ངོ་འཕྲད་བདེ་བའི་དྲ་འབྲེལ།

ཏ་ལི་བྷན་རྒྱ་གར་དང་པ་ཀི་སི་ཐན་གྱི་འཐབ་རྩོད་ལ་ཞུགས་འདོད་མེད་ཟེར། 


༄༅།། ཏ་ལི་བྷན་གྱི་སྲིད་གཞུང་གི་ཕྱི་སྲིད་བློན་ཆེན་ལ་བསྐོ་བཞག་བྱ་རྒྱུའི་མཐོ་རིམ་འགོ་ཁྲིད་སི་ཏ་ནིཀ་ཛ་ཡེས་རྒྱ་གར་དང་པ་ཀི་སི་ཐན་གྱི་འཐབ་རྩོད་ལ་ཨབ་གྷ་ཎི་སི་ཐན་ཞོར་འདྲུད་མ་བྱས་ན་ལེགས། ཏ་ལི་བྷན་ཤོག་ཁག་གིས་ཁྱིམ་མཚེས་རྒྱལ་ཁབ་ཀུན་ལ་འབྲེལ་བ་བཟང་པོ་ཞིག་འཛིན་འདོད་ཡོད་ཅེས་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་དམིགས་བསལ་བཅར་འདྲི་ཞིག་ཞུས་པའི་སྐབས་སུ་ལན་འདེབས་བྱས་འདུག ཕྱི་ཟླ་༨་པའི་ཚེས་༣༠་ཉིན་གསར་འགོད་པས་ཏ་ལི་བྷན་ཤོག་ཁག་གིས་པ་ཀི་སི་ཐན་ལ་ཁ་མཐུན་བྱས་ནས་རྒྱ་གར་སྡང་དགྲར་བཟུང་སྟེ་གཏོར་རྒོལ་བྱེད་སྲིད་པའི་དོགས་པ་བྱེད་ཀྱི་ཡོད་པ་དང་གནས་ཚུལ་འཐོན་གྱི་ཡོད་པ་སོགས་བདེན་པ་ཡིན་མིན་དྲིས། ཏ་ལི་བྷན་གྱི་མཐོ་རིམ་མི་སྣ་སི་ཏ་ནིཀ་ཛ་ཡེས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཐོན་གྱི་ཡོད་པའི་གནས་ཚུལ་ཕལ་ཆེ་བ་བདེན་པ་མིན་པ་དང་ང་ཚོའི་ངོས་ནས་དེ་འདྲའི་གསལ་བསྒྲགས་སྤེལ་བ་དང་རྣམ་འགྱུར་བསྟན་པ་གང་ཡང་མེད། པ་ཀི་སི་ཐན་དང་རྒྱ་གར་གཉིས་ལ་ཡུན་རིང་གི་ས་ཁམས་ཆབ་སྲིད་ཀྱི་འཐབ་རྩོད་ཅིག་ཡོད་པར་ང་ཚོས་དོ་གཟབ་བྱེད་ཀྱི་ཡོད། ང་ཚོས་རྒྱ་གར་དང་པ་ཀི་སི་ཐན་གྱི་འཐབ་རྩོད་ནང་དུ་ཨབ་གྷ་ཎི་སི་ཐན་ཞོར་འདྲུད་མི་ཐེབས་པའི་རེ་བ་འཆང་ཡོད། ཁོ་ཚོར་ས་མཚམས་རིང་པོ་ཞིག་ཡོད་པ་དེར་འཐབ་རྩོད་བྱེད་ཆོག་ཀྱང་སོ་སོའི་ཁེ་ཕན་དོན་དུ་ཨབ་གྷ་ཎི་སི་ཐན་ཞོར་འདྲུད་བྱེད་མི་རུང་། ང་ཚོས་ས་ཐོག་ཏུ་རྒྱལ་ཁབ་གཅིག་ལའང་འཐབ་རྩོད་དེར་མཉམ་ཞུགས་བྱེད་དུ་འཇུག་རྒྱུ་མིན་ཞེས་ལན་འདེབས་བྱས་འདུག

ཏ་ལི་བྷན་གྱི་མགྲིན་ཚབ་པ་སུ་ཧེལ་ཤཱ་ཧིན།
ཏ་ལི་བྷན་གྱི་མགྲིན་ཚབ་པ་སུ་ཧེལ་ཤཱ་ཧིན།

ཉེ་ཆར་ཏ་ལི་བྷན་གྱི་མགྲིན་ཚབ་པ་སུ་ཧེལ་ཤཱ་ཧིན་གྱིས་ཀྱང་རྒྱ་གར་གྱི་འཛུགས་སྐྲུན་ལས་གཞི་ཁག་ལ་ཏ་ལི་བྷན་གྱིས་དགག་བྱ་ཅི་ཡང་རྒྱག་གི་མེད། ཡིན་ནའང་རྒྱ་གར་གཞུང་གིས་ཨ་ཤི་རབ་གྷ་ཎིའི་ཅོལ་ཆུང་གི་སྲིད་གཞུང་སྔོན་མར་རྒྱབ་སྐྱོར་བྱས་པར་ངོ་རྒོལ་ཡོད། འདས་པའི་ལོ་༢༠་རིང་དུ་རྒྱ་གར་གྱིས་ཨབ་གྷ་ཎི་སི་ཐན་ལ་རྒྱ་ལམ་དང་ཆུ་མཛོད། གྲོས་ཚོགས་ཁང་སོགས་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་རྣམས་ཨབ་ཧན་མི་དམངས་ཀྱི་ཁེ་ཕན་ཆེད་དུ་རེད། གལ་སྲིད་འཛུགས་སྐྲུན་ལེགས་གྲུབ་བྱུང་མེད་ན་མཇུག་སྐྱོང་བྱེད་པའི་འབོད་སྐུལ་ཞུ་རྒྱུ་ཡིན། རྒྱ་གར་གྱི་ལས་གཞི་དེ་རྣམས་ཨབ་གྷ་ཎི་སི་ཐན་གྱི་མི་དམངས་ལ་ཕན་ཐོགས་ཡོད་པ་དང་ང་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་པ་ནི་སྲིད་གཞུང་སྔོན་མར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ཁོ་ན་ཡིན། འདས་པའི་ལོ་ཉི་ཤུའི་རིང་ལ་ང་ཚོས་རྒྱ་གར་ཚུད་པའི་རྒྱལ་ཁབ་ཁག་གིས་ཨབ་གྷ་ཎི་སི་ཐན་གྱི་མི་དམངས་ལ་འབྲེལ་བ་འཛུགས་དགོས། ཨབ་གྷ་ཎི་སི་ཐན་གྱི་མི་དམངས་ལ་རང་གི་རྒྱལ་ཁབ་དེ་བཅིངས་འགྲོལ་འཐོབ་འདོད་ཡོད་པར་ངོས་ལེན་བྱ་དགོས་ཞེས་སྐད་བརྒྱབ་པ་ཡིན། འདི་ནི་ང་ཚོའི་ལངས་ཕྱོགས་ཡིན་པ་དང་ང་ཚོས་རྟག་ཏུ་ཨབ་གྷ་ཎི་སི་ཐན་གྱི་ཅོལ་ཆུང་གི་སྲིད་གཞུང་དེར་རྒྱབ་སྐྱོར་བྱེད་མི་ཉན། འཛམ་གླིང་རྒྱལ་ཁབ་ཁག་གིས་ཨབ་གྷ་ཎི་སི་ཐན་གྱི་མི་དམངས་ལ་རྒྱབ་སྐྱོར་བྱ་དགོས་པའི་ནན་བརྗོད་བྱེད་བཞིན་ཡོད་ཅེས་བསྒྲགས།།

འདས་པའི་ལོ་༢༠་ཐམ་པའི་རིང་ལ་རྒྱ་གར་དང་ཨབ་གྷ་ཎི་སི་ཐན་གྱི་སྲིད་གཞུང་གཉིས་འབྲེལ་བ་བཟང་པོ་བྱུང་ཞིང་། ལོ་བཅུ་ཕྲག་གཉིས་ཀྱི་རིང་དེར་རྒྱ་གར་གྱིས་ཨ་སྒོར་དུང་ཕྱུར་༣༠་ལྷག་འགྲོ་གྲོན་བཏང་ནས་ཨབ་གྷ་ཎི་སི་ཐན་གྱི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན། ཨབ་གྷ་ཎི་སི་ཐན་ལ་རྒྱ་གར་གྱི་གཞུང་ཚབ་ཁང་དང་དོན་གཅོད་ཁང་མང་དག་ཅིག་སྒོ་ཕྱེ། རྒྱ་གར་ལ་འབྲེལ་བ་བཟང་པོ་ཡོད་པ་དེའི་རིང་དུ་ཨབ་གྷ་ཎི་སི་ཐན་དང་པ་ཀི་སི་ཐན་གྱི་འབྲེལ་བ་ཧ་ཅང་ཇེ་སྡུག་ཏུ་སོང་། ཨབ་གྷ་ཎི་སི་ཐན་གྱི་གཞུང་གིས་རྒྱལ་ཁབ་དེར་ཞི་བདེ་བརྟན་ལྷིང་མེད་པའི་འབྱུང་རྩ་རྣམས་པ་ཀི་སི་ཐན་ལ་ཐུག་ཡོད་ཅེས་ནག་ཉེས་བཙུགས། ད་ལྟ་ཨབ་གྷ་ཎི་སི་ཐན་གྱི་སྲིད་གཞུང་མགོ་རྟིང་བསློགས་ནས་ཏ་ལི་བྷན་ཤོག་ཁག་གིས་བསྐྱར་དུ་སྲིད་དབང་བཟུང་སྟེ་ལྷོ་ཨེ་ཤི་ཡའི་ས་ཁམས་ཆབ་སྲིད་ལ་འགྱུར་བ་ཐེབས། ཐོག་མར་པ་ཀི་སི་ཐན་གྱི་རྒྱབ་སྐྱོར་འོག་ཏ་ལི་བྷན་ཤོག་ཁག་གིས་གྱེན་ལོག་བྱས་ནས་༡༩༩༦་ལོར་སྲིད་དབང་བཟུང་། ཡིན་ནའང་༢༠༠༡་གི་ཕྱི་ཟླ་༩་པའི་ཚེས་༡༡་ཉིན་ཨ་མི་རི་ཀར་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་ཕོག འཇིགས་སྐུལ་རིང་ལུགས་པའི་འགོ་ཁྲིད་རྣམས་ཏ་ལི་བྷན་གྱི་སྲུང་སྐྱོབ་འོག་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་སྐུང་ཡོད་པས་ཨ་མི་རི་ཀས་དམག་བརྒྱབ་ནས་ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་གི་སྲིད་གཞུང་ཐོར། ད་ལོ་ཏ་ལི་བྷན་ཤོག་ཁག་བསྐྱར་དུ་ལངས་ཐུབ་པ་དེར་པ་ཀི་སི་ཐན་གྱིས་ནུས་པ་ཆེན་པོ་ཐོན། དེས་ན་རྒྱ་གར་གཞུང་གིས་ཏ་ལི་བྷན་ཤོག་ཁག་ལ་དོགས་ཟོན་བྱེད་ཀྱི་ཡོད་པར་རྒྱུ་མཚན་ཡོད་པ་རེད།།

ཏ་ལི་བྷན་གྱིས་སྲིད་དབང་བཟུང་བའི་རྗེས་སུ་རྒྱ་གར་དང་ཨབ་གྷ་ཎི་སི་ཐན་གྱི་དཔལ་འབྱོར་འབྲེལ་བ་ཉམས་རྒུད་འགྲོ་རྒྱུའི་ཉེན་ཁ་ཆེ། ཨབ་གྷ་ཎི་སི་ཐན་ལ་ཟངས་དང་རྡོ་སོལ། ལྕགས་རྡོ་སོགས་རང་བྱུང་གཏེར་ཁའི་རིགས་ཕྱུག་པོ་ཡོད་པས་ཨུ་སུ་རུ་དང་རྒྱ་ནག་གིས་ཨབ་གྷ་ཎི་སི་ཐན་གྱི་གཏེར་ཁ་ཁག་ལ་མ་རྩ་བཙུགས་ནས་སྔོག་འདོན་བྱ་རྒྱུ། རྒྱ་གར་ལ་ཨབ་གྷ་ཎི་སི་ཐན་གྱི་གཏེར་ཁ་ཁག་སྔོག་འདོན་གྱི་ཚོང་ལས་ནང་དུ་སྐལ་བ་འཐོབ་རྒྱུ་ཡིན་མིན་ངེས་གཏན་བྲལ། རྒྱ་གར་གྱིས་ཀྱང་ཏ་ལི་བྷན་ཤོག་ཁག་ལ་ཚོང་འབྲེལ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་མིན་གྱི་ལངས་ཕྱོགས་གསལ་པོ་ཞིག་སྟོན་དགོས་ཤིང་། ད་ནས་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀས་ཏ་ལི་བྷན་ཤོག་ཁག་ལ་དཔལ་འབྱོར་དང་ཚོང་ལས། འཛུགས་སྐྲུན་བཅས་ཀྱི་རྒྱབ་སྐྱོར་བྱས་ནས་རྒྱ་གར་ལ་ཁ་གཏད་གཅོག་པར་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཁག་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་སུ་འཇུག་རྒྱུ། འཇིགས་སྐུལ་རིང་ལུགས་པ་ཚོས་ཨབ་གྷ་ཎི་སི་ཐན་ནས་ཀསྨིར་ལ་ཟིང་འཁྲུག་བསླངས་ཏེ་རྒྱ་གར་ལ་ཞི་བདེ་བརྟན་ལྷིང་མེད་པར་གཏོང་རྒྱུ། པ་ཀི་སི་ཐན་གྱིས་ཏ་ལི་བྷན་ཤོག་ཁག་གིས་ཀསྨིར་གྱི་གནད་དོན་སེལ་རོགས་བྱེད་དགོས་ཞེས་སྐུལ་ལྕག་གཏོང་རྒྱུ་འགོ་ཚུགས། རྒྱ་གར་གཞུང་གིས་ཨི་རན་གྱི་ཆ་བྷ་ཧར་གྲུ་ཁ་བརྒྱུད་ནས་ཨབ་གྷ་ཎི་སི་ཐན་དང་དབུས་ཨེ་ཤི་ཡར་ཚོང་ལས་རྒྱ་སྐྱེད། རྒྱ་ནག་གིས་པ་ཀི་སི་ཐན་གྱི་གྷོ་ཝ་དྷར་གྲུ་ཁ་བརྒྱུད་ནས་ཨབ་གྷ་ཎི་སི་ཐན་དང་དབུས་ཨེ་ཤི་ཡར་ཚོང་ལས་རྒྱ་སྐྱེད་ཀྱི་འགྲན་སྡུར་ཚུགས་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༨་པའི་ཚེས་༣༡་ནས་ཨ་རི་གཙོས་རྒྱལ་ཁབ་ཕལ་མོ་ཆེས་ཨབ་གྷ་ཎི་སི་ཐན་ནས་རང་གི་སྤྱི་དམངས་རྣམས་དང་ཉེན་བྱོལ་དུ་འགྲོ་བའི་ཨབ་ཧན་མི་དམངས་རྣམས་སྐྱོབ་ལེན་བྱེད་པའི་དུས་ཚོད་ཡོལ་གྱི་ཡོད་ཅིང་། ཏ་ལི་བྷན་གྱི་ཆེས་མཐོའི་འགོ་ཁྲིད་མུ་ལཱ་ཧི་བྷ་ཏུ་ལཱ་ཨ་ཁུན་ཏ་རྒྱལ་ཁབ་དེའི་ཁན་དྷ་ཧར་ས་གནས་སུ་འབྱོར་ཡོད་པར་མ་ཟད། ཏ་ལི་བྷན་གྱི་སྲིད་གཞུང་གསར་པའི་བློན་ཆེན་རྣམས་བསྐོ་བཞག་བྱས་ཟིན་ཡོད། ཏ་ལི་བྷན་གྱི་སྲིད་གཞུང་གསར་འཛུགས་ཀྱི་མཛད་སྒོ་ཁན་དྷ་ཧར་ས་གནས་སུ་འཚོགས་རྒྱུ་ཡིན་ཞེས་སྒྲོགས་ཀྱི་ཡོད་མོད། འོན་ཀྱང་ཏ་ལི་བྷན་ཤོག་ཁག་གི་སྲིད་གཞུང་གསར་པའི་བློན་ཆེན་རྣམས་སུ་སུ་ཡིན་མིན་གསལ་བསྒྲགས་མ་སྤེལ། ཉམས་ཞིབ་པ་ཕལ་ཆེ་བས་༡༩༩༦་གི་ཏ་ལི་བྷན་དང་༢༠༢༡་གི་ཏ་ལི་བྷན་གཉིས་གཅིག་པ་མ་རེད། ད་ལྟའི་ཏ་ལི་བྷན་ཤོག་ཁག་གི་འགོ་ཁྲིད་ཚོས་འཛམ་གླིང་རྒྱལ་ཁབ་ཁག་ལ་ཕྱི་འབྲེལ་བཙུགས་ནས་ངོས་ལེན་ཐོབ་ཐབས། ཏ་ལི་བྷན་གྱི་སྲིད་གཞུང་དེ་ཉིད་པ་ཀི་སི་ཐན་གཅིག་པུར་བརྟེན་མི་དགོས་པར་ཨ་རི་དང་ཨུ་རུ་སུ། རྒྱ་དཀར་ནག་གཉིས་དང་པ་ཀི་སི་ཐན་བཅས་ལ་འབྲེལ་བ་སྙོམས་པོ་ཞིག་འཛུགས་རྒྱུ། བདུན་ཕྲག་སྔོན་མར་ཨབ་གྷ་ཎི་སི་ཐན་གྱི་རྒྱལ་ས་ཁ་བྷུལ་རྒྱལ་སྤྱིའི་གནམ་ཐང་གི་ཕྱི་ལོགས་སུ་གཏོར་རྒོལ་བྱས་ནས་ཨ་རིའི་དམག་མི་༡༣་དང་ཨབ་ཧན་༡༠༠་བསད་པར་ཨ་རི་དང་ཏ་ལི་བྷན་ཤོག་ཁག་གཉིས་མཉམ་འབྲེལ་གྱིས་ཁ་ཆེའི་རྒྱལ་ཁམས་པར་རྒོལ་ལན་བསློགས་ཡོད་པ་དེ་ལ་བལྟས་ཚེ། ཏ་ལི་བྷན་ཤོག་ཁག་འདི་མཐའ་གཅིག་ཏུ་རྒྱ་གར་གྱི་དགྲ་རུ་འགྱུར་སྲིད་པའི་ངེས་པ་མི་འདུག་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG