ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁི་སན་ཇཱར་གྱིས་རྒྱ་ནག་གིས་འཕྲལ་དུ་ཐེ་ཝན་ལ་དམག་རྒྱག་གི་མ་རེད་ཟེར།


༄༅།། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་ཨ་རྒྱའི་འབྲེལ་བ་འཛུགས་མཁན་ཧན་རཱི་ཁི་སན་ཇཱར་གྱིས་རྒྱ་ནག་གིས་འཕྲལ་དུ་ཐེ་ཝན་ལ་དམག་རྒྱག་ཐུབ་ས་མ་རེད། ཉེ་ཆར་སྲིད་འཛིན་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་དྲྭ་ལམ་དུ་ཐུག་འཕྲད་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐབས་བྱས་པར་བསྔགས་བརྗོད་ཡོད་ཅེས་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་གླེང་མོལ་བྱས་པའི་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ཟླ་༡༡་པའི་ཚེས་༢༢་ཉིན་ཧིལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ཉི་མར་ཧན་རཱི་ཁི་སན་ཇཱར་གྱིས་རྒྱ་ནག་གིས་མུ་མཐུད་དུ་ཐེ་ཝན་ལ་དམག་རྒྱག་རྒྱུའི་སྡིགས་ར་སྐུལ་གྱི་ཡོད་ཀྱང་མཚོ་འགག་ཕྱོགས་གཉིས་བར་དུ་དམག་འཁྲུག་ལང་རྒྱུའི་རྟགས་མཚན་མི་འདུག ངས་བལྟས་ན་ད་དུང་ཉུང་མཐར་ཡང་ལོ་བཅུ་ཕྲག་གཅིག་ལ་རྒྱ་ནག་གིས་ཐེ་ཝན་ལ་དམག་རྒྱག་ཐུབ་ས་མ་རེད། རྒྱ་ནག་དང་ཐེ་ཝན་གཉིས་གཅིག་གྱུར་བྱ་རྒྱུ་དང་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་འོག་ཏུ་བསྡུ་དགོས་ཟེར་བ་ནི་རྒྱ་ནག་གི་སྲིད་ཇུས་རེད། ཉི་ཧོང་གིས་དམག་བརྒྱབ་ནས་ཐེ་ཝན་བཙན་འཕྲོག་བྱས་ནས་བཟུང་སྟེ་མཚོ་གླིང་དེ་རྒྱ་ནག་གི་མངའ་ཁོངས་སུ་རྩི་བཞིན་པ་ནི་རྒྱ་ནག་གི་སྲིད་གཞུང་ཚང་མ་གཅིག་མཚུངས་རེད། ལོ་རབས་༧༠་པའི་ནང་དུ་ང་དང་སྲིད་འཛིན་ནིཀ་སན་གཉིས་ཀྱིས་རྒྱ་ནག་ལ་ཐོག་མར་འབྲེལ་བ་བཙུགས་པའི་སྐབས་ནས་གནད་དོན་དེར་གདོང་ལེན་བྱ་དགོས་བྱུང་ཡོད། བདུན་ཕྲག་སྔོན་མའི་སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གི་དྲྭ་ལམ་ཐུག་འཕྲད་ལ་བལྟས་ཚེ། སྲིད་འཛིན་ནིཀ་སན་གྱིས་རྒྱ་ནག་ལ་འབྲེལ་བ་བཙུགས་པའི་སྐབས་དེར་ཨ་མི་རི་ཀས་ཐེ་ཝན་གྱི་གནད་དོན་ལ་གདོང་ལེན་བྱ་དགོས་བྱུང་བའི་གནས་སྟངས་དང་ཁྱད་པར་གང་ཡང་མི་འདུག་ཅེས་གསར་འགོད་པའི་བཅར་འདྲིར་ལན་བཏབ།།

ལོ་ན་༩༨་ལ་སོན་པའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཁི་སན་ཇཱར་གྱིས་དེང་སྐབས་མི་ཚང་མས་རྒྱ་ནག་ལ་མཁྲེགས་པོ་བྱ་དགོས་ཞེས་གླེང་སློང་བྱེད་ཀྱི་ཡོད་པའི་དུས་སྐབས་ཤིག་རེད། སྲིད་འཛིན་བྷ་ཌན་ལ་རྒྱལ་ནང་གི་དཀའ་ངལ་མང་དག་ཅིག་ཡོད་པའི་སྐབས་དེར་ཞིས་ཅིན་ཕིང་ལ་དྲྭ་ལམ་དུ་ཐུག་འཕྲད་གྲོས་མོལ་བྱས་ཡོད་པས་བྷ་ཌན་ལ་འགུལ་སྐྱོད་རྒྱག་ས་ཆེན་པོ་ཞིག་མི་འདུག ཡིན་ནའང་སྲིད་འཛིན་བྷ་ཌན་གྱིས་ཨ་རྒྱའི་འབྲེལ་བ་ཁ་ཕྱོགས་བཟང་པོ་ཞིག་ལ་སྒྱུར་ཐབས་བྱེད་ཀྱི་ཡོད་པ་དང་བྷ་ཌན་གྱིས་སྐད་ཆ་བཤད་སྟངས་ཀྱང་མ་འདྲ་བ་ཞིག་རེད། དེ་ནི་རྒྱ་ནག་ལ་མགོ་སྒུར་པ་ཞིག་མིན་པར་ཨ་རྒྱ་གཉིས་ཀྱིས་གྲོས་མོལ་བྱས་ནས་ཐུན་མོང་གི་ལས་དོན་མཉམ་སྒྲུབ་བྱེད་ཐུབ་ས་ཅི་ཞིག་ཡོད་པ་འཚོལ་ཐབས་ཤིག་རེད། ང་ཐོག་མར་རྒྱ་ནག་ལ་ཕྱིན་པའི་སྐབས་དེར་རྒྱ་ནག་ནི་དབུལ་ཕོངས་དང་ནུས་མེད། ཧ་ཅང་གི་དྲག་རྩུབ་ཅན་ཞིག་རེད། ད་ལྟ་རྒྱ་ནག་འབྱོར་ཕྱུག་ལྡན་པ་དང་སྔར་བཞིན་དྲག་རྩུབ་རེད། དེ་དུས་ཀྱི་ཨ་རྒྱའི་འབྲེལ་བ་དང་ད་ལྟའི་ཨ་རྒྱའི་འབྲེལ་བ་གཉིས་ཀ་མི་གསོད་ཁྲག་སྦྱོར་མེད་པར་ཕྱོགས་གཉིས་ཀྱིས་འགྲན་སྡུར་བྱེད་ཐུབ་པའི་ཁོར་ཡུག་ཅིག་འཚོལ་རྒྱུའི་དམིགས་ཡུལ་ཡིན་མོད། འོན་ཀྱང་དེ་ནི་ཕྱོགས་གཉིས་ཀྱི་འགོ་ཁྲིད་ཚོས་གདོང་ལེན་བྱེད་དགོས་པ་དང་བསྒྲུབ་དཀའ་བ་ཞིག་རེད། འཐབ་འཁྲུག་གང་འདྲ་ཞིག་ཡིན་རུང་དེ་ཇི་ལྟར་མགོ་བརྩམ་དགོས་པ་དེ་མིན་པར་འཐབ་འཁྲུག་དེ་ཇི་ལྟར་མཇུག་བསྡུ་རྒྱུ་ཡིན་པ་ཤེས་དགོས་ཞེས་བསྟན། ༡༩༧༢་ལོར་སྲིད་འཛིན་ནིཀ་སན་པེ་ཅིང་ལ་འཚམས་འདྲིར་ཕེབས་ནས་མའོ་ཙེ་ཏུང་ལ་ཐུག་འཕྲད་གྲོས་མོལ་གྱིས་རྒྱ་ནག་ལ་འབྲེལ་བ་བཙུགས། ༡༩༧༡་ལོའི་ཕྱི་ཟླ་༧་པའི་ཚེས་༩་ཉིན་སྐབས་དེའི་ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ཁི་སན་ཇཱར་རྒྱ་ནག་ལ་ལྐོག་ཏུ་འཚམས་འདྲིར་ཕེབས་ནས་ཀྲུག་ཨེན་ལེར་ཐུག་སྟེ་ང་ཚོ་ལྷག་བསམ་རྣམ་དག་དང་བསམ་བློ་གུ་ཡངས་ཐོག་ཏུ་རྒྱ་ནག་ལ་འཚམས་འདྲིར་ཡོང་བ་ཡིན་ཞེས་བཤད། འདས་པའི་ལོ་མང་རིང་ཧན་རཱི་ཁི་སན་ཇཱར་ནི་རྒྱལ་སྤྱིའི་ཐོག་ཏུ་ཨ་རྒྱའི་འབྲེལ་བ་འཛུགས་པ་པོ་དང་ཨ་རྒྱའི་འབྲེལ་བའི་ལམ་སྟོན་པ། རྒྱ་ནག་གི་གྲོགས་པོ་རྙིང་པ་ཞིག་ལ་ཆ་འཇོག་དང་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།

༡༩༧༢་ལོར་ཨ་མི་རི་ཀས་རྒྱ་ནག་ལ་འབྲེལ་བ་བཙུགས་ཀྱང་༡༩༧༩་བར་དུ་ཨ་མི་རི་ཀས་ཐེ་ཝན་ལ་ཕྱི་འབྲེལ་བཅད་མེད་ཅིང་། ༡༩༧༩་ལོར་ཨ་མི་རི་ཀས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་འབྲེལ་བ་བཙུགས། དེ་ནས་བཟུང་སྟེ་ཨ་མི་རི་ཀས་ཐེ་ཝན་ལ་གཞུང་འབྲེལ་མ་ཡིན་པའི་འབྲེལ་བ་བཙུགས་ཏེ་མཚོ་གླིང་དེར་རང་སྲུང་མཚོན་ཆ་བཙོང་རྒྱུའི་ཁྲིམས་ཡིག་གཏན་ལ་ཕབ། ཉེ་བའི་ལོ་ཤས་ཤས་ཤིག་ནས་ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་འབྲེལ་བ་འཛིན་རྒྱུ་ཤུགས་ཆེ་རུ་སོང་། ལྷག་པར་དུ་ཨ་མི་རི་ཀ་དང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཐེ་ཝན་ལ་འཚམས་འདྲིར་ཕེབས་ནས་མཚོ་གླིང་དེའི་དམངས་གཙོའི་ལམ་སྲོལ་ལ་བསྔགས་བརྗོད་དང་རྒྱ་ནག་གི་བཙན་དྲག་ལ་ངོ་རྒོལ་བྱེད་འགོ་ཚུགས། གཟའ་པ་སངས་ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ཧྥ་རེ་ཌི་ལིམ་ལ་བཅར་འདྲི་ཞུས་ནས་གནས་ཚུལ་སྤེལ་བ་ལྟར་ན། སྔོན་ཆད་རྒྱལ་ཁབ་མང་དག་ཅིག་གིས་ཐེ་ཝན་ལ་ལྐོག་ཏུ་གྲོས་མོལ་བྱེད་ཀྱི་ཡོད་ཀྱང་ཉེ་དུས་ཤིག་ནས་རྒྱལ་ཁབ་མང་དག་ཅིག་གིས་འཛེམ་ཟོན་མེད་པར་ཐེ་ཝན་ལ་གྲོས་མོལ་བྱེད་ཀྱི་འདུག འདི་ནི་རྒྱ་ནག་གིས་ཐེ་ཝན་ལ་དམག་གིས་དྲག་གནོན་བྱ་རྒྱུའི་སྡིགས་ར་སྐུལ་གྱི་ཡོད་པའི་སྟབས་ཀྱི་རེད་ཅེས་བཤད། ཐེ་ཝན་གྱི་སྲིད་དོན་ཉམས་ཞིབ་པ་ཤཱང་སུ་ཞེས་པ་ཞིག་གིས་དམངས་གཙོའི་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་བཏང་ན་ཐེ་ཝན་གྱིས་རྒྱ་ནག་ལ་གྲོས་མོལ་བྱེད་པའི་སྐབས་སུ་སྟོབས་ཤུགས་ཆེ་རུ་འགྲོ་རྒྱུ་དེར་ཕན་ཐོགས་འདུག་ཅེས་བཀྲལ། ཉམས་ཞིབ་པ་མང་ཆེ་བས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་འབྲེལ་བ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པ་ནི་རྒྱ་ནག་ལ་ཉེན་བརྡ་གཏོང་ཐབས་ཤིག་རེད། རྒྱལ་ཁབ་ཁག་ཅིག་གིས་ཧོང་ཀོང་དང་ཞིན་ཅང་གི་གནད་དོན་ཐོག་ཏུ་རྒྱ་ནག་ལ་ངོ་རྒོལ་བྱེད་པར་སྟོབས་ཤུགས་གཅིག་ཏུ་སྒྲིལ་གྱི་འདུག་ཅེས་གླེང་།།

ཁ་སང་གཟའ་ཉི་མའི་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་ཉེ་འཁོར་དུ་ཆགས་པའི་ཡུ་རོབ་རྒྱལ་ཁབ་ལི་ཐུ་ཝྭེ་ཎི་ཡས་རང་གི་རྒྱལ་སར་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་ཞེས་ལས་ཁུངས་ཤིག་སྒོ་འབྱེད་དུ་བཅག་པར་རྒྱ་ནག་གིས་ངོ་རྒོལ་བྱས་ནས་ལི་ཐུ་ཝྭེ་ཎི་ཡར་གཞུང་ཚབ་པ་འཛུགས་རེས་ཀྱི་ཕྱི་འབྲེལ་གནས་རིམ་དམའ་རུ་བཏང་ཞིང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ལུ་ཐུ་ཝྭེ་ཎི་ཡས་རྒྱ་ནག་གི་ལངས་ཕྱོགས་དང་རྒྱལ་སྤྱིའི་ཕྱི་འབྲེལ་གྱི་སྒྲིག་སྲོལ་ཁག་ལ་སྣང་མེད་བཏང་ནས་ཐེ་ཝན་ལ་ལས་ཁུངས་ཤིག་སྒོ་འབྱེད་བྱེད་དུ་བཅུག་པར་ངོ་རྒོལ་ཡོད། ང་ཚོས་ལི་ཐུ་ཝྭེ་ཎི་ཡའི་གཞུང་གིས་འཕྲལ་དུ་རང་གི་ནོར་འཁྲུལ་ལ་ཡོ་བསྲང་དང་རྒྱ་ནག་མི་དམངས་ཀྱིས་མངའ་ཁོངས་གོང་བུ་གཅིག་གྱུར་དང་བདག་དབང་ལ་སྲུང་སྐྱོབ་བྱ་རྒྱུའི་ཆོད་སེམས་བཙུགས་ཡོད་པར་སྣང་ཆུང་མི་བྱེད་པའི་རེ་བ་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། རྒྱ་ནག་གི་འགོ་ཁྲིད་ཚོས་ཐེ་ཝན་ལ་ཕྱི་འབྲེལ་འཛུགས་ཆོག་པའི་ཐོབ་ཐང་མེད། རྒྱལ་ཁབ་གཞན་གྱིས་ཐེ་ཝན་ལ་འབྲེལ་བ་འཛུགས་མི་ཆོག་ཅེས་མཚོ་གླིང་དེར་འབྲེལ་བ་འཛུགས་པའི་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲོད་པའམ། ཡང་ན་རྒྱ་ནག་གིས་རྒྱལ་ཁབ་དེ་ཚོར་ཕྱི་འབྲེལ་གྱི་གནས་རིམ་དམའ་རུ་གཏོང་བ་དང་གཞུང་ཚབ་པ་ཕྱིར་འཐེན། འཛམ་གླིང་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་གཞུང་འབྲེལ་མ་ཡིན་པའི་འབྲེལ་བའང་འཛུགས་མི་ཆོག་ཅེས་བཙན་བཀའ་གཏོང་གི་ཡོད་ཅིང་། ལི་ཐུ་ཝྭེ་ཎི་ཡས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་ཡོད་པས་རྒྱལ་ཁབ་དེའི་ས་ཐོག་ཏུ་ཕྱི་ཟླ་༡༡་པའི་ཚེས་༡༨་ཉིན་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་ཞེས་ལས་ཁུངས་ཤིག་སྒོ་འབྱེད་དུ་བཅུག་པར་རྒྱ་ནག་གིས་ངོ་རྒོལ་དྲག་པོ་བྱས་པར་མ་ཟད། ཁ་སྔོན་ཕྱི་ཟླ་༨་ནས་ལི་ཐུ་ཝྭེ་ཎི་ཡར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཕྱིར་འཐེན་དང་པེ་ཅིང་དུ་བཅའ་སྡོད་ལི་ཐུ་ཝྭེ་ཎི་ཡའི་གཞུང་ཚབ་པ་ཕྱིར་འབུད་བྱས་འདུག

ཞིས་ཅིན་ཕིང་གིས་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་ངར་སྐད་བསྒྲགས། རྒྱ་ནག་གི་དམག་འཐབ་གནམ་གྲུ་རྣམས་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་བྱེད་ཀྱི་ཡོད་པའི་སྟབས་ཀྱིས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཅེ་རུ་སོང་། དཔེར་ན་ཕྱི་ཟླ་༡༡་པའི་ཚེས་༢༡་ཉིན་ཧོང་ཀོང་གི་ལྷོ་རྒྱ་ནག་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉི་ཧོང་དང་ཨ་མི་རི་ཀས་རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱུང་ན་ཨ་རི་དང་ཉི་ཧོང་གིས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུའི་ལྐོག་གྲོས་བྱས་འདུག ཉི་ཧོང་དང་ཨ་མི་རི་ཀས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་ན་དགེ་མཚན་མེད་ཅེས་ཉེན་བརྡའི་རྣམ་འགྱུར་བསྟན་ཞིང་། ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ནི་ཉི་ཧོང་གི་བདེ་འཇགས་སྲུང་སྐྱོབ་ལ་འབྲེལ་བ་ཡོད་པ་སྟེ། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཉི་ཧོང་ལ་གཏོར་རྒོལ་བྱ་རྒྱུ་ཉག་ཅིག་ཡིན་པས་ལོ་འདིའི་ཕྱི་ཟླ་༤་པའི་ཚེས་༩་ཉིན་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་ཉི་ཧོང་གི་སྲིད་བློན་སུ་གྷ་གཉིས་ཕོ་བྲང་དཀར་པོར་མཇལ་འཕྲད་ཐེངས་དང་པོ་བྱུང་བའི་སྐབས་སུ་ཐེ་ཝན་མཚོ་འགག་ལ་ཞི་བདེ་བརྟན་ལྷིང་བསྐྲུན་དགོས་ཞེས་ཐུན་མོང་གི་སྤྱི་བསྒྲགས་སུ་བཀོད། ཉི་ཧོང་གི་གསར་འགྱུར་ལས་ཁང་ཁག་གིས་མི་དམངས་ཀྱི་བསམ་ཚུལ་བསྡུས་པའི་གྲུབ་འབྲས་ལྟར་ན། ཉི་ཧོང་བ་བརྒྱ་ཆ་༧༤་ལྷག་གིས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱ་དགོས་པའི་ལངས་ཕྱོགས་བཟུང་། ཉི་ཧོང་མི་དམངས་ཀྱི་གྲས་སུ་རྒྱ་ནག་ལ་འཐབ་རྒོལ་དང་ཐེ་ཝན་ལ་རྒྱབ་སྐྱོར་བྱ་དགོས་པའི་བསམ་བློ་ཤུགས་ཆེ་རུ་སོང་། རྒྱ་ནག་གིས་ཐེ་ཝན་ནས་ཐང་འབྲས་ནང་འདྲེན་བྱ་རྒྱུ་མཚམས་འཇོག་བྱས་ཏེ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད་ཀྱང་ཉི་ཧོང་གིས་ཐེ་ཝན་གྱི་ཐང་འབྲས་ནང་འདྲེན་བྱས་ཤིང་། རྒྱ་ནག་གིས་བཀག་སྡོམ་འོག་ཐེ་ཝན་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་མེད་པའི་སྐབས་སུའང་ཉི་ཧོང་གཞུང་གིས་འཕྲལ་དུ་ཐེ་ཝན་ལ་སྨན་ཁབ་རོགས་རམ་ཐེངས་འགའ་ཞིག་སྤྲད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག

XS
SM
MD
LG