ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཡུག་ཀེ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་འབུམ་༣་ལྷག་བསད་སྐད། 


༄༅།། ཡུག་ཀེ་རེན་གྱི་དམག་འཁྲུག་ལངས་ནས་ལོ་༡་དང་ཟླ་བ་༨་ལྷག་འགྲོ་བཞིན་ཡོད་ཅིང་། ད་ལྟའི་བར་དུ་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་འབུམ་༣་ལྷག་ལ་སྲོག་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༠་པའི་ཚེས་༣༡་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ནང་དུ་ཡུག་ཀེ་རེན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ན། ༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུག་ཀེ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། ཡུག་ཀེ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་༣༠༠༨༡༠་བསད་པ་ཡིན། གྲངས་འབོར་དེའི་ཁོངས་སུ་འདས་པའི་ཉིན་ཞག་གཅིག་གི་རིང་ཨུ་རུ་སུའི་དམག་མི་༨༧༠་ཐམ་པར་སྲོག་སྐྱོན་ཕོག་པ་རྣམས་ཀྱང་འདུས་ཡོད་ཅེས་བསྒྲགས། ད་ལོའི་ཕྱི་ཟླ་༨་པའི་ཟླ་དཀྱིལ་དུ་ནེའུ་ཡོག་དུས་བབ་ཚགས་པར་གྱི་གསར་འགོད་པས་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོ་ལུང་འདྲེན་བྱས་ནས་ཡུག་ཀེ་རེན་གྱི་དམག་འཁྲུག་ལངས་པའི་རྗེས་སུ་ཨུ་རུ་སུ་དང་ཡུག་ཀེ་རེན་གཉིས་ཀའི་དམག་མི་འབུམ་༥་མ་ཟིན་ཙམ་ཞིག་བསད་འདུག་ཅེས་གསར་འགྱུར་སྤེལ།།

རང་བཙན་གྱི་ཉམས་ཞིབ་པ་ཚོས་ཡུག་ཀེ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་བསད་པ་དང་མཚོན་ཆ་རྩ་གཏོར་བྱུང་བ་ངེས་གཏན་བྱེད་ཐུབ་ཀྱི་ཡོད་མོད། འོན་ཀྱང་ཡུག་ཀེ་རེན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་ཁང་གིས་ཨུ་རུ་སུའི་དམག་མི་འབུམ་༣་ལྷག་བསད་པ་ཡིན་ཞེས་གཞི་གྲངས་ཤིག་བཏོན་པ་བདེན་པ་ཡིན་མིན་ངེས་གཏན་བྱེད་དཀའ་བ་ཞིག་ཏུ་གྱུར། ཨུ་རུ་སུ་དང་ཡུག་ཀེ་རེན་གཉིས་ཀས་རང་དམག་ཅི་ཙམ་བསད་རྨས་བྱུང་མིན་ཕྱིར་བསྒྲགས་མ་བྱས་པར་གསང་རྒྱ་བསྡམས། ༢༠༢༢་ལོའི་ཕྱི་ཟླ་༩་པའི་ནང་ཨུ་རུ་སུའི་གཞུང་ནས་དམག་མི་༥༩༣༧་ལ་སྲོག་སྐྱོན་ཕོག་སོང་། ཡུག་ཀེ་རེན་གྱི་དམག་མི་༥༥༡༡༠་སྲོག་སྐྱོན་ཕོག་འདུག་ཅེས་གྲངས་ཐོ་ཞིག་བཀྲམ། གཟའ་འཁོར་གསར་འགྱུར་དུས་དེབ་ཀྱི་གསར་འགོད་པས་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་ལ་གློག་འཕྲིན་བཏང་ནས་དམག་མི་འབུམ་༣་ལྷག་ལ་སྲོག་སྐྱོན་ཕོག་པ་བདེན་པ་རེད་དམ་ཞེས་དྲིས་ཀྱང་ལན་འདེབས་མ་བྱུང་། ཨུ་རུ་སུར་དམག་མི་འདང་ངེས་མེད་པར་བཙོན་པ་དང་རྒད་པོ་རྣམས་ཀྱང་དམག་ཁོངས་སུ་བསྡུ་བཞིན་པའི་གནས་ཚུལ་ཐོན་འདུག

ནེ་དྷར་ལན་ཌི་རྒྱལ་ཁབ་ཀྱི་ཧེ་གྷ་གྲོང་ཁྱེར་དུ་ཡོད་པའི་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཧྥེ་ཌེ་རཱིག་མར་ཊེན་སི་ཡིས་བཤད་པ་ལྟར་ན། ཡུག་ཀེ་རེན་གྱིས་ཨུ་རུ་སུའི་དམག་མི་འབུམ་༣་ལྷག་བསད་པ་ཡིན་ཟེར་བ་དང་གསར་འགྱུར་ལས་ཁུངས་ཁག་གིས་སྤེལ་བའི་གྲངས་ཐོ། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གསང་བའི་ལས་ཁུངས་ཁག་གིས་ཚོད་དཔག་བྱས་པའི་གྲངས་འབོར་རྣམས་མཐུན་གྱི་འདུག ཡུག་ཀེ་རེན་དང་ཨུ་རུ་སུ་གཉིས་ཀྱིས་དམག་འཁྲུག་དྲག་པོ་རྒྱག་གི་ཡོད་པར་གཞིགས་ན་དམག་མི་བསད་རྨས་བྱུང་བའི་གྲངས་འབོར་དེ་འདྲ་ཞིག་ལོང་ངེས་རེད། ཨུ་རུ་སུ་དང་བསྡུར་ན་ཡུག་ཀེ་རེན་གྱི་དམག་མི་བསད་པ་ཉུང་བ་ཡིན་སྲིད། དམག་མི་ཉུང་ཉུང་ཞིག་གི་ཚེ་སྲོག་ཤོར་ཡང་གྱོང་གུད་ཆེན་པོ་རེད་ཅེས་བསྟན། ན་ནིང་ཕྱི་ཟླ་༡༡་པའི་ནང་དུ་ཨ་རིའི་ཆེས་མཐོ་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་མར་ཁེ་མེ་ལིས་ཨུ་རུ་སུ་དང་ཡུག་ཀེ་རེན་གཉིས་ཀའི་དམག་མི་འབུམ་རེར་སྲོག་སྐྱོན་ཕོག་ཡོད་ས་རེད་ཅེས་གསར་འགོད་པ་ཚོར་གླེང་མོལ་བྱས་འདུག

དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་རྒྱལ་པོའི་མཐོ་སློབ་ཁང་གི་དམག་འཁྲུག་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་མ་རི་ན་མཱི་རོན་གྱིས་བཤད་པ་ལྟར་ན། ཨུ་རུ་སུ་དང་ཡུག་ཀེ་རེན་གཉིས་ཀྱིས་ཕྱིར་བསྒྲགས་བྱས་པའི་དམག་མི་བསད་རྨས་ཀྱི་གྲངས་འབོར་དེ་དྲིལ་བསྒྲགས་ཀྱི་འཐབ་ཇུས་ཤིག་ཡིན་ཞིང་། ཡུག་ཀེ་རེན་དང་ཨུ་རུ་སུ་གཉིས་ཀས་རང་ཕྱོགས་རྒྱལ་གྱི་ཡོད་པ་དང་ཕ་རོལ་པོ་ཕམ་གྱི་ཡོད་པ་སྒྲོགས་དགོས་ངེས་སུ་གྱུར་འདུག ཡུག་ཀེ་རེན་གྱིས་རང་ཕྱོགས་རྒྱལ་གྱི་ཡོད་པའི་དྲིལ་བསྒྲགས་ཅི་ཙམ་ཤུགས་ཆེ་བ་བྱས་ན་དམག་དཔུང་ལ་དཔའ་སྟོབས་རྒྱས། ཨུ་རུ་སུའི་དམག་དཔོན་ཚོ་དང་དམག་མི་རྣམས་གཉའ་ཆག་སྟེ་རྒྱལ་ནང་དུ་དམག་འཁྲུག་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆུང་དུ་འགྲོ་ཐུབ། ཡུག་ཀེ་རེན་གྱིས་ཨུ་རུ་སུའི་དམག་མི་བསད་པའི་གྲངས་ཐོ་ཞིག་ཕྱིར་བསྒྲགས་བྱས་པ་དེར་དམིགས་ཡུལ་འགའ་ཞིག་ཡོད་ཤས་ཆེ། གྲངས་ཐོ་དེ་ཇི་ལྟར་བསྡུ་རུབ་བྱས་པ་མི་འདུག་ཅེས་དོགས་པ་བསླངས། ཉེ་ཆར་ཨུ་རུ་སུའི་དམག་གིས་ཡུག་ཀེ་རེན་གྱི་ཨབ་ཌིབ་ཀ་གྲོང་རྡལ་དུ་དཔུང་འཇུག་བྱས་ནས་ཇུས་ཉེས་ཆེན་པོ་བྱུང་བའི་གནས་ཚུལ་ཐོན་འདུག

ཕོ་བྲང་དཀར་པོའི་རྒྱལ་སྲུང་སློབ་སྟོན་ཁང་གི་མགྲིན་ཚབ་པ་ཇཱོན་ཀིར་བྷིས་
ཕོ་བྲང་དཀར་པོའི་རྒྱལ་སྲུང་སློབ་སྟོན་ཁང་གི་མགྲིན་ཚབ་པ་ཇཱོན་ཀིར་བྷིས་

ཕྱི་ཟླ་༡༠་པའི་ཚེས་༢༨་ཉིན་ཡུ་རོབ་རང་དབང་རླུང་འཕྲིན་ཁང་གིས་དབྱིན་ཇིའི་གསང་བའི་ལས་ཁང་གི་གནས་ཚུལ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་བ་ལྟར་ན། ཨུ་རུ་སུས་དམག་གི་རུ་ཤོག་༨་བཏང་ནས་ཨབ་ཌིབ་ཀ་གྲོང་རྡལ་མཐའ་བསྐོར་ཐབས་བྱས་ཀྱང་ཕམ་ཉེས་ཆེན་པོ་བྱུང་། ཨབ་ཌིབ་ཀ་གྲོང་རྡལ་དུ་ཨུ་རུ་སུའི་དམག་མི་བསད་རྨས་བྱུང་བ་ནི་༢༠༢༣་ལོར་ཨུ་རུ་སུའི་དམག་ལ་ཕམ་ཉེས་བྱུང་བ་ཚབས་ཆེ་ཤོས་སུ་བརྩི་ཆོག་པར་མ་ཟད། ཨུ་རུ་སུའི་དམག་གི་ལྕགས་ཁྲལ་འཁོར་ལོ་དང་འཐབ་འཁོར་རྣམས་ས་མེ་བཀད་པའམ། མེ་སྒྱོགས་ཕོག ཡང་ན་ཡུག་ཀེ་རེན་གྱིས་ཁ་ལོ་བ་མེད་པའི་འཕུར་གྲུ་བཏང་ནས་རྩ་གཏོར་གཏོང་གི་ཡོད་པའི་བརྙན་ཐུང་རྣམས་དྲྭ་ལམ་དུ་ཁྱབ། ཕོ་བྲང་དཀར་པོའི་རྒྱལ་སྲུང་སློབ་སྟོན་ཁང་གི་མགྲིན་ཚབ་པ་ཇཱོན་ཀིར་བྷིས་ཕྱི་ཟླ་༡༠་པའི་ཚེས་༡༡་ནས་ཨབ་ཌིབ་ཀ་གྲོང་རྡལ་དུ་ཉུང་མཐའ་ཡང་ཨུ་རུ་སུའི་དམག་གི་འཐབ་འཁོར་༡༢༥་ཚུད་པའི་དམག་དོན་ཡོ་བྱད་རྣམས་རྩ་གཏོར་དང་དམག་མིར་བསད་རྨས་ཆེན་པོ་ཕོག་འདུག་ཟེར།།

ཕྱི་ཟླ་༡༠་པའི་ཚེས་༢༨་ཉིན་ཨུ་རུ་སུའི་གཞུང་གིས་ཡུག་ཀེ་རེན་གྱིས་བསམ་བཞིན་ཀུར་སག་གྲོང་ཁྱེར་གྱི་རྡུལ་ཕྲན་སྙིགས་རོ་འཇོག་ཁང་གི་ཉེ་འཁྲིས་སུ་གཏོར་རྒོལ་བྱེད་འདུག རྡུལ་ཕྲན་སྙིགས་རོ་འཇོག་ཁང་ལ་གཏོར་རྒོལ་ཕོག་ན་རྡུལ་ཕྲན་གྱི་འོད་རླབས་ཁྱབ་གདལ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་ཡུག་ཀེ་རེན་གྱིས་ཤེས་ཀྱི་ཡོད་པ་རེད་ཅེས་སྐྱོན་བཙུགས། སྔ་ཉིན་དེར་ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མ་རི་ཡ་ཛ་ཁ་རོ་ཝས་(Maria Zakharova)་ཡུག་ཀེ་རེན་གྱི་འཕུར་གྲུ་རྣམས་བར་སྣང་དུ་གཏོར་བ་ཡིན། འཕུར་གྲུའི་ལྷུ་ལག་རྣམས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྤྲད་པ་རེད་འདུག་ཅེས་བཤད། ཨུ་རུ་སུའི་གསར་འགྱུར་ལས་ཁུངས་ཁག་གིས་ཡུག་ཀེ་རེན་གྱི་འཕུར་གྲུས་གཏོར་རྒོལ་བྱས་ནས་རྡུལ་ཕྲན་སྙིགས་རོ་འཇོག་ཁང་དེར་གཏོར་བཤིག་ཐེབས་འདུག་ཅེས་གནས་ཚུལ་སྤེལ། ཕྱི་ཉིན་དེར་ཡུག་ཀེ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཡུལ་དེའི་ནུབ་ཕྱོགས་སུ་ཡོད་པའི་ཀཱ་མེལ་ནི་ཛི་ཀི་རྡུལ་ཕྲན་གློག་ཁང་ལ་ཨུ་རུ་སུས་གཏོར་རྒོལ་བྱས་བྱུང་ཞེས་བཀྲལ།།

ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མ་རི་ཡ་ཛ་ཁ་རོ་ཝས་
ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མ་རི་ཡ་ཛ་ཁ་རོ་ཝས་

ཕྱི་ཟླ་༡༠་པའི་ཚེས་༣༡་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་དམག་གི་བཙན་བཟུང་འོག་ཏུ་ཚུད་པའི་ཡུག་ཀེ་རེན་གྱི་ཤར་ཕྱོགས་གྲོང་རྡལ་ཝོལ་ནོ་ཝ་ཀཱའི་ཁྱིམ་ཚང་ཞིག་གི་བཟའ་མི་༩་ཉལ་སའི་ནང་དུ་ཡོད་པའི་དུས་སུ་ཨུ་རུ་སུའི་དམག་གིས་མེ་མདའ་བརྒྱབ་ནས་དམར་གསོད་བྱས་ཏེ་གྱང་ངོས་སུ་ཁྲག་ཐོར་ཡོད་པའི་བརྙན་པར་ཐོན། ཝོལ་ནོ་ཝ་ཀཱ་གྲོང་རྡལ་དེ་ན་ནིང་ཕྱི་ཟླ་༣་ནས་ཨུ་རུ་སུའི་དབང་བསྒྱུར་འོག་ཚུད། ཡུག་ཀེ་རེན་གྱི་གཞུང་གིས་ཁྱིམ་ཚང་དེའི་བཟའ་མི་རྣམས་དང་ཨུ་རུ་སུའི་དམག་མི་ཚོ་ཁ་རྩོད་ཤོར་བའི་རྗེས་སུ་དམར་གསོད་བྱས་པ་རེད་ཟེར། ཨུ་རུ་སུའི་གཞུང་གིས་ཡུག་ཀེ་རེན་གྱི་ཁྱིམ་ཚང་དེའི་བཟའ་མི་རྣམས་བསད་པའི་ཉེས་དོན་ལ་འབྲེལ་བ་ཡོད་པའི་དམག་མི་གཉིས་འཛིན་བཟུང་བྱས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག ཨུ་ཡུག་དམག་འཁྲུག་ནང་དུ་ཨུ་རུ་སུའི་མི་མང་དཀྱུས་མ་ཚོར་རྒོལ་རྡུང་འཕོག་གི་མེད་ཀྱང་ཡུག་ཀེ་རེན་གྱི་མི་མང་དཀྱུས་མ་ཚོར་རྒོལ་རྡུང་ཕོག་ནས་བསད་རྨས་འབྱུང་གི་ཡོད་པའི་གནས་ཚུལ་ཐོན་འདུག

གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གསར་པ་མེག་ཇཱོན་སན
གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གསར་པ་མེག་ཇཱོན་སན

ཡུག་ཀེ་རེན་ལ་དམག་འཁྲུག་གི་རྒྱལ་ཁ་འཐོབ་རྒྱུ་ཡིན་མིན་ནི་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ལ་ཐུག་ཡོད་ཅིང་། ཨ་རིའི་གྲོས་ཚོགས་འོག་མར་ཚོགས་གཙོ་མེད་པར་བདུན་ཕྲག་༣་ལྷག་ཕྱིན་ཏེ་ཡུག་ཀེ་རེན་ལ་དམག་དོན་རོགས་དངུལ་ཆད། ད་ལྟ་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་མཱི་ཆི་མེ་ཀ་ནོལ་གྱིས་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གསར་པ་མེག་ཇཱོན་སན་ལ་ཡུག་ཀེ་རེན་གྱི་དམག་དོན་རོགས་དངུལ་རྣམས་འཕྲལ་དུ་ཆོག་མཆན་འགོད་དགོས་ཞེས་ནན་གྱིས་བསྐུལ། སྲིད་འཛིན་བྷ་ཌན་གྱིས་ཡུག་ཀེ་རེན་ལ་ཨ་སྒོར་དུང་ཕྱུར་༦༡༤་རོགས་སྐྱོར་སྤྲོད་དགོས་ཞེས་གྲོས་གཞི་བཏོན། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ཨི་སི་རལ་ལ་ཨ་སྒོར་དུང་ཕྱུར་༡༤༠་ཐམ་པ་རོགས་སྐྱོར་སྤྲོད་རྒྱུའི་མོས་མཐུན་བྱེད་ཀྱི་ཡོད་ཀྱང་ཡུག་ཀེ་རེན་ལ་རོགས་དངུལ་སྤྲོད་དགོས་ན་རྒྱལ་ནང་གི་འགྲོ་གྲོན་ཁག་ཅིག་ཉུང་འཕྲི་བྱ་དགོས་ཞེས་ཆ་རྐྱེན་བཏོན་ནས་ཆོག་མཆན་མ་བཀོད་པར་བཀག གྲོས་ཚོགས་གོང་མའི་འཐུས་མི་མཱི་ཆི་མེ་ཁ་ནོལ་ནི་ཡུག་ཀེ་རེན་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ཞིག་ཡིན་པས་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོར་སྐུལ་ལྕག་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG