ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨུ་རུ་སུའི་དབྱེན་སྦྱོར་གྱིས་སིར་བྷི་ཡ་དང་ཀོ་སི་ཝོས་དམག་འཁྲུག་རྒྱག་ཉེན། 


༄༅།། ཨུ་རུ་སུའི་དམག་ལ་ཡུཀ་རེན་གྱི་ས་ཐོག་ཏུ་ཕམ་ཉེས་ཆེན་པོ་འབྱུང་གི་ཡོད་པའི་སྐབས་འདིར་ཕུ་ཊིན་གྱིས་དབུས་ཡུ་རོབ་ཀྱི་རྒྱལ་ཁབ་སར་བྷི་ཡར་རྒྱབ་སྐྱོར་བྱས་ནས་ཀོ་སོ་ཝོར་འཁྲུག་རྩོད་སློང་དུ་འཇུག་གི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༢་པའི་ཚེས་༢༨་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་གསར་འགོད་ལྷན་ཚོགས་བསྐོངས་ནས་སར་བྷི་ཡའི་གཞུང་གིས་ས་མཚམས་སུ་དམག་དཔུང་བཏང་སྟེ་ཀོ་སོ་ཝོའི་བྱང་ཕྱོགས་ཀྱི་སབ་མི་རིགས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་རེད། ཨུ་རུ་སུའི་གཞུང་གིས་སར་བྷི་ཡར་ངན་སྐུལ་བྱས་ནས་བྷོལ་ཁན་མངའ་ཁུལ་དུ་འཁྲུག་རྩོད་སློང་ཐབས་གང་ཡང་བྱེད་ཀྱི་མེད། སར་བྷི་ཡ་ནི་བདག་དབང་ལྡན་པའི་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དང་ཨུ་རུ་སུས་དབྱེན་སྦྱོར་ལ་བརྟེན་ནས་རྒྱལ་ཁབ་དེར་ཤུགས་རྐྱེན་ཐེབས་ཀྱི་འདུག་ཟེར་བ་ནི་ལོང་ཁོ་ན་གཏམ་རེད། ཀོ་སོ་ཝོའི་མངའ་ཁོངས་སུ་ཚུད་པའི་སབ་མི་རིགས་ཀྱི་ཐོབ་ཐང་ལ་རྡོག་བརྫིས་ཕོག་ན་སར་བྷི་ཡའི་གཞུང་གིས་སྲུང་སྐྱོབ་བྱ་རྒྱུ་ཆོས་ཉིད་རེད་ཅེས་ཨུ་རུ་སུར་སྐྱོན་འཛུགས་འཕོག་གི་ཡོད་པར་དགག་པ་བརྒྱབ། ཁོང་གིས་ཨུ་རུ་སུ་དང་སར་བྷི་ཡ་གཉིས་ལ་ལོ་རྒྱུས་དང་ཆོས་ལུགས་སོགས་ཀྱི་འབྲེལ་བ་དམ་ཟབ་ཡོད་པས་སབ་མི་རིགས་ཀྱི་ཐོབ་ཐང་ལ་བརྩི་འཇོག་ཐོབ་ཀྱི་ཡོད་མེད་ཐད་ལྟ་རྟོག་བྱེད་དགོས་པའི་ལས་འགན་ཡོད། ང་ཚོས་སར་བྷི་ཡར་ཅི་ཞིག་འབྱུང་གི་ཡོད་མེད་བལྟ་དགོས་ཀྱི་ཡོད་ཅེས་བསྒྲགས། ཀོ་སོ་ཝོའི་ནང་སྲིད་བློན་ཆེན་གྱིས་ཨུ་རུ་སུས་ངན་སྐུལ་བྱས་ནས་སར་བྷི་ཡའི་གཞུང་གིས་སབ་གྲངས་ཉུང་མི་རིགས་ལ་རྒྱབ་སྐྱོར་བྱས་ཏེ་ཀོ་སོ་ཝོར་ཞི་བདེ་བརྟན་ལྷིང་མེད་པར་གཏོང་གི་འདུག་ཅེས་སྐྱོན་བཙུགས། སར་བྷི་ཡའི་སྲིད་འཛིན་གྱིས་ཞི་བདེ་དང་གུ་བཤངས་ཀྱི་ཐབས་ལམ་ཞིག་འཚོལ་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན། ང་ཚོས་ཀོ་སོ་ཝོར་ཞི་བདེ་བརྟན་མེད་པར་གཏོང་གི་མེད་ཅེས་གསལ་བཀྲོལ་བྱས་ཤིང་། གཟའ་མིག་དམར་ཉིན་སར་བྷི་ཡའི་གཞུང་གིས་ས་མཚམས་སུ་དམག་བཀྲམ་ནས་ཀོ་སོ་ཝོའི་ཁ་ཆེ་དང་སབ་མི་རིགས་ཀྱི་འགལ་ཟླ་ཆེ་རུ་སོང་། སར་བྷི་ཡའི་གཞུང་གིས་ས་མཚམས་སུ་དམག་བཏང་སྟེ་འཐབ་འཁྲུག་གི་གྲ་སྒྲིག་བྱེད་ཀྱི་ཡོད་ཅེས་ཁྱབ་བསྒྲགས་བྱས་ནས་བཟུང་། ཀོ་སོ་ཝོའི་བྱང་ཕྱོགས་ཀྱི་མཱི་ཊི་རོ་ཝི་ཆ་གྲོང་ཁྱེར་དུ་གནས་འཁོད་སབ་མི་རིགས་ཀྱིས་རང་གི་མངའ་ཁུལ་དེར་འགོག་ར་གསར་པ་བསླངས་ནས་འགྲིམ་འགྲུལ་བཀག

༡༩༩༨་ནས་༩༩་བར་དུ་ཀོ་སོ་ཝོའི་རང་བཙན་དམག་འཁྲུག་ལངས་ཏེ་སར་བྷི་ཡའི་གཞུང་གིས་ཨལ་བྷེ་ཎི་ཡའི་ཁ་ཆེ་ཚོར་དྲག་གནོན་བྱས་པས་ནུབ་ཆིངས་སྒྲིག་འཛུགས་ཀྱིས་དམག་བཏང་ནས་ཀོ་སོ་ཝོར་སྲུང་སྐྱོབ་ཐོབ། དེང་སྐབས་སབ་མི་རིགས་ཁྲི་ཚོ་༥་ཡས་མས་ཤིག་ཀོ་སོ་ཝོའི་བྱང་ཕྱོགས་སུ་འཚོ་གནས་བྱེད་ཀྱི་ཡོད་ཅིང་། ཁོ་ཚོས་ཀོ་སོ་ཝོ་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་ངོས་ལེན་མི་བྱེད་པར་སྔར་བཞིན་ཀོ་སོ་ཝོ་རྒྱལ་ཁབ་ཧྲིལ་པོ་སར་བྷི་ཡའི་མངའ་ཁོངས་སུ་གཏོགས་པའི་ལྟ་བ་བཟུང་། ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ། ནུབ་ཆིངས་བཅས་ཀྱིས་རྒྱབ་སྐྱོར་བྱས་ནས་༢༠༠༨་ལོར་ཀོ་སོ་ཝོར་རང་བཙན་ཐོབ། འཛམ་གླིང་རྒྱལ་ཁབ་༡༠༠་ལྷག་གིས་ཀོ་སོ་ཝོའི་རང་བཙན་ལ་ངོས་ལེན་བྱེད་ཀྱི་ཡོད་ཀྱང་ཨུ་རུ་སུའི་གཞུང་གིས་སར་བྷི་ཡར་རྒྱབ་སྐྱོར་བྱས་ནས་ཀོ་སོ་ཝོའི་རང་བཙན་ལ་ངོས་ལེན་བྱེད་ཀྱི་མེད་པ་དང་ཀོ་སོ་ཝོ་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུགས་རྒྱུ་དེར་འགོག་རྐྱེན་བཟོས། འདས་པའི་ལོ་༢༠་ལྷག་གི་རིང་ཀོ་སོའི་བདག་དབང་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཨུ་རུ་སུ་འགལ་ཟླ་ཆེན་པོ་ཞིག་ཏུ་གྱུར། ད་ལོའི་ཕྱི་ཟླ་༡༢་པའི་ཚེས་༡༠་ནས་ཀོ་སོ་ཝོའི་བྱང་ཕྱོགས་ཀྱི་སབ་མི་རིགས་ཀྱི་གཡས་ཤོག་པ་ཚོས་གཞུང་གི་ཉེན་རྟོག་པར་མེ་མདའ་བརྒྱབ་ནས་མཱི་ཊི་རོ་ཝི་ཆ་གྲོང་ཁྱེར་གྱི་རྒྱ་ལམ་ཐོག་ཏུ་འགོག་ར་༡༠་ལྷག་བརྩིགས། སབ་མི་རིགས་ཀྱི་ཉེན་རྟོག་པ་ཟུར་པ་ཞིག་གིས་ཉེན་རྟོག་པ་ལས་ཐོག་ཅིག་ལ་རྡུང་རྡེག་བཏང་བ་དང་སབ་མི་རིགས་ཀྱི་ཉེན་རྟོག་པ་ཟུར་པ་དེ་འཛིན་བཟུང་བྱས་པའི་རྗེས་སུ་ཟིང་ཆ་ལངས།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཀོ་སོ་ཝོའི་གཞུང་གིས་ནུབ་ཆིངས་ལ་ཞི་བདེ་སྲུང་དམག་གཏོང་དགོས་པའི་འབོད་སྐུལ་ཞུས་ཀྱང་རྒྱལ་ཁབ་དེའི་ས་ཐོག་ཏུ་བཀྲམ་ཡོད་པའི་ཞི་བདེ་སྲུང་དམག་གིས་སར་བྷི་ཡའི་ས་མཚམས་བརྒལ་ནས་ལས་འགན་སྒྲུབ་ཆོག་གི་མེད་པ་མ་ཟད། ཀོ་སོ་ཝོའི་ཕྱི་སྲིད་བློན་ཆེན་གྱིས་མདང་དགོང་མཚན་དཀྱིལ་ནས་མེར་ཌ་རེ་ས་མཚམས་སྒོ་བརྒྱབ་པ་ཡིན། གལ་སྲིད་ཀོ་སོ་ཝོའི་སྤྱི་དམངས་རྣམས་སར་བྷི་ཡའི་ས་ཐོག་ཏུ་བསླེབས་ཟིན་ཡོད་ཚེ། མེ་སེ་ཌོ་ཎི་ཡ་བརྒྱུད་དེ་བྱང་ཕྱོགས་ནས་རང་ཡུལ་དུ་ཕྱིར་ལོག་བྱ་དགོས་ཞེས་ངོ་དེབ་ནང་དུ་འཕྲིན་ཐུང་ཞིག་སྤེལ། མེར་ཌ་རེ་ས་མཚམས་ནི་ཀོ་སོ་ཝོའི་རྒྱ་ལམ་གལ་འགངས་ཆེན་པོ་ཞིག་དང་ཡུ་རོབ་རྒྱལ་ཁབ་ཏུ་གནས་འཁོད་ཀོ་སོ་ཝོའི་མི་མང་རྣམས་རང་ཡུལ་དུ་གུང་སེང་སོགས་ལ་ཕྱིར་ལོག་བྱ་ཡུལ་གྱི་འཛུལ་སྒོ་གཙོ་བོ་དེ་ཡིན་ཞིང་། ཕྱི་ཟླ་༡༢་པའི་ཚེས་༡༠་ནས་སར་བྷི་ཡར་བསྐྱོད་པའི་ས་མཚམས་ཀྱི་རྒྱ་ལམ་གཉིས་བཀག ད་ལྟ་སར་བྷི་ཡ་དང་ཀོ་སོ་ཝོ་གཉིས་ལ་ཕར་ཚུར་འགྲོ་སྐྱོད་བྱ་སའི་རྒྱ་ལམ་གསུམ་ལས་སྒོ་ཕྱེ་མེད་པའི་གནས་ཚུལ་ཐོན། གཟའ་མིག་དམར་གྱི་ཞོགས་པར་ཀོ་སོ་ཝོའི་རྒྱལ་ས་ཕུ་རི་སི་ཊི་ན་གྲོང་ཁྱེར་གྱི་གནམ་ཐང་དུ་འབར་མདེལ་སྦས་ཡོད་པའི་གནས་ཚུལ་ཐོན་ཏེ་གནམ་ཐང་སྒོ་བརྒྱབ་མོད། འོན་ཀྱང་ཀོ་སོ་ཝོའི་ཉེན་རྟོག་པ་ཚོས་གནམ་ཐང་དུ་འབར་མདེལ་སྦས་ཡོད་ཅེས་འཇིགས་སྐུལ་བྱུང་བ་དང་རྒྱལ་ཁབ་དེའི་བྱང་ཕྱོགས་སུ་འཁྲུག་རྩོད་ལངས་ཡོད་པ་གཉིས་འབྲེལ་བ་ཡོད་མེད་རྩད་གཅོད་མ་ཐུབ། གཟའ་ལྷག་པའི་ཉིན་སར་བྷི་ཡའི་རྒྱལ་སྲུང་བློན་ཆེན་གྱིས་ཀོ་སོ་ཝོའི་བྱང་ཕྱོགས་སུ་ཟིང་ཆ་འབྱུང་གི་ཡོད་པ་ཞོད་འཇགས་ཡོང་ཐབས་སུ་ཨ་མི་རི་ཀ་དང་ཨི་ཊ་ལི། ཧྥ་རན་སི་དང་འཇར་མན་ཎི། དབྱིན་ཇི་བཅས་ལྔ་འབྲེལ་རྒྱལ་ཁབ་ཟེར་བའི་ཚོགས་ཁག་དེར་གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་བྱ་ཐབས་བྱེད་ཀྱི་ཡོད་ཅེས་གསལ་བསྒྲགས་སྤེལ།།
དུས་རབས་སྔོན་མའི་ལོ་རབས་༩༠་པ་ཧྲིལ་པོར་ཀོ་སོ་ཝོ་ཞིང་ཆེན་གྱི་ཨལ་བྷེ་ཎི་ཡའི་ཁ་ཆེ་གྲངས་ཉུང་མི་རིགས་ཀྱིས་སར་བྷི་ཡའི་དབང་བསྒྱུར་འོག་ནས་རང་བཙན་བྱ་རྒྱུའི་དམག་འཁྲུག་བརྒྱབ་སྟེ་མི་གསོད་ཁྲག་སྦྱོར་ཆེན་པོ་བྱུང་། ཀོ་སོ་ཝོའི་མི་མང་འབུམ་༦་ལྷག་ཡུ་རོབ་རྒྱལ་ཁབ་ཁག་ལ་བཙན་བྱོལ་དུ་བྲོས། དེར་བརྟེན་༡༩༩༩་ལོའི་ཕྱི་ཟླ་༣་པའི་ནང་དུ་ཨ་རིའི་སྲིད་འཛིན་ཁེ་ལིན་ཊོན་གྱིས་བཀའ་ལྟར་ནུབ་ཆིངས་སྒྲིག་འཛུགས་ཀྱི་གནམ་དམག་གིས་སར་བྷི་ཡར་གཏོར་རྒོལ་བྱས་ནས་ཉི་མ་༧༨་ཀྱི་རིང་དུ་ཀོ་སོ་ཝོའི་མི་དམངས་ལ་སྲུང་སྐྱོབ་བྱས་ཏེ་དམག་འཁྲུག་མཚམས་ཆད། མཐར་ཀོ་སོ་ཝོ་དང་སར་བྷི་ཡ་གཉིས་ཀྱིས་ཞི་བའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཀྱང་ཞི་བདེ་ངོ་མ་ཞིག་བསྐྲུན་མ་ཐུབ། ཡིན་ནའང་༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཕུ་ཊིན་གྱིས་དམག་བཏང་ནས་ཡུཀ་རེན་ལ་བཙན་འཛུལ་མ་བྱས་བར་དུ་ཡུ་རོབ་གླིང་ལ་དམག་འཁྲུག་མ་ལངས། ཁ་སྔོན་གཟའ་ཉི་མའི་ཉིན་ནུབ་ཆིངས་ཀྱི་ཞི་བདེ་སྲུང་དམག་སྐོར་གཡེང་རུ་ཁག་ཅིག་གི་འཁྲིས་སུ་མེ་མདའ་འཕངས། སར་བྷི་ཡའི་སྲིད་འཛིན་གྱིས་ཀོ་སོ་ཝོའི་ས་མཚམས་སུ་དམག་བཏང་སྟེ་གང་ཅིའི་གནས་སྟངས་སྡུག་ཏུ་སོང་། ཉམས་ཞིབ་པ་ཁག་ཅིག་གིས་ཨུ་རུ་སུར་དམག་འཁྲུག་གི་ཕམ་ཉེས་འབྱུང་གི་ཡོད་པ་དང་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་ཕུ་ཊིན་གྱིས་ཀོ་སོ་ཝོར་ཟིང་འཁྲུག་བསླངས་ཏེ་དམག་འཁྲུག་གི་ཁ་ཕྱོགས་སྒྱུར་ཐབས་བྱེད་ཀྱི་འདུག་ཅེས་བཀྲལ། ཡུ་རོབ་མཉམ་འབྲེལ་དམག་འཁྲུག་ལ་ཡི་ཐང་ཆད་ཡོད་པས་ཀོ་སི་ཝོའི་གཞུང་དམག་དང་རྒྱལ་ཁབ་དེའི་སབ་གྲངས་ཉུང་མི་རིགས་གཉིས་ཀས་འཁྲུག་རྩོད་ལ་ཚོད་འཛིན་དང་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་གཙིགས་སུ་འཛིན་དགོས་ཞེས་ནན་གྱིས་བསྐུལ། ཀོ་སོ་ཝོའི་གཞུང་གིས་སབ་གྲངས་ཉུང་མི་རིགས་ལ་དྲག་གནོན་བྱེད་ཀྱི་འདུག་ཅེས་སྐྱོན་འཛུགས་འཕོག་གི་ཡོད་པར་ངོས་ལེན་ནམ། ཡང་ན་ཀོ་སོ་ཝོའི་སབ་གྲངས་ཉུངམི་རིགས་ལ་དྲག་གནོན་བྱེད་ཀྱི་མེད་ཅེས་དག་སྐྱེལ་སོགས་གང་ཡང་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན།།

ཕྱི་ཟླ་༡༢་པའི་ཚེས་༢༠་ཉིན་དབྱིན་ཇིའི་གྷར་ཌི་ཡན་གསར་ཤོག་ལ་གནས་ཚུལ་ཐོན་པ་ལྟར་ན། ཀོ་སོ་ཝོའི་སྲིད་བློན་ཀུར་ཏིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཀོ་སི་ཝོ་དང་སར་བྷི་ཡ་གཉིས་ལ་འགལ་ཟླ་བསླངས་ནས་འཁྲུག་རྩོད་སློང་གི་འདུག སབ་མི་རིགས་གྲངས་མང་ཡིན་པའི་ས་ཁུལ་དེར་ཀོ་སོ་ཝོའི་གཞུང་འབྲེལ་མི་སྣ་ཁག་ཀྱང་བསྐྱོད་དཀའ་བ་ཞིག་ཏུ་གྱུར། སབ་མི་རིགས་ཀྱི་གཡས་ཤོག་པའི་ཡུལ་དམག་རྣམས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་སྒེར་དམག་ཝེ་གྷ་ནར་ཚོགས་པར་འབྲེལ་བ་འདུག ༢༠༢༡་ལོར་ཨུ་རུ་སུ་དང་སར་བྷི་ཡས་མཉམ་འབྲེལ་དམག་སྦྱོང་བྱས་པ་རེད། ཕུ་ཊིན་གྱིས་སླར་ཡང་བྷོལ་ཁན་མངའ་ཁུལ་དུ་དམག་འཁྲུག་སློང་རྒྱུའི་ཉེན་ཁ་ཆེ། ནུབ་ཆིངས་སྒྲིག་འཛུགས་ཀྱི་ཞི་བདེ་སྲུང་དམག་གིས་སབ་མི་རིགས་ཀྱིས་རྒྱ་ལམ་ཐོག་ཏུ་བསླངས་པའི་འགོག་ར་རྣམས་བཤིག་དགོས་ཟེར་གྱི་ཡོད་པར་ང་ཚོས་མོས་མཐུན་བྱེད་ཀྱི་ཡོད། སབ་རིགས་ཀྱི་དྲག་ཐལ་བ་ཚོས་དྲག་རྒོལ་བྱས་ནས་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་འབྱུང་མི་སྲིད་པ་མིན། རྒྱུ་མཚན་དེའི་ཕྱིར་ན་ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་སྒོི་ནས་འཁྲུག་རྩོད་མི་འབྱུང་བ་དང་ལྷིང་འཇགས་ཡོང་ཐུབ་པ། ཀོ་སོ་ཝོར་བརྟན་ལྷིང་མེད་པར་མི་འགྱུར་བའི་འབད་བརྩོན་བྱེད་ཀྱི་ཡོད། ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གཉིས་ཀྱང་སབ་མི་རིགས་ཀྱིས་རྒྱ་ལམ་ཐོག་ཏུ་བསླངས་པའི་འགོག་ར་རྣམས་བཤིག་དགོས་པ་དེར་འཐད་ཀྱི་འདུག ཡིན་ནའང་སར་བྷི་ཡའི་གཞུང་དེ་ལ་མོས་མཐུན་ཡོད་མེད་དང་ཛ་དྲག་ཆེ་རུ་གཏོང་རྒྱུ་ཡིན་མིན་ཤེས་རྟོགས་ཐུབ་དཀའ། ང་ཚོའི་སེམས་ཁྲལ་ཆེ་ཤོས་ནི་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུར་ཕམ་ཉེས་བྱུང་། ཕུ་ཊིན་ལ་ཇུས་ཉེས་འབྱུང་གི་ཡོད་པས་ཨུ་རུ་སུས་བྷོལ་ཁན་མངའ་ཁུལ་དུ་དམག་འཁྲུག་གསར་པ་ཞིག་སློང་རྒྱུའི་ཉེན་ཁ་དེ་རེད་ཅེས་གསར་འགོད་པ་ཚོར་གླེང་མོལ་བྱས་འདུག

XS
SM
MD
LG