ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༢༠

ཡུ་ཀེ་རན་དམག་འཐབ་སེམས་བཅང་ཐོག་པུ་ཀྲིན་དང་ཀིམ་གཉིས་ཐུག་འཕྲད་བྱས།


བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་དང་ཨུ་རུ་སུའི་སྲིད་འཛིན་ཝི་ལ་ཌི་མིན་ པུ་ཊིན་གཉིས་རེས་གཟའ་ལྷག་པའི་ཉིན་ཨུ་རུ་སའི་ཤར་ཕྱོགས་སུ་ཡོད་པའི་མཁའ་དབྱིངས་ལས་གཞི་རུ་ཐུག་འཕྲད་བྱས་ནས་དམག་དོན་དང་དེ་མིན་མཉམ་ལས་བྱེད་ཕྱོགས་ལ་གྲོས་སྡུར་བྱས་ཡོད་པ་རེད།

གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་ཀིམ་ཇོང་ཨུན་གྱིས་ཨུ་རུ་སུས་ཡུ་ཀེ་རན་ལ་དམག་འཐབ་བྱེད་ཀྱི་ཡོད་པ་དེར་བྱང་ཀོ་རི་ཡས་ཡོངས་སུ་རྒྱབ་སྐྱོར་ཡོད་ཅེས་བཤད། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཀིམ་དང་པུ་ཊིན་གཉིས་ཐུག་འཕྲད་བྱས་པ་དེའི་ནང་བྱང་ཀོ་རི་ཡས་ཨུ་རུ་སུ་ལ་ཡུ་ཀེ་རན་གྱི་དམག་འཐབ་ལ་ཤིན་ཏུ་དགོས་མཁོ་ཆེ་བའི་གོ་ལག་མཁོ་གཏོང་བྱ་རྒྱུར་མཛུབ་འདོན་བྱེད་ཀྱི་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

ནིའུ་ཡོག་ཀྲའིམྶ་གསར་ཤོག་གིས་བརྗོད་དོན་ལ་ ཀིམ་དང་པུ་ཀྲིན་གཉིས་ཐུག་འཕྲད་སྐབས་ཀིམ་ཇོག་ཨུན་གྱིས་ཨུ་རུ་སུས་ཡུ་ཀེ་རན་ལ་དམག་ལ་རྒྱལ་ཁབ་ཐོབ་རྒྱུ་ཁོ་ན་མིན་པར་ནུབ་ཕྱོགས་མཉམ་འབྲེལ་ལ་ཕམ་ཉེས་གཏོང་ཐུབ་རྒྱུར་ཡིད་ཆེས་ཡོད་ཅེས་བཤད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག

པུ་ཊིན་དང་ཀིམ་ཇོག་ཨུན་གཉིས་རེས་གཟའ་ལྷག་པའི་ཉིན་ཐུག་འཕྲད་བྱས་པ་དེ་ནི་ཕྱོགས་གཉིས་ཀར་དགོས་མཁོའི་གནད་དོན་མང་པོ་ཡོད་པའི་དུས་ཚོད་གཅིག་ལ་བྱུང་བ་དང་། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ལ་ཡུ་ཀེ་རན་ལ་དམག་འཐབ་ཆེད་གོ་ལག་གི་དགོས་མཁོ་ཡོད་ཅིང་། བྱང་ཀོ་རི་ཡར་གོ་ལག་གི་མཐུན་རྐྱེན་དེ་ཡོད་པ་རེད། ཡང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་ལ་རང་གི་སྲིད་དབང་སྲ་བརྟན་གནས་ཐབས་ལ་དེང་རབས་ཅན་གྱི་དམག་དོན་འཕྲུལ་རིག་ལག་རྩལ་དགོས་ཀྱི་ཡོད་པ་མ་ཟད། གྲོགས་མེད་ཁེར་རྐྱང་དུ་གནས་པའི་རྒྱལ་ཁབ་དེར་ཟ་འབྲུ་དང་རང་བྱུང་ནུས་ཤུགས་ཀྱི་དགོས་མཁོ་ཡང་ཡོད་པ་དེ་ཨུ་རུ་སུ་ནས་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།

ཝ་ཤིན་ཊོན་ པྶོཌ་གསར་ཤོག་གིས་གནས་ཚུལ་སྤེལ་བའི་ནང་ཀིམ་ཇོང་ཨུན་གྱིས་ཨུ་རུ་སུ་དང་འབྲེལ་བ་བཟང་པོ་ཡོང་རྒྱུ་དེ་བྱང་ཀོ་རིའི་གལ་འགངས་ཆེ་ཤོས་དང་པོ་དེ་ཡིན་པ་དང་། ཨུ་རུ་སུས་ཡུ་ཀེ་རན་ལ་བཙན་འཛུལ་ལ་མོས་མཐུན་བྱེད་ཀྱི་ཡོད་ཅེས་བཤད་འདུག ཨུ་རུ་སུ་གཞུང་གིས་བརྗོད་པར་གཞིགས་ན་ དབུ་ཁྲིད་གཉིས་ཀྱི་ཐུག་འཕྲད་སྐབས་ཀིམ་ཇོང་ཨུན་གྱིས་པ་ཊིན་ལ་ང་ཚོས་དུས་རྟག་ཏུ་ཁྱེད་ལ་རྒྱབ་སྐྱོར་དང་སྲིད་འཛིན་པུ་ཊིན་དང་ཨུ་རུ་སུས་ཐག་གཅོད་ཇི་བྱས་ལ་རྟག་ཏུ་རྒྱབ་སྐྱོར་ཡོད་ཅེས་བཤད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག བྱང་ཀོ་རི་ཡའི་འགོ་ཁྲིད་ཀྱིས་ཨུ་རུ་སུ་ནི་རང་གི་མངའ་དབང་སྲུང་སྐྱོབ་དང་བདེ་འཇགས་སྲུང་སྐྱོབ་ཆེད་འཐབ་རྩོད་བྱེད་ཀྱི་ཡོད་པ་དང་། ནུབ་ཕྱོགས་རྒྱ་བསྐྱེད་རིང་ལུགས་ལ་ཁ་གཏད་ཀྱི་འཐབ་རྒོལ་བྱ་རྒྱུར་བྱང་ཀོ་རི་ཡ་དང་ཨུ་རུ་སུ་གཉིས་དུས་རྟག་ཏུ་མཉམ་དུ་ཡོད་ཅེས་བཤད་པ་རེད་ཅེས་གནས་ཚུལ་སྤེལ་འདུག

པུ་ཊིན་དང་ཀིམ་ཇོང་ཨུནགཉིས་ཐུག་འཕྲད་བྱས་རྗེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཚོས་བྱང་ཀོ་རི་ཡའི་སྲིད་གཞུང་ལ་ཉེས་ཆད་བཏང་བ་རྣམས་ལ་རྩ་འཛིན་བྱེད་དགོས་པའི་འབོད་བསྐུལ་བྱས་འདུག་པ་དང་། ཨེ་ཧྥ་པི་གསར་འགྱུར་ལས་ཁང་གིས་བརྗོད་དོན་ལ་ རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨེན་ཐོ་ནི་ གྷུ་ཐ་རིས་ཡིས་བྱང་ཀོ་རི་ཡ་དང་མཉམ་ལས་ཇི་འདྲ་ཞིག་བྱས་ཀྱང་རྒྱལ་ཁབ་དེས་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ཁང་གི་ཉེས་ཆད་གསལ་བསྒྲགས་བྱས་པ་དེར་རྒྱལ་ཁབ་གཞན་པ་ཚོས་རྩ་འཛིན་བྱེད་དགོས་པ་ཡིན་ཞེས་གསུངས་འདུག

ཨུ་རུ་སུས་བྱང་ཀོ་རི་ཡ་ནས་གོ་མཚོན་ཉོ་རྒྱུའི་གྲོས་མཐུན་བཞག་པ་ཡིན་ན་དེ་ནི་རྒྱལ་ཚོགས་ཀྱི་ཉེས་ཆད་དང་རྩ་འགལ་ཡིན་པ་དང་། བདེ་འཇགས་ལས་འཛིན་ཁང་གི་གྲོས་ཆོད་དེར་ཨུ་རུ་སུས་རྒྱབ་སྐྱོར་དང་མོས་མཐུན་བྱས་ཡོད་པ་རེད།

ཨུ་རུ་སུའི་མགྲིན་ཚབ་པ་གཞོན་པ་ཌི་མི་ཏྲི་ པེས་ཀོཝ་ཀྱིས་བྱང་ཀོ་རི་ཡ་དང་འབྲེལ་བའི་རིམ་པ་གསར་པ་ཞིག་འགོ་འཛུགས་བྱེད་ཀྱི་ཡོད་པ་དེས་རྒྱལ་ཚོགས་ཀྱི་ཉེས་ཆད་དང་འགལ་གྱི་མེད་ཅིང་། ཨུ་རུ་སུས་རྒྱལ་ཚོགས་དང་བདེ་འཇགས་ལས་འཛིན་ཁང་གི་གོ་གནས་ཡོད་པ་དེ་རྒྱུན་འཛིན་བྱ་རྒྱུ་དང་། དེས་ཨུ་རུ་སུ་དང་བྱང་ཀོ་རི་ཡ་གཉིས་འབྲེལ་བ་བཟང་དུ་གཏོང་རྒྱུར་འགལ་རྐྱེན་བྱེད་ཀྱི་མེད་པ་མ་ཟད། བྱེད་ཀྱ་ཐུབ་ཐབས་ཀྱི་མ་རེད་ཅེས་བཤད་འདུག

པུ་ཊིན་དང་ཀིམ་ཇོང་ཨུན་གཉིས་ཀྱིས་སོ་སོའི་ཁེ་ཕན་སྲུང་སྐྱོབ་ལ་ཨ་རི་དང་འགལ་ཟླ་ཡོད་པ་དེར་མཉམ་འབྲེལ་གྱི་གདོང་ལེན་བྱ་རྒྱུའི་འཛུབ་འདོན་བྱས་འདུག་ཅིང་། ཨ་རི་གཞུང་གིས་དེའི་གོང་ནས་བྱང་ཀོ་རི་ཡས་ཨུ་རུ་སུར་གོ་ལག་མཁོ་སྤྲོད་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་ཀྱང་། ཨུ་རུ་སུ་དང་བྱང་ཀོ་རི་ཡ་གཉིས་ཀས་དེར་ངོས་ལེན་བྱས་མེད་པ་རེད།

XS
SM
MD
LG