ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཁེ་ན་ཌའི་གཞུང་འཛིན་ཚོགས་པར་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ། 


༄༅།། ཕྱི་ཟླ་༩་པའི་ཚེས་༢༠་ཉིན་ཁེ་ན་ཌར་རྒྱལ་ཡོངས་འོས་འདེམས་བྱས་ནས་གྲོས་ཚོགས་འཐུས་མི་རྣམས་བདམས། སྲིད་བློན་ཊུ་རུ་ཌོའི་གཞུང་འཛིན་གུ་ཡངས་ཚོགས་པར་འོས་འདེམས་ཐེངས་གསུམ་པའི་རྒྱལ་ཁ་ཐོབ་ཀྱང་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་གྲངས་མང་གི་རྒྱལ་ཁབ་མ་ཐོབ། ཁེ་ན་ཌའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟ་འོས་ཤོག་བརྒྱ་ཆ་༩༧་ལྷག་གྲངས་ཀ་བརྒྱབ་ཚར་ཡོད་པ་དེ་ལ་གཞིགས་ཚེ། ཁེ་ན་ཌའི་གཞུང་འཛིན་གུ་ཡངས་ཚོགས་པར་གྲོས་ཚོགས་འཐུས་མི་༡༥༦་ནས་༡༥༧་གྱི་གདན་གྲངས་དང་ཕྱོགས་འགལ་རྙིང་ཞེན་ཚོགས་པར་འཐུས་མི་༡༢༢་ནས་༡༢༣་ཙམ་གྱི་གདན་གྲངས་འཐོབ་རྒྱུ། ཁུ་བྷེ་ཁེའི་ཤོག་ཁག་ལ་འཐུས་མི་༢༩་དང་དམངས་གཙོ་གསར་པའི་ཚོགས་པར་འཐུས་མི་༢༨་ཀྱི་གདན་གྲངས། སྔོ་ལྗང་ཚོགས་པར་འཐུས་མི་༢་ཀྱི་གདན་གྲངས་འཐོབ་རྒྱུའི་རྟགས་མཚན་ཐོན་འདུག སྲིད་བློན་ཊུ་རུ་ཌོས་སྲིད་དོན་ཚོགས་པ་གཞན་ཁག་ལ་མ་བརྟེན་པར་རྒྱལ་ཡོངས་གྲོས་ཚོགས་སུ་ཁྲིམས་གཞི་གཏན་འབེབས་དང་གྲོས་ཆོད་འཇོག་ཐུབ་པའི་འཐུས་མིའི་གདན་གྲངས་མ་ཐོབ། ཁེ་ན་ཌའི་རྒྱལ་ཡོངས་གྲོས་ཚོགས་སུ་སྲིད་བློན་ཊུ་རུ་ཌོའི་གཞུང་འཛིན་ཚོགས་པར་ཡིད་ཆེས་མེད་ཅེས་འོས་ཤོག་འཕངས་ནས་སྲིད་གཞུང་མགོ་རྟིང་སློག་ཐུབ་རྒྱུའི་ཉེན་ཁའང་མེད་ཅིང་། ད་ཐེངས་ཀྱི་འོས་འདེམས་སྐབས་སུ་སྲིད་བློན་ཊུ་རུ་ཌོའི་གཞུང་འཛིན་ཚོགས་པར་གྲོས་ཚོགས་འཐུས་མི་གཅིག་གཉིས་ཤིག་གི་གདན་གྲངས་མ་གཏོགས་མང་བ་ཐོབ་མེད་པའི་གནས་ཚུལ་ཐོན་འདུག

གཟའ་མིག་དམར་གྱི་དགོང་མོར་སྲིད་བློན་ཊུ་རུ་ཌོས་རང་གི་རྒྱབ་སྐྱོར་བ་ཚོར་རྣམ་པ་ཚོས་ང་ཚོར་སླར་ཡང་དབང་བསྐུར་ཏེ་ཁེ་ན་ཌ་ཏོག་དབྱིབས་ནད་ཡམས་འོག་ནས་གྲོལ་ཐབས་ཀྱི་ལས་དོན་བསྒྲུབ་དགོས་པའི་ལས་འགན་སྤྲད་པ་རེད། ང་ཚོའི་འོད་སྣང་ལྡན་པའི་དུས་སྐབས་ནི་འཆར་རྒྱུ་ཡིན་པ་དང་ང་ཚོར་ལས་དོན་བསྒྲུབ་རྒྱུའི་གྲ་སྒྲིག་ཡོད། དོ་དགོང་ཁེ་ན་ཌའི་སྤྱི་དམངས་ས་ཡ་མང་པོས་ཡར་ཐོན་གྱི་འཆར་གཞི་ཞིག་ལ་རྒྱབ་སྐྱོར་བྱས་པ་རེད། མི་ཁག་ཅིག་གིས་ཁེ་ན་ཌ་ཁ་གྱེས་དུམ་བུར་ཕྱིན་ཡོད་པའི་སྐད་ཆ་བཤད་ཀྱི་ཡོད་ཀྱང་ངས་དེ་འདྲ་ཞིག་མཐོང་གི་མི་འདུག འདས་པའི་བདུན་ཕྲག་འགའ་ཞིག་གི་རིང་དུ་ང་ཁེ་ན་ཌ་རྒྱལ་ཡོངས་སུ་སྐོར་སྐྱོད་བྱས་པའི་རིང་དེར་འགལ་ཟླ་ཡོད་པ་ཞིག་མཐོང་མ་སོང་ཞེས་གཏམ་བཤད་བྱས་འདུག ཁེ་ན་ཌའི་ཕྱོགས་འགལ་ཚོགས་པས་ནད་ཡམས་ཁྱབ་གདལ་དུས་སུ་སྲིད་བློན་ཊུ་རུ་ཌོས་དགོས་ངེས་མེད་པར་འོས་འདེམས་སྔ་ནུར་བྱས་པ་རེད། ༢༠༢༣་བར་དུ་ཁེ་ན་ཌར་རྒྱལ་ཡོངས་འོས་འདེམས་བྱེད་པའི་དུས་ཚོད་སླེབས་ཀྱི་མེད་པ་དང་འོས་འདེམས་སྔ་སྣུར་བྱས་པ་ནི་སྲིད་བློན་ཊུ་རུ་ཌོའི་ཧམ་སེམས་སྒྲུབ་ཐབས་ཁོ་ན་རེད་ཅེས་སྐྱོན་བཙུགས། ཁེ་ན་ཌའི་མི་དམངས་འོས་འཕེན་པ་བརྒྱ་ཆ་༦༨་ལྷག་གིས་འོས་འདེམས་སྔར་སྣུར་བྱས་པར་ངོ་རྒོལ་བྱས་ཤིང་། རྙིང་ཞེན་ཚོགས་པའི་འགོ་ཁྲིད་ཨོ་ཐུལ་གྱིས་མདང་དགོང་རང་གི་རྒྱབ་སྐྱོར་བ་ཚོར་འོས་འདེམས་འདི་སྲིད་དབང་ཧམ་འཛིན་གྱི་འོས་འདེམས་ཤིག་རེད། བདུན་ཕྲག་ལྔའི་གོང་དུ་སྲིད་བློན་ཊུ་རུ་ཌོས་འཐུས་མི་གྲངས་ཉུང་གི་སྲིད་གཞུང་ཞིག་གིས་ལས་དོན་སྒྲུབ་ཐུབ་ཀྱི་མི་འདུག་ཟེར་བ་རེད། དོ་དགོང་ཁེ་ན་ཌའི་མི་དམངས་ཀྱིས་སྲིད་བློན་ཊུ་རུ་ཌོར་འཐུས་མི་གྲངས་མང་གི་རྒྱལ་ཁབ་འཐོབ་ཏུ་མ་བཅུག་པ་རེད། ཁོང་གིས་ཁ་སྒོར་དུང་ཕྱུར་༦་ལྷག་འགྲོ་གྲོན་བཏང་ནས་འོས་འདེམས་སྔ་སྣུར་བྱས་པ་མི་དམངས་ལ་བསམ་ཤེས་མེད་པར་དངུལ་སྒོར་ཆུད་ཟོས་སུ་བཏང་བ་ཞིག་རེད་ཅེས་དགག་པ་བརྒྱབ།།

ཁེ་ན་ཌའི་སྲིད་དོན་ཉམས་ཞིབ་པ་ཕལ་ཆེ་བས་སྲིད་བློན་ཊུ་རུ་ཌོས་འོས་འདེམས་སྔ་སྣུར་བྱས་པ་ནི་རྩིས་ལོག་ཆེན་པོ་ཞིག་ཐེབས་སོང་། ཁོང་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་དུས་སུ་ཁེ་ན་ཌའི་མི་དམངས་ཀྱིས་ཕྱོགས་འགལ་རྙིང་ཞེན་ཚོགས་པར་འོས་ཤོག་འཕེན་མི་སྲིད། ཁེ་ན་ཌའི་གཞུང་འཛིན་ཚོགས་པས་སྤྱི་དམངས་ནར་སོན་པ་བརྒྱ་ཆ་༨༠་ལྷག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཐུན་དང་པོའི་འགོག་ཁབ་བརྒྱབ། ཁེ་ན་ཌ་འཛམ་གླིང་གི་འགོག་ཁབ་མང་ཤོས་བརྒྱབ་པའི་རྒྱལ་ཁབ་ཁག་གི་གྲས་སུ་ཡོད་པ་དང་ནད་ཡམས་ཁྱབ་གདལ་དུས་སུ་འགྲོ་འོང་བཀག་སྡོམ་བྱས་ཏེ་མི་དམངས་ལ་ཁ་སྒོར་ས་ཡ་མང་པོའི་ངལ་སེལ་རོགས་དངུལ་སྤྲད། རྙིང་ཞེན་ཚོགས་པས་འགྲོ་འོང་བཀག་སྡོམ་ལ་མོས་མཐུན་མེད་པ་དང་འགོག་ཁབ་ངེས་པར་དུ་རྒྱག་དགོས་པའི་ཁྲིམས་ལ་རྒྱབ་སྐྱོར་མེད་པ། ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་འགོག་ཁབ་བརྒྱབ་ཡོད་མེད་ཀྱང་གསལ་པོར་བཤད་ཀྱི་མེད་པས་ཁེ་ན་ཌའི་མི་དམངས་ཀྱིས་རྙིང་ཞེན་ཚོགས་པར་རྒྱབ་སྐྱོར་བྱ་རྒྱུ་ཁག་པོ་རེད། དེས་ན་འོས་འདེམས་སྔ་སྣུར་བྱེད་ན་གཞུང་འཛིན་གུ་ཡངས་ཚོགས་པར་ཕྱོགས་ལས་རྣམ་པར་རྒྱལ་བའི་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུའི་རྩིས་བརྒྱབ། ཕྱི་ཟླ་༨་པའི་ཚེས་༡༥་ནས་ཁེ་ན་ཌར་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་ནས་བཟུང་། རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ཞིང་ཆེན་ཁག་ཅིག་གི་སྨན་ཁང་ཁག་ཏུ་ཛ་དྲག་གི་ནད་པ་སྙལ་ས་མེད་པའི་ཚད་དེར་ལྷུང་། ནད་པ་ཇེ་མང་དུ་སོང་བའི་སྟབས་ཀྱིས་ཁེ་ན་ཌའི་མི་དམངས་ཀྱིས་སྲིད་བློན་ཊུ་རུ་ཌོར་རྒྱབ་སྐྱོར་བྱ་རྒྱུ་ཉུང་དུ་སོང་། ཁུ་བྷེ་ཁའི་ཤོག་ཁག་གི་འགོ་ཁྲིད་ཀྱིས་ང་ཚོས་རྒྱལ་ཡོངས་གྲོས་ཚོགས་སུ་གཞུང་འཛིན་ཚོགས་པར་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་ཀྱི་ལས་དོན་བསྒྲུབ་དགོས་པ་ཁག་ལ་འཐུས་ཤོར་མེད་པར་སྒྲུབ་ཏུ་འཇུག་གི་ཡོད། སྲིད་བློན་ཊུ་རུ་ཌོས་འོས་འདེམས་སྔ་སྣུར་བྱེད་དགོས་དོན་མེད་ཅེས་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག

ཁེ་ན་ཌའི་རྙིང་ཞེན་ཚོགས་པའི་འགོ་ཁྲིད།
ཁེ་ན་ཌའི་རྙིང་ཞེན་ཚོགས་པའི་འགོ་ཁྲིད།

ཁེ་ན་ཌའི་རྙིང་ཞེན་ཚོགས་པས་སྲིད་བློན་ཊུ་རུ་ཌོའི་གཞུང་གིས་རྒྱ་ནག་ལ་མཁྲེགས་པོ་བྱེད་ཐུབ་ཀྱི་མེད་པ་དང་ཊུ་རུ་ཌོ་ཕ་བུ་རྣམས་རྒྱ་ནག་ལ་འབྲེལ་བ་དམ་ཟབ་ཡོད་པས་པེ་ཅིང་ལ་ཧ་ཅང་གི་བསྟུན་མཁས་བྱེད་ཀྱི་འདུག་ཅེས་བསྒྲགས། ཁེ་ན་ཌའི་སྲིད་བློན་ལས་ཐོག་ཇཱ་སི་ཊིན་ཊུ་རུ་ཌོའི་ཨ་ཕ་ཕིར་ཊུ་རུ་ཌོ་ནི་༡༩༦༨་ནས་༡༩༧༩་བར་དང་༡༩༧༩་ནས་༡༩༨༤་བར་དུ་སྲིད་བློན་ལ་ཐེངས་གཉིས་འདེམས་ཐོན་བྱུང་ཞིང་། ༡༩༧༣་ལོར་ཕིར་ཊུ་རུ་ཌོ་རྒྱ་ནག་ལ་འཚམས་འདྲིར་ཕེབས་ནས་མི་དམངས་ཚོགས་ཁང་ཆེན་མོར་སྲིད་བློན་ཀྲུག་ཨེན་ལེས་སྣེ་ལེན་གཟབ་རྒྱས་ཞུས། དེ་ནས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་གིས་ཕིར་ཊུ་རུ་ཌོ་ལ་ཐུག་འཕྲད་བྱས་ཤིང་། ཐོག་མར་༡༩༤༩་ལོ་དང་༡༩༦༠་ལོར་རྒྱ་ནག་གཞུང་གིས་མགྲོན་འབོད་ལྟར་ཕིར་ཊུ་རུ་ཌོ་རྒྱ་ནག་ལ་ཐེངས་གཉིས་ཕེབས་ནས་ཟླ་བ་གཅིག་གི་རིང་དུ་རྒྱ་ནག་གི་ས་གནས་ཁག་ལ་སྐོར་སྐྱོད་བྱས་པར་མ་ཟད། ཁོང་དང་ཇཱེཀ་ཧེ་བྷར་མཉམ་འབྲེལ་གྱིས་མི་བསམ་མེད་གཉིས་རྒྱ་ནག་དམར་ཤོག་ཡུལ་དུ་ལྷགས་པ་ཞེས་དཔེ་དེབ་བྲིས། ༡༩༧༣་ལོར་ཕིར་ཊུ་རུ་ཌོ་རྒྱ་ནག་ལ་འཚམས་འདྲིར་མ་ཕེབས་གོང་དེར་སྔོན་ཆད་ཇཱེཀ་ཧེ་བྷར་དང་མཉམ་དུ་བྲིས་པའི་དཔེ་དེབ་དེ་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཚོས་ངེས་པར་དུ་ཀློག་དགོས་པའི་དཔེ་དེབ་ཅིག་གྱུར། ལོ་ཤས་སྔོན་དེར་རྒྱ་ནག་གི་ཅང་སུའུ་ཞིང་ཆེན་གཞུང་གི་དཔེ་སྐྲུན་ཁང་ཞིག་གིས་ཇཱ་སི་ཊིན་ཊུ་རུ་ཌོའི་རང་རྣམ་རྒྱ་ཡིག་ལ་བསྒྱུར་ནས་དཔར་དུ་བསྐྲུན། སྲིད་བློན་ཊུ་རུ་ཌོས་ང་ནི་རང་གི་མི་ཚེའི་ལོ་རྒྱུས་རྒྱ་ནག་གི་གཞུང་གཉེར་དཔེ་སྐྲུན་ཁང་ཞིག་གིས་དཔར་དུ་བསྐྲུན་པར་འབྲེལ་བ་གང་ཡང་མེད་ཅེས་གསལ་བཀྲོལ་བྱས་འདུག ཨ་རི་དང་ཁེ་ན་ཌའི་རྒྱ་སྐད་བརྙན་འཕྲིན་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གིས་བཙུགས་པའི་སྐད་འཕྲིན་ཚོགས་པ་ཁག་ཏུ་རྒྱ་ནག་པ་ཚོས་སྲིད་བློན་ཊུ་རུ་ཌོའི་གཞུང་འཛིན་གུ་ཡངས་ཚོགས་པར་འོས་ཤོག་འཕེན་དགོས་ཞེས་ལས་འགུལ་སྤེལ་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཧི་ལ་རི་ཁེན་ལིན་ཊོན་གཉིས་ཀྱིས་ཁེ་ན་ཌའི་སྲིད་བློན་ཊུ་རུ་ཌོར་རྒྱབ་སྐྱོར་ཡོད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་རེ་སྤེལ་མོད། འོན་ཀྱང་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཁེ་ན་ཌའི་རྙིང་ཞེན་ཚོགས་པའི་འགོ་ཁྲིད་ཨོ་ཐུལ་ལ་རྒྱབ་སྐྱོར་ཡོད། ཁེ་ན་ཌའི་མི་དམངས་ཀྱིས་སྐུ་ཞབས་ཨོ་ཐུལ་ལ་འོས་ཤོག་འཕེན་རོགས་ཞེས་རྒྱབ་སྐྱོར་གྱི་གསལ་བསྒྲགས་མ་སྤེལ། ཁེ་ན་ཌའི་རྙིང་ཞེན་ཚོགས་པའི་འོས་འདེམས་ལས་འགུལ་ཁང་གི་གཙོ་འཛིན་གཞོན་པས་ང་ཚོ་ཌོ་ནལ་ལ་འབྲེལ་བ་ཅི་ཡང་མེད། སྲིད་བློན་ཊུ་རུ་ཌོའི་གཞུང་འཛིན་ཚོགས་པར་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་གྲངས་མང་གི་རྒྱལ་ཁ་མ་ཐོབ་པ་རྙིང་ཞེན་ཚོགས་པར་རྒྱལ་ཁ་ཆེན་པོ་ཞིག་ཡིན་ཞེས་གསལ་བསྒྲགས་སྤེལ། ཁེ་ན་ཌའི་རྙིང་ཞེན་ཚོགས་པ་གཅིག་པུའི་སྤྱི་བསྒྲགས་སུ་བོད་དོན་དང་ཞིན་ཅང་། ཧོང་ཀོང་དང་ཐེ་ཝན་སོགས་འཁོད་ཀྱང་སྲིད་དོན་ཚོགས་པ་གཞན་ཁག་གིས་སྤྱི་བསྒྲགས་ནང་དུ་བོད་དོན་ཞེས་མ་གསལ། ཁེ་ན་ཌའི་མཱིཀ་གྷིལ་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་སློབ་དཔོན་ཌན་ནིལ་བྷེ་ལན་ཌིས་སྲིད་བློན་ཊུ་རུ་ཌོས་ཡུལ་དུས་ལ་ཚོད་དཔག་ཐུབ་མ་སོང་། ད་ལྟའི་སྲིད་གཞུང་གསར་པའང་སྔོན་མའི་སྲིད་གཞུང་དང་གཅིག་མཚུངས་རེད། སྲིད་བློན་ཊུ་རུ་ཌོ་དང་གཞུང་འཛིན་གུ་ཡངས་ཚོགས་པས་བསྐྱར་དུ་སྲིད་དབང་འཛིན་ཐུབ་ཀྱི་ཡོད་ཀྱང་ཁེ་ན་ཌའི་མི་དམངས་ལ་ནད་ཡམས་དུས་སུ་འོས་འདེམས་བྱེད་འདོད་མེད་པ་ར་འཕྲོད་བྱུང་བ་རེད་ཅེས་དཔྱད་སྡོམ་བརྒྱབ་འདུག

XS
SM
MD
LG