང་པའི་མཐུན་ཚོགས་ཀྱི་ས་ཆ་རེད། བླ་མ་དེས་དགོན་སྡེ་ཁག་ལ་གྲོས་སྡུར་མ་བྱས་པར་མཁར་དཀྱིལ་དུ་དགོན་པ་བཞེང་རྒྱུའི་ལས་འགུལ་སྤེལ་བ་རེད་ཅེས་བསྒྲགས། དེང་སྐབས་ལ་དྭགས་ཀྱི་གནད་དོན་གལ་ཆེན་ཞིག་ལ་ཐུག་པའི་སྐབས་སུ་ནང་པ་དང་ཁ་ཆེ་ཚོས་ནང་ཁུལ་གྱི་འགལ་ཟླ་བསྐྱུར་ནས་ལ་དྭགས་མི་དམངས་ལ་མངའ་སྡེའི་ཐོབ་ཐང་རྩོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG