ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཁེ་ནི་ཌི་དང་རེ་གྷན་གཉིས་བྷར་ལིན་དང་བྷན་ཌན་ཀིབ་ལ་བསྐྱོད། 


༄༅།། ཨ་མི་རི་ཀའི་སྲིད་འཛིན་རྣམས་དམག་ས་ཁག་ཏུ་ཕེབས་ནས་ཨ་རིའི་དམག་དཔུང་ལ་འཚམས་འདྲི་ཞུ་སྲོལ་ཡོད་ཀྱང་སྲིད་འཛིན་བྷ་ཌན་གཟའ་ཟླ་བའི་ཉིན་ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་དུ་ཕེབས་པ་ནི་ཨ་མི་རི་ཀའི་དམག་དཔུང་བཏང་མེད་པའི་དམག་ས་ཞིག་ཏུ་ཨ་རིའི་སྲིད་འཛིན་ཞིག་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་ཡིན་འདུག ཕྱི་ཚེས་༢༠་ཉིན་ཌེ་ལི་བྷི་སི་ཊི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་༦༠་ལྷག་གི་རིང་ཨ་མི་རི་ཀའི་སྲིད་འཛིན་རྣམས་སྐབས་འགར་ཤར་ཡུ་རོབ་ཀྱི་ས་མཚམས་སུ་ཕེབས་ཏེ་ང་ཚོ་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་གི་ཕྱོགས་སུ་ལངས་ཡོད། ང་ཚོའི་ཆོད་སེམས་ནི་སྒུལ་མི་ཚུགས་ཞེས་ཨུ་རུ་སུར་དམིགས་ནས་གཏམ་བཤད་བྱས་མྱོང་ཡོད་ཅིང་། དཔེར་ན་༡༩༦༣་ལོའི་ཕྱི་ཟླ་༦་པའི་ཚེས་༢༦་ཉིན་ཨ་རིའི་སྲིད་འཛིན་ཁེ་ན་ཌི་ནུབ་འཇར་མན་ཎིར་ཕེབས་ནས་བྷར་ལིན་རྩིག་གྱང་འཁྲིས་སུ་དེ་རིང་ང་བྷར་ལིན་བ་ཞིག་ཡིན་ཞེས་འཇར་མན་སྐད་དུ་ཡོངས་གྲགས་ཀྱི་གཏམ་བཤད་ཅིག་སྤེལ། ༡༩༨༧་ལོའི་ཕྱི་ཟླ་༦་པའི་ཚེས་༡༢་ཉིན་སྲིད་འཛིན་རེ་གྷན་གྱིས་བྷར་ལིན་རྩིག་གྱང་མདུན་དུ་སྐུ་ཞབས་གྷོར་བྷ་ཆོབ། རྩིག་གྱང་འདི་མར་བཤིག་ཅིག་ཅེས་གཏམ་བཤད་སྐད་གྲགས་ཅན་ཞིག་བྱས། ༢༠༢༣་ལོའི་ཕྱི་ཟླ་༢་པའི་ཚེས་༢༠་ཉིན་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གློ་བུར་དུ་ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་དུ་འཚམས་འདྲིར་ཕེབས་ཏེ་དམག་འཁྲུག་ལངས་ནས་ལོ་གཅིག་གི་རྗེས་སུའང་ཀིབ་ཤོར་མེད་པ་དང་ཡུཀ་རེན་སྲ་བརྟན་རེད། དམངས་གཙོ་ནི་འགྱེང་ངེར་ལངས་ཡོད་ཅེས་གཏམ་བཤད་སྐད་གྲགས་ཅན་ཞིག་བྱས་འདུག ཟླ་བ་འདིའི་ཚེས་༢༤་ཉིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་ནས་ལོ་གཅིག་འཁོར་བའི་དུས་དྲན་ཡིན་ཞིང་། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་དང་ལྷན་དུ་སྲིད་འཛིན་བྷ་ཌན་རྒྱལ་ས་ཀིབ་གྲོང་ཁྱེར་གྱི་སྲང་ལམ་ཁག་ཏུ་ཕེབས་ཏེ་ཡུཀ་རེན་གྱི་སྲུང་སྐྱོབ་དོན་དུ་ཚེ་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་རྣམས་ལ་རྗེས་དྲན་ཞུས། ཁོང་གིས་རང་དབང་ནི་རིན་ཐང་བྲལ། ཇི་སྲིད་རང་དབང་མ་ཐོབ་བར་དུ་དེའི་ཆེད་དུ་འཐབ་རྩོད་བྱ་རྒྱུ་རིན་ཐང་ལྡན་ཞེས་བཀྲལ། སྲིད་འཛིན་བྷ་ཌན་གྱིས་སྲིད་འཛིན་ཛེ་ལན་སི་ཀིར་བལྟས་ནས་ན་ནིང་ཕྱི་ཟླ་༢་པའི་ནང་དུ་ཡུཀ་རེན་གྱིས་འཁྲུག་རྩོད་མ་བསླངས་པར་ཨུ་རུ་སུས་བཙན་འཛུལ་བྱས་པ་རེད། ངས་དེ་དུས་ཁྱེད་རང་ལ་ཁ་པར་བཏང་བ་ཡིན། ཁྱེད་རང་གིས་ང་ཚོས་བསྐྱར་དུ་བཀའ་མོལ་ནམ་ཞུ་ཐུབ་རྒྱུ་ཡིན་མིན་ངས་ཤེས་ཀྱི་མི་འདུག་ཅེས་ང་ལ་ལན་འདེབས་བྱས་བྱུང་། དེ་ནི་མུན་ནག་གི་དུས་སྐབས་ཤིག་རེད། འཛམ་གླིང་ཧྲིལ་པོས་ཀིབ་འཆོར་རྒྱུའི་རྩིས་བརྒྱབ། ཐ་ན་ཡུཀ་རེན་མེད་པར་འགྱུར་སྲིད་པའི་བློ་འཚབ་ཀྱང་བྱུང་བ་རེད་ཅེས་གཏམ་བཤད་བྱས་འདུག

ཌེ་ལི་བྷི་སི་ཊི་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་རྒྱལ་སར་འཕུར་མདེལ་གྱིས་གཏོར་རྒོལ་འབྱུང་སྲིད་པའི་ཅོང་སྒྲ་སྒྲོགས་བཞིན་པའི་སྐབས་སུ་ཨ་མི་རི་ཀའི་སྲིད་འཛིན་ཞིག་ཡུཀ་རེན་གྱི་སྲིད་འཛིན་དང་མཉམ་དུ་ཀིབ་གྲོང་ཁྱེར་གྱི་སྲང་ལམ་ཁག་ཏུ་ཕེབས་པར་མཚོན་དོན་ཟབ་མོ་ཞིག་ལོས་ཡོད། རྒྱལ་ཁབ་དེའི་རང་བཙན་དང་བདག་དབང་དོན་དུ་འཐབ་རྒོལ་བྱེད་བཞིན་པ་ཚོར་བྷ་ཌན་གྱི་འཚམས་འདྲི་དེ་ཨ་མི་རི་ཀས་ཡུཀ་རེན་ལ་གདུང་སེམས་མཉམ་སྐྱེད་དང་དམག་དོན་གྱི་རྒྱབ་སྐྱོར་བྱ་རྒྱུར་འགྱུར་བ་མེད་པ་མཚོན་ཐུབ། ཕུ་ཊིན་ལ་སྲིད་འཛིན་བྷ་ཌན་གྱི་འཚམས་འདྲི་དེ་ང་ཡུཀ་རེན་གྱི་རྒྱལ་ས་ཀིབ་ལ་བསླེབས་ཡོད། ཁྱོད་འདིར་བསླེབས་མ་ཐུབ་པ་རེད། ཁྱོད་ཀྱིས་མི་ཁག་ཅིག་གིས་ཚོད་དཔག་བྱས་པ་ལྟར་ཡུཀ་རེན་གྱི་རྒྱལ་ས་ཉིན་ཤས་ནང་དུ་ལེན་ཐུབ་རྒྱུའི་རྩིས་བརྒྱབ་ཀྱང་མ་གྲུབ། ཁྱོད་ཀྱི་དཔུང་འཇུག་ལ་ཡུཀ་རེན་གྱི་འགོག་རྒོལ་བྱུང་། ཁྱོད་ཀྱི་དམག་དཔུང་ལ་ངོ་གནོང་དགོས་པའི་ཕམ་ཉེས་བྱུང་སྟེ་སྟོབས་ཤུགས་སླར་གསོ་བྱེད་མི་ཐུབ་པར་གྱུར་པ་རེད་ཅེས་ངོ་མཚང་བྲུས་པ་དང་མཚུངས། སྲིད་འཛིན་བྷ་ཌན་གྱི་གཏམ་བཤད་ནང་དུ་ཕུ་ཊིན་གྱིས་ཡུཀ་རེན་ལ་སྟོབས་ཤུགས་མེད་པ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གྲོས་འཆམ་མི་འབྱུང་། ཁོ་པ་ང་ཚོ་ལས་ཡུན་རིང་བརྟན་ཐུབ་རྒྱུའི་རྩིས་བརྒྱབ་ཀྱང་རྦད་དེ་རྩིས་ལོག་ཐེབས་པ་རེད་ཅེས་འཁོད། དེང་སྐབས་རྒྱལ་སྤྱིའི་ཐོག་ཏུ་ཨུ་རུ་སུ་དང་སྲིད་འཛིན་ཕུ་ཊིན་གྲོགས་མེད་ཁེར་རྐྱང་དུ་ལུས། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་རྡོ་སྣུམ་གྱི་རིན་གོང་ཚད་བཀག་དང་སོལ་རླངས་ནང་འདྲེན་བྱ་རྒྱུ་མཚམས་འཇོག ཨུ་རུ་སུར་རྒྱ་གར་དང་རྒྱ་ནག་མ་གཏོགས་རྡོ་སྣུམ་དང་སོལ་རླངས་བཙོང་ས་མེད་པར་གྱུར།།

སྲིད་འཛིན་བྷ་ཌན་གྱི་འཚམས་འདྲི་དེ་རྒྱ་ནག་ལའང་གོ་རྒྱུ་བཏང་བ་ཞིག་མཚོན་ཐུབ། རྒྱ་ནག་གིས་ཨུ་རུ་སུར་རྒྱབ་སྐྱོར་བྱས་ནས་ཁྲིམས་འགལ་གྱི་དམག་འཁྲུག་དེར་གཞོགས་འདེགས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། དེས་ན་རྒྱ་ནག་གིས་ཀྱང་ནག་ཉེས་མཉམ་ཁུར་བྱེད་དགོས་པར་འགྱུར་སྲིད་པའི་ཉེན་བརྡ་ཞིག་བཏང་ཞིང་། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་གྱི་དམག་འཁྲུག་གཙིགས་སུ་འཛིན་གྱི་ཡོད་པ་དང་ཨུ་རུ་སུའི་རྒྱལ་སྤྱིའི་ཁྲིམས་ལ་འགལ་འཛོལ། རྒྱ་ནག་གིས་ཨུ་རུ་སུར་རྒྱབ་སྐྱོར་བྱས་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད་ནས་མཇུག་འབྲས་ཚབས་ཆེན་ཞིག་སྨིན་སྲིད། ད་ལྟ་རྒྱ་ནག་གི་དཔལ་འབྱོར་ཉམས་ཆག་ཕྱིན་ཡོད་པའི་སྐབས་སུ་གཟབ་གཟབ་བྱས་ན་ལེགས་ཞེས་གོ་རྒྱུ་བཏང་བ་ཡིན་ཤས་ཆེ། སྲིད་འཛིན་བྷ་ཌན་གྱི་སྔོན་དེར་ཨ་རིའི་ཕྱི་སྲིད་དུང་ཆེ་བྷ་ལིན་ཁེན་གྱིས་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་ཝང་དབྱིར་ཐུག་འཕྲད་གྲོས་མོལ་བྱས་ཤིང་། ཁོང་གིས་ཝི་དབྱིར་རྒྱ་ནག་གིས་ཨུ་རུ་སུར་མཚོན་ཆ་རོགས་རམ་སྤྲོད་རྒྱུའི་བསམ་ཞིབ་བྱེད་ཀྱི་འདུག ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་རྒྱབ་སྐྱོར་གང་འདྲ་ཞིག་བྱས་ཀྱང་རྒྱ་ནག་གིས་མཇུག་འབྲས་ཚབས་ཆེན་ཞིག་མྱོང་དགོས་ཐུག་སྲིད་ཅེས་གོ་བརྡ་གསལ་པོ་སྤྲད། སྲིད་འཛིན་བྷ་ཌན་གྱི་གཏམ་བཤད་དེ་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱི་གཏམ་བཤད་དེར་རྒྱབ་གནོན་གྱི་ཚུལ་དུ་གོ་ཆོག སྲིད་འཛིན་བྷ་ཌན་དང་ཕྱི་སྲིད་དྲུང་ཆེ་གཉིས་ཀྱི་གཏམ་བཤད་ཁག་གིས་ཨ་མི་རི་ཀས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུར་འཛེམ་ཟོན་མེད་པ་དང་ཨ་མི་རི་ཀས་འགོ་ཁྲིད་ནས་འཛམ་གླིང་ཡོངས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་རྒྱལ་ཁ་ཐོབ་ཀྱི་ཡོད་པ་རྣམས་བསྟན་པར་སྣང་། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་དུས་སུ་ཨ་མི་རི་ཀས་ནུབ་ཆིངས་ཀྱི་འགོ་འཁྲིད་རྒྱུ་ཡིན་མིན་ཐེ་ཚོམ་དུ་གྱུར། བྷ་ཌན་གྱི་དུས་སུ་ཨ་མི་རི་ཀས་འཛམ་གླིང་ལ་སྣེ་ཁྲིད་བྱ་རྒྱུར་དོགས་པ་མེད་པར་གྱུར།།

སྲིད་འཛིན་བྷ་ཌན་གྱིས་དངོས་སུ་མིང་འདོན་མ་བྱས་ཀྱང་ཐེངས་འདིར་ཡུ་རོབ་ཀྱི་མཐའ་མཚམས་སུ་ཕེབས་པ་ནི་ཕུ་ཊིན་ལ་ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག་སྟོབས་ཤུགས་རྒྱས་ཡོད་ཅེས་བསྟན། ༢༠༡༨་ལོར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གཉིས་ཧྥིན་ལན་ཌིའི་རྒྱལ་ས་ཧལ་སིན་ཀིར་ཐུག་འཕྲད་བྱུང་། ཌོ་ནལ་ཊམ་གྱིས་སྐབས་དེར་ཕུ་ཊིན་ལ་མགོ་བསྒུར། བྷ་ཌན་གྱིས་ཨ་མི་རི་ཀའི་ལྟ་གྲུབ་གོང་བཀུར་དང་མཐུན་གྲོགས་རྒྱལ་ཁབ་ཁག་ལ་རྒྱབ་སྐྱོར། ཌོ་ནལ་ཊམ་གྱིས་ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཁག་ལས་ཀྱང་ཕུ་ཊིན་ལ་ཡིད་ཆེས་ཡོད་ཅེས་བསྒྲགས། བྷ་ཌན་གྱིས་ཨ་རིའི་སྟོབས་ཤུགས་མཚོན་པ་དང་ཌོ་ནལ་ཊམ་གྱིས་ཨ་རིའི་ཞན་ཆ་མཚོན། ཕུ་ཊིན་ལ་ཐུག་འཕྲད་བྱས་ནས་ལོ་གཅིག་གི་རྗེས་སུ་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་ཡུཀ་རེན་ལ་དམག་དོན་རོགས་རམ་སྤྲོད་རྒྱུ་བཀག ཁོང་གིས་ཡུཀ་རེན་གྱི་གཞུང་ནས་བྷ་ཌན་ཕ་བུ་གཉིས་ཀྱི་ཚོང་ལས་ལ་ཞིབ་འཇུག་བྱ་དགོས། ཁོ་པ་བསྐྱར་དུ་འདེམས་ཐོན་ཐུབ་རྒྱུར་ཡུཀ་རེན་གྱིས་རྒྱབ་སྐྱོར་བྱ་དགོས་ཞེས་གནོན་ཤུགས་སྤྲད། མཐར་ཌོ་ནལ་ཊམ་གྱི་སྤྱོད་པ་དེ་ཁྲིམས་འགལ་དུ་གྱུར་ཏེ་གྲོས་ཚོགས་ཀྱིས་ཉེས་འཛུགས་ཐེངས་དང་པོ་བྱུང། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཡུ་རོབ་གླིང་དུ་ཨ་མི་རི་ཀའི་དམག་དཔུང་བཀྲམ་ཡོད་པ་རྣམས་ཌོ་ནལ་ཊམ་གྱིས་ཕྱིར་འཐེན་བྱ་རྒྱུར་ཤུགས་སྣོན་བརྒྱབ། གལ་སྲིད་༢༠༢༠་ལོར་ཌོ་ནལ་ཊམ་བསྐྱར་དུ་སྲིད་འཛིན་ལ་འདེམས་ཐོན་བྱུང་ཡོད་ཚེ། ཕྱི་ཟླ་༢་པའི་ཚེས་༢༠་ཉིན་ཨ་མི་རི་ཀའི་སྲིད་འཛིན་གྱི་མཉམ་དུ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལངས་ཡོད་པ་ལས་ཡུཀ་རེན་གྱི་སྲིད་འཛིན་གཏན་ནས་ཡོད་མི་སྲིད། ད་དུང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྟོབས་ཤུགས་ཉམས། ཨ་མི་རི་ཀའང་སྟོབས་ཤུགས་ཉམས། ཕུ་ཊིན་དབང་ཐང་རྒྱས་ཏེ་འཛམ་གླིང་ལ་བཙན་དབང་རིང་ལུགས་དར། ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་པར་སུ་གཅིག་གིས་ཀྱང་བར་འགོག་བྱེད་མི་ཕོད་པར་གྱུར་ཏེ་འཛམ་གླིང་ཡོངས་སུ་ཤུགས་རྐྱེན་ངན་པ་ཐེབས། རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཐེབས་ཡོད་ངེས་རེད་ཅེས་གནས་ཚུལ་སྤེལ་འདུག

ཕྱི་ཟླ་༢་པའི་ཚེས་༢༠་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡ་ཡུད་ཆེན་པོ་བྱས་ནས་ཡུཀ་རེན་ལ་དམག་འཁྲུག་བརྒྱབ་སྟེ་སྲིད་དབང་འཆོར་རྒྱུའི་ཉེན་ཁ་འདུག ཕུ་ཊིན་གྱིས་ཆུང་དུས་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་དུ་རྒྱག་རེས་བརྒྱབ། ཁོ་པར་རྒྱག་རེས་དེ་འཐོབ་དགོས་ན་རྒོལ་འཛིང་མཐའ་གཅིག་ཏུ་བྱ་དགོས་དང་འཐབ་འཛིང་དེ་འཆི་གསོན་ལ་ཐུག་ཡོད་པ་ལྟར་བྱ་དགོས་ཞེས་བཤད་མྱོང་། ཉེ་དུས་གསར་དུ་ཐོན་པའི་ཕུ་ཊིན་གྱི་ལོ་རྒྱུས་སུའང་དེ་ལྟར་འཁོད། དེས་ན་ཕུ་ཊིན་གྱིས་རྩ་འཛིན་དེ་ལག་ལེན་བསྟར་ནས་༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཡུཀ་རེན་ལ་བཙན་འཛུལ་བྱས་པ་འདྲ། ཟླ་བ་འདིར་འཛམ་གླིང་དམག་ཆེན་གཉིས་པའི་དུས་སུ་ཨུ་རུ་སུའི་དམར་དམག་གིས་འཇར་མན་ན་ཛིའི་དམག་ལ་ཕར་རྒོལ་བྱས་ནས་རྒྱལ་ཁ་བླངས། སི་ཏ་ལིན་གྷ་རེ་ཌི་གྲོང་ཁྱེར་གྱི་དམག་འཁྲུག་ལངས་ནས་ལོ་༨༠་འཁོར་བའི་དུས་དྲན་ཉིན་ཕུ་ཊིན་གྱིས་མེས་རྒྱལ་དང་བདེན་པའི་དོན་དུ་ཕར་མཆོང་བྱ་རྒྱུ་དང་སྒྲུབ་མི་ཐུབ་པ་ཞིག་བསྒྲུབ་ཐབས་བྱ་རྒྱུ་ནི་རྟག་ཏུ་ཨུ་རུ་སུའི་མི་རིགས་ཁག་གི་ཁྲག་རྒྱུན་དུ་ཐིམ་ཡོད་ཅེས་བཤད། ཕུ་ཊིན་གྱིས་རྒྱལ་ཁབ་ཆུང་ཆུང་དང་སྟོབས་ཤུགས་ཞན་པ་ཞིག་ལ་བཙན་འཛུལ་བྱས་པར་ལྡོག་ཕྱོགས་ཀྱི་འབྲས་བུ་སྨིན། མདོར་ན་ཕུ་ཊིན་གྱིས་ལོ་བཅུ་ཕྲག་གཉིས་ལྷག་ལ་སྲིད་དབང་བཟུང་བའང་མཇུག་བསྒྲིལ་རྒྱུའི་གནས་སུ་ཟད། ཕུ་ཊིན་གྱིས་ནུབ་ཆིངས་ཤར་ཕྱོགས་སུ་རྒྱ་བསྐྱེད་ཀྱི་ཡོད་པ་འགོག་གི་ཡོད་ཅེས་ཡུཀ་རེན་ལ་དམག་འཁྲུག་བརྒྱབ། ད་ལྟ་སུད་ཌེན་དང་ཧྥིན་ལན་ཌི་གཉིས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་ཕུལ། ཧྥིན་ལིན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་ཁོངས་སུ་ཞུགས་པའི་རྗེས་སུ་ཨ་རིས་འགོ་ཁྲིད་པའི་ནུབ་ཕྱོགས་ཀྱི་དམག་དོན་སྒྲིག་འཛུགས་དེ་ཨུ་རུ་སུའི་སྒོ་འགྲམ་བར་དུ་སླེབས་པ་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG