ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༦/༡༩

ལ་དྭགས་ལ་དྲག་ཆར་བབས་ཏེ་ཛ་དྲག་གི་ཉེན་སྐྱོབ་པ་གསར་དུ་བཙུགས། 


Flash flood due to heavy rainfall leaves trail of destruction in Leh town
Flash flood due to heavy rainfall leaves trail of destruction in Leh town

༄༅།། ལ་དྭགས་ཀྱི་ས་གནས་ཁག་ཏུ་དྲག་ཆར་བབས་ཏེ་ཆུ་ལོག་བརྒྱུགས། རྒྱལ་ས་གླེའི་ཉེ་འཁོར་གྱི་ས་གནས་ཁག་གི་ཁང་པ་མང་པོ་དང་གླེའི་ཁྲོམ་གཞུང་བཅས་ལ་ཆུ་ལོག་གི་གནོད་འཚེ་ཆེན་པོ་ཕོག་པའི་རྗེས་སུ་ས་གནས་གཞུང་གིས་ཛ་དྲག་གི་ཉེན་སྐྱོབ་ལས་མི་གསར་བསྡུ་བྱ་དགོས་པའི་ཐག་གཅོད་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༧་པའི་ཚེས་༢༤་ཉིན་རྒྱ་གར་གྱི་ཊི་རི་བྷུན་གསར་ཤོག་ལ་གནས་ཚུལ་ཐོན་པ་ལྟར་ན། ལ་དྭགས་ཀྱི་རྒྱལ་ས་གླེ་དང་མཁར་དཀྱིལ་སོགས་སུ་ཆུ་ལོག་བརྒྱུགས་ནས་མི་ལ་སྲོག་སྐྱོན་ཕོག་པའི་གནས་ཚུལ་ཐོན་མེད་ཀྱང་ཕ་བོང་དང་ས་ཉིལ་ནས་རི་རྩར་ཆགས་པའི་གྲོང་སྡེ་ཁག་གི་ཁང་པ་དང་རྒྱ་ལམ་སོགས་ལ་གཏོར་བཤིག་ཕོག ཆུ་ལོག་གི་གནོད་འཚེ་ཕོག་ཡུལ་གཙོ་ཆེ་བ་ནི་ལམ་སྒྲོན་སློབ་གྲྭའི་ཁུལ་དང་སྐམ་པ་རི་ས་གནས་གཉིས་ཡིན་ཞིང་། ལ་དྭགས་ཀྱི་སྤྱི་ཁྱབ་གཞོན་པ་མི་ཤ་ར་ནས་ལ་དྭགས་ས་གནས་གཞུང་གིས་འཕྲལ་དུ་ཛ་དྲག་དུས་སུ་ཉེན་སྐྱོབ་ཀྱི་ལས་མི་གསར་བསྡུ་བྱ་དགོས་ཞེས་བཀའ་ཕབ།།

ལ་དྭགས་ཀྱི་གཞུང་འབྲེལ་མི་སྣ་ཞིག་གིས་ཊི་རི་བྷུན་གསར་ཁང་གི་གསར་འགོད་པར་ས་མཚམས་ཀྱི་རྒྱ་ལམ་འཛུགས་སྐྲུན་སྒྲིག་འཛུགས་ཀྱི་བཟོ་བཀོད་འགན་འཛིན་གྱི་གཙོ་སྐྱོང་འོག་གླེ་དང་མཁར་དཀྱིལ་གཉིས་ལ་ཛ་དྲག་གི་ལས་དོན་སྒྲུབ་པའི་ཚོགས་ཆུང་གཉིས་གསར་དུ་འཛུགས་རྒྱུའི་ཐག་གཅོད་བྱུང་སོང་། མ་འོངས་པར་ལ་དྭགས་སུ་རྐྱེན་ངན་གོད་ཆག་བྱུང་སྟེ་ཛ་དྲག་གི་ཉེན་སྐྱོབ་ལས་དོན་ཅི་ཞིག་བསྒྲུབ་དགོས་ཀྱང་ས་མཚམས་ཀྱི་རྒྱ་ལམ་འཛུགས་སྐྲུན་སྒྲིག་འཛུགས་ཀྱི་བཟོ་བཀོད་འགན་འཛིན་གྱིས་དུས་ཐོག་ཏུ་གླེ་དང་མཁར་དཀྱིལ་གྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་འབྲེལ་བ་བྱས་ནས་ལས་དོན་བསྒྲུབ་དགོས་ཤིང་། ང་ཚོས་སྔོན་ལ་ཆུ་རྐ་དང་རྒྱ་ལམ་སོགས་འདམ་བག་དང་ཕ་བོང་སོགས་ཀྱིས་བཀག་ཡོད་པ་རྣམས་བསལ་དགོས། ཆུ་རྐ་ཁག་གི་འགྲམ་གྱི་རྒྱ་ལམ་ཐོག་ཏུ་འགྲིམ་འགྲུལ་བྱེད་མི་ཆོག་ཅེས་བཀག་ཡོད་པར་བརྩི་མེད་བཏང་ནས་འགྲིམ་འགྲུལ་བྱེད་མཁན་རླངས་འཁོར་ཁ་ལོ་བ་ཚོ་འགོག་དགོས་པའི་བཀའ་བཏང་སོང་ཞེས་བཤད་འདུག

ལ་དྭགས་ཀྱི་འགན་འཛིན་གཞོན་པ་སན་ཏོ་ཤ་སུ་ཀཱ་དེ་བས་
ལ་དྭགས་ཀྱི་འགན་འཛིན་གཞོན་པ་སན་ཏོ་ཤ་སུ་ཀཱ་དེ་བས་

ལ་དྭགས་ས་གནས་གཞུང་གིས་རྒྱལ་ས་གླེ་གྲོང་རྡལ་གྱི་རྐ་ཆུ་དང་རྒྱུག་ཆུ་ཁག་གི་འགྲམ་དུ་ཆགས་པའི་ཁང་པ་ཁག་ལ་ས་ཞིབ་དང་མ་འོངས་པར་ཆུ་ལོག་གི་ཉེན་ཁ་འབྱུང་སྲིད་པ་སྔོན་འགོག་བྱ་རྒྱུ། ཐེངས་འདིའི་ཆུ་ལོག་དུས་སུ་གནོད་འཚེ་ཕོག་པ་ཚོར་གུར་བརྒྱབ་ནས་བཟའ་བཏུང་དང་ཉལ་ཆས་སོགས་མཁོ་སྤྲོད། ལ་དྭགས་ཀྱི་འགན་འཛིན་གཞོན་པ་སན་ཏོ་ཤ་སུ་ཀཱ་དེ་བས་ལམ་སྒྲོན་སློབ་གྲྭ་དང་ལྕོག་ལམ་ལྷ་ཁང་སོགས་རྒྱལ་ས་གླེའི་མངའ་ཁུལ་གྱི་ས་གནས་ཁག་ཏུ་ཞིག་གསོའི་ལས་དོན་བསྒྲུབ་རྒྱུ་འགོ་བཙུགས་ཡོད། ཉེན་སྐྱོབ་དང་ལྟོ་སྐྱོང་གི་ཚོགས་ཆུང་ཞིག་བཙུགས་ཏེ་སྐམ་པ་རི་ས་ཁུལ་གྱི་ལས་མི་ཚོར་དོ་ཕོག་བྱུང་བར་ལྟ་རྟོག་བྱེད་ཀྱི་ཡོད། མཁར་དཀྱིལ་ཁུལ་དུ་རྒྱ་ལམ་མང་པོ་ཆུ་ལོག་གིས་བསྣུབས་ཏེ་ས་གནས་གཞུང་གིས་ལ་དྭགས་རྒྱལ་ཡོངས་སུ་ཆུ་ལོག་གི་གནོད་འཚེ་འབྱུང་ས་གང་དུ་ཡོད་མེད་ས་ཞིབ་བྱ་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ།།

Flash flood due to heavy rainfall leaves trail of destruction in Leh town
Flash flood due to heavy rainfall leaves trail of destruction in Leh town

ཕྱི་ཟླ་༧་པའི་ཚེས་༢༣་ཉིན་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཀྱི་མཚན་མོར་ལ་དྭགས་སུ་དྲག་ཆར་བབས། རྒྱལ་ས་གླེའི་ཁྲོམ་གཞུང་ཐམས་ཅད་རྡོ་ཧྲུག་དང་འདམ་ཉོག་གིས་ཁེངས། ཁང་པ་དང་ཚོང་ཁང་བཅུ་གྲངས་ཤིག་ལ་གཏོར་བཤིག་ཕོག ལམ་འགྲམ་དུ་བཞག་ཡོད་པའི་རླངས་འཁོར་ཁག་ཅིག་ཆུ་ལོག་གིས་ཁྱེར། རྒྱ་གར་གྱི་དམག་དང་ཉེན་རྟོག་པ། ས་གནས་ཀྱི་དང་བླངས་པ་ཚོ་མཚན་ཧྲིལ་པོར་ཉེན་སྐྱོབ་ལས་དོན་ལ་ཞུགས། གླེ་ནས་ནུབ་ར་བར་དུ་སྐྱོད་པའི་རྒྱ་ལམ་དེ་མཁར་གདོང་ལ་ནས་མཁར་གསར་གྲོང་གསེབ་བར་དུ་ཆུ་ལོག་གིས་བསྣུབས། དེ་བཞིན་ས་གནས་ཡུལ་མི་ཚོས་བཏབ་པའི་ཞིང་ཁའི་སྟོན་འབྲས་ཀྱང་ཆུ་ལོག་གིས་མནན། ས་གནས་མི་མང་དང་ཡུལ་སྐོར་སྤྲོ་འཆམ་པ་ཚོས་ཉེན་སྐྱོབ་ལས་དོན་སྒྲུབ་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

Flash flood due to heavy rainfall leaves trail of destruction in Leh town
Flash flood due to heavy rainfall leaves trail of destruction in Leh town

གླེ་གྲོང་སྡེ་ལྷན་ཁང་གི་ཚོགས་གཙོ་རྣམ་རྒྱལ་གྱིས་ཆུ་ལོག་དུས་སུ་གནོད་འཚེ་ཅི་ཙམ་ཕོག་ཡོད་མེད་ས་གནས་གཞུང་གིས་ཞིབ་འཇུག་བྱེད་ཀྱི་ཡོད། དྲག་ཆར་བབས་ནས་མཚན་གྱི་ཆུ་ཚོད་༡༠་ནས་༡༠.༣༠་བར་དུ་ཆུ་ལོག་བརྒྱུགས་ཏེ་ཁང་པ་བཤིག་པ་དང་རླངས་འཁོར་ཆུས་ཁྱེར་ཀྱང་ཕྱི་ཉིན་ཞོགས་པར་མཁོ་ངེས་ཀྱི་སྲི་ཞུའི་ལས་དོན་རྣམས་སླར་གསོ་ཐུབ་སོང་། ཁང་པ་དང་ཚོང་ཁང་སོགས་ཁང་པོ་མང་པོར་གནོད་སྐྱོན་ཕོག་པ་དང་ཁང་པ་གཉིས་ཤུལ་མེད་དུ་བསྣུབས་འདུག་ཅེས་བཀྲལ། ལ་དྭགས་ཀྱི་སྤྱི་ཁྱབ་གཞོན་པ་མི་ཤ་རས་དམག་གིས་ཉེན་སྐྱོབ་རོགས་རམ་བྱས་པར་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུས། ཁོང་གིས་ངས་ལ་དྭགས་མི་དམངས་ཀྱི་ཚབ་བྱས་ནས་དམག་སྡེ་ཨང་༡༤་པ་དང་ས་གནས་ཀྱི་དང་བླངས་པ་སོགས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ང་ཚོས་ཛ་དྲག་གིས་དུས་སུ་རྒྱ་གར་གྱི་དམག་དང་ས་གནས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་མཉམ་འབྲེལ་མིག་དཔེར་འོས་པ་ཞིག་བྱས་ཐུབ་སོང་ཞེས་གསལ་བསྒྲགས་སྤེལ།།

ཕྱི་ཟླ་༧་པའི་ཚེས་༢༢་ཉིན་རྒྱ་གར་གྱི་ཡིད་ཆེས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེང་སྐབས་ཆར་ཞོད་དུས་སུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་དྭགས་སུ་ཕེབས་ནས་བཞུགས་ཡོད་ཅིང་། གཟའ་པ་སངས་ཀྱི་དགོང་མོར་དྲག་ཆར་བབས་པའི་སྟབས་ཀྱིས་ཕྱི་ཉིན་གཟའ་སྤེན་ཉིན་༧གོང་ས་མཆོག་གིས་གསུང་ཆོས་གནང་རྒྱུའི་མཛད་རིམ་གཏན་འབེབས་བྱུང་ཡོད་པའང་གཟའ་ཉི་མ་བར་དུ་ཕྱིར་འགྱངས་བྱ་དགོས་བྱུང་ཡོད་པར་མ་ཟད། ས་གནས་ཁག་ཅིག་གི་ཁང་པ་དང་རླངས་འཁོར་རྣམས་འདམ་ཉོག་འོག་ཏུ་ཚུད། ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་ཚེ་དབང་གིས་དྲག་ཆར་རྗེས་སུ་རྒྱ་གར་གྱི་དམག་དང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ། ལ་དྭགས་ཀྱི་ནང་པ་དང་ཁ་ཆེ་སོགས་ཀུན་གྱིས་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་ཉེན་སྐྱོབ་ཀྱི་ལས་དོན་བསྒྲུབས་ཡོད། ངས་རྒྱ་གར་གྱི་དམག་གིས་རོགས་སྐྱོབ་ལས་དོན་བསྒྲུབས་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ད་ཐེངས་ཀྱི་ཆུ་ལོགས་དུས་སུ་ལ་དྭགས་ས་གནས་འདིར་ཆོས་ལུགས་མཐུན་སྒྲིལ་དང་མི་རིགས་མཐུན་སྒྲིལ་ཧ་ཅང་ཡག་པོ་ཡོད་པ་ངོ་འཕྲོད་པ་ཞིག་བྱུང་ཡོད་ཅེས་བཤད་འདུག

Flash flood due to heavy rainfall leaves trail of destruction in Leh town
Flash flood due to heavy rainfall leaves trail of destruction in Leh town

ཕྱི་ཟླ་༧་པའི་ཚེས་༢༣་ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐེབས་ནས་ཚ་དྲོད་རྒྱས་ཀྱི་ཡོད་པའི་ཞོར་དུ་རྒྱ་དཀར་ནག་གཉིས་དང་པ་ཀི་སི་ཐན་བཅས་ཀྱིས་དམག་དོན་ལ་མཁོ་བའི་རྒྱ་ལམ་དང་སོ་ཁང་། དམག་སྒར་དང་ཐད་འཕུར་གནམ་གྲུ་འབབ་ས། འཐབ་འཁོར་དང་ལྕགས་ཁྲབ་འཁོར་ལོ་འཇོག་སའི་ཐང་ཆེན། ཉི་གློག་གི་ཤེལ་པང་བཙུགས་ནས་འཛུགས་སྐྲུན་གྱི་ལས་གཞི་རྒྱ་བསྐྱེད། རྒྱ་དཀར་ནག་དང་པ་ཀི་སི་ཐན་གསུམ་གྱི་ས་མཚམས་ཁག་ཏུ་དམག་དཔུང་འགྲེམ་འཇོག་བྱ་རྒྱུ་མང་དུ་བཏང་སྟེ་ཧི་མ་ལ་ཡའི་ལྗོངས་ཀྱི་སྐྱེ་ཁམས་ལ་ཕྱོགས་ཡོངས་གཏོར་བཤིག་ཐེབས་ཀྱི་འདུག ཧི་མ་ལ་ཡའི་ལྗོངས་ཀྱི་ཁོར་ཡུག་ལ་གཏོར་བཤིག་ཅི་ཙམ་ཐེབས་ན་དེ་ཙམ་གྱི་ཆུ་ལོག་དང་དྲག་ཆར། ཐན་པ་སོགས་བྱུང་ནས་སྲིད་པའི་འཁྱག་རོམ་དང་གངས་རི་རྣམས་ཞུ། ནམ་ཞིག་ཧི་མ་ལ་ཡའི་ལྗོངས་སུ་མི་དང་ཕྱུགས་ཟོག རི་སྐྱེས་སེམས་ཅན་རྣམས་འཚོ་གནས་བྱེད་མི་ཐུབ་པ་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཆེན་པོ་འདུག་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG