ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༧/༢༤

ངའི་མི་ཚེ། བོད་རང་དབང་ལུང་པར་སྐྱེས། བཙན་བྱོལ་ནང་སྲི་ཞུ་བསྒྲུབས་ཞེས་པའི་དཔེ་དེབ་དབུ་འབྱེད།


བཀའ་ཟུར་བཀྲ་ཤིས་དབང་འདུས་ཀྱི་ལོ་རྒྱུས་དཔེ་དེབ་དབུ་འབྱེད།
བཀའ་ཟུར་བཀྲ་ཤིས་དབང་འདུས་ཀྱི་ལོ་རྒྱུས་དཔེ་དེབ་དབུ་འབྱེད།

བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས་དབྱིན་ཡིག་ཐོག་བརྩམས་གནང་བའི་ཁོང་རང་ཉིད་ཀྱི་སྐུ་ཚེའི་ལོ་རྒྱུས་ ''ངའི་མི་ཚེ། བོད་རང་དབང་ལུང་པར་སྐྱེས། བཙན་བྱོལ་ནང་སྲི་ཞུ་བསྒྲུབས་" ཞེས་པའི་དཔེ་དེབ་ཅིག་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གིས་དཔེ་སྐྲུན་གྱིས་དེ་རིང་ཕྱི་ཟླ་ ༦ ཚེས་ ༧ ཉིན་དཔེ་མཛོད་ཚོགས་ཁང་དུ་དབུ་འབྱེད་གནང་སོང་།

བཀའ་ཟུར་ཁོང་གིས་རྩོམ་འབྲི་གནང་བའི་སྐུ་ཚེའི་ལོ་རྒྱུས་དེའི་ནང་། བོད་རང་དབང་སྐབས་སུ་སྐུ་འཁྲུངས་ཤིང་། དེའི་སྐབས་ཀྱི་འཚོ་བ་དང་། བཙན་བྱོལ་དུ་ཕེབས་རྗེས་མི་ལོ་བཞི་བཅུ་བརྒལ་བའི་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་ལ་སྲི་ཞུ་བསྒྲུབས་པའི་ལོ་རྒྱུས་གསལ་ཡོད་པ་གསུངས་གནང་བ་དང་སྦྲགས། སྐུ་ཚེའི་ལོ་རྒྱུས་དེ་འབྲི་རྩོམ་གྱི་དགོས་དོན་ནི་གཅིག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོས་བཀའ་སློབ་དགོངས་དོན་བཞིན་དགའ་ལྡན་ཕོ་བྲང་གཞུང་ཞབས་རྒན་ཡོལ་དུ་བཞུགས་མཁན་རྣམ་པའི་མི་ཚེ་དང་འབྲེལ་བའི་ལོ་རྒྱུས་འབྲི་དགོས་པའི་བཀའ་སློབ་དང་། ཕྱོགས་གཞན་ནས་རང་རེའི་མི་རབས་ཕྱི་མ་རྣམ་པའི་ཆེད་དུ་མི་རབས་བགྲེས་པོའི་ངག་རྒྱུན་གྱི་ལོ་རྒྱུས་འཇོག་རྒྱུའི་གལ་གནད་སོགས་སུ་དམིགས་པ་ཡིན་པ་བཀའ་ཟུར་ཁོང་གིས་འགྲེལ་བརྗོད་གནང་གི་འདུག

བཀའ་ཟུར་བཀྲ་ཤིས་དབང་འདུས་ཀྱི་ལོ་རྒྱུས་དཔེ་དེབ་དབུ་འབྱེད།
བཀའ་ཟུར་བཀྲ་ཤིས་དབང་འདུས་ཀྱི་ལོ་རྒྱུས་དཔེ་དེབ་དབུ་འབྱེད།

དེ་བཞིན་བཀའ་ཟུར་ཁོང་གི་སྐུ་ཚེའི་ལོ་རྒྱུས་དཔེ་དེབ་དབུ་འབྱེད་ཀྱང་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་གནང་ཞིང་། བཀའ་ཟུར་ཁོང་དང་ལྷན་དུ་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཚོགས་གཞོན་མཆོག་རྣམ་གཉིས་གདན་ཞུས་ཐོག ཕྱི་དྲིལ་བཀའ་བློན་མཆོག་དང་། གཞན་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཆུང་རྣམ་པ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ་ཡང་ཆེད་ཕེབས་གནང་ཡོད་འདུག་ཅིང་། སྐབས་དེར་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བཀའ་ཟུར་ཁོང་གིས་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་ནས་ཁོང་རྣམ་པའི་བཀའ་དྲིན་རྗེས་སུ་དྲན་ཞིང་ཡི་རངས་དང་། ད་རེས་དཔར་སྐྲུན་གནང་བའི་དཔེ་དེབ་འདི་བཞིན་གཅིག་ནས་ལོ་རྒྱུས་དཔང་པོ་ལྟ་བུ་ཞིག་དང་། ཕྱོགས་གཞན་ནས་མི་རབས་ཕྱི་མར་སེམས་ཤུགས་སྐྱེ་བའི་གཞི་རུ་འགྱུར་རྒྱུའི་རེ་བ་ཡོད་པ་སོགས་གསུངས་གནང་སོང་།

བཀའ་ཟུར་བཀྲ་ཤིས་དབང་འདུས་ཀྱི་ལོ་རྒྱུས་དཔེ་དེབ་དབུ་འབྱེད།
བཀའ་ཟུར་བཀྲ་ཤིས་དབང་འདུས་ཀྱི་ལོ་རྒྱུས་དཔེ་དེབ་དབུ་འབྱེད།

དེ་བཞིན་དམིགས་བསལ་སྐུ་མགྲོན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ནས་ཀྱང་། བཀའ་ཟུར་ཁོང་གིས་བོད་སྤྱི་པའི་ལས་དོན་ལ་འཐུས་ཤོར་མེད་པར་སྐུ་ལས་བསྐྱོན་དགོས་པ་དང་སྟབས་ཅིག་ཏུ། ཁོང་སྐུ་སྒེར་གྱི་སྐུ་ཚེའི་དོན་དུའང་དཀའ་སྡུག་ཇི་སྙེད་ཅིག་ལ་གདོང་ལེན་གནང་དགོས་བྱུང་བའི་ལོ་རྒྱུས་ལ་དྲན་གསོ་དང་སྦྲགས། དམིགས་བསལ་བཀའ་ཟུར་ཁོང་ལ་རྣམ་ཀུན་ནས་ཕྱར་བ་གྲུ་འདེགས་གནང་མཁན་བཀའ་ཟུར་ཁོང་གི་སྐུ་ཟླ་དམ་པ་བདེ་སྐྱིད་ལགས་ལའང་བསྔགས་བརྗོད་རྗེས་དྲན་ཡང་གནང་སོང་།

གཞི་རྩའི་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་ནི་ཕྱི་ལོ་ ༡༩༤༧ ལོར་གཙང་ར་ལུང་དུ་འཁྲུངས། ༡༩༥༩ ལོར་བཙན་བྱོལ་དུ་ཕེབས། བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་མ་སུ་རིར་གསར་འཛུགས་གནང་བའི་སྐབས་ཀྱི་བོད་ཕྲུག་ ༥༠ ཁོངས་ནས་གཅིག་ནི་ཁོང་ཡིན་ཞིང་། དེ་རྗེས་ཁོང་གིས་གཞི་རིམ་དང་མཐོ་རིམ། ཕྱི་རྒྱལ་སོགས་སུའང་སློབ་སྦྱོང་གནང་མཐར། ཕྱི་ལོ་ ༡༩༧༤ ལོར་ནང་སྲིད་ལས་ཁུངས་ཀྱི་རྒན་དྲུང་ནས་ཐེམ་པ་རིམ་འཛེགས་ཀྱིས། དཔལ་འབྱོར་ཕུད་པའི་གཞན་ལྷན་ཁང་ཁག་ཚང་མའི་བཀའ་བློན་གནང་མྱོང་ཞིང་། གཞན་དུ་ལྡི་ལི་དང་ཨ་རི། སྦ་སིལ་བཅས་ཀྱི་དོན་གཅོད་གནང་མྱོང་ཡོད་པ་མ་ཟད། བོད་ནང་དངོས་དོན་རྟོག་ཞིབ་ཀྱི་གཟིགས་སྐོར་སྐུ་ཚབ་ཚོགས་ཆུང་སྐབས་གཅིག་གི་ཚོགས་གཙོ་དང་། ཚོགས་མི་སོགས་ཀྱང་གནང་མྱོང་ཡོད་ཅིང་། མདོར་ན་སྐུ་ཚེ་ཧྲིལ་པོ་བཙན་བྱོལ་བོད་མིའི་བདེ་དོན་ཆེད་དུ་བློས་གཏོང་གནང་མཁན་གྱི་གཞུང་ཞབས་བགྲེས་གྲས་ཁོངས་ནས་གཅིག་ཡིན་པ་རེད། །

གླེང་སྟེགས།

XS
SM
MD
LG