ངོ་འཕྲད་བདེ་བའི་དྲ་འབྲེལ།

ཇཱོ་བྷ་ཌན་ཨ་རིའི་སྲིད་འཛིན་༤༦་པར་འདེམས་ཐོན་བྱུང་བའི་གནས་ཚུལ་ཐོན་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་ཨ་མི་རི་ཀའི་སྲིད་འཛིན་༤༦་པར་འདེམས་ཐོན་བྱུང་ཞིང་། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཇཱ་མའི་ཁ་དང་རྒྱ་གར་གྱི་ཕྱི་མི་གཞིས་ཆགས་པ་གཉིས་ཀྱི་བུ་མོ་སྟེ། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཀ་མ་ལ་ཧེ་རཱི་སི་ཨ་མི་རི་ཀའི་སྲིད་འཛིན་གཞོན་པར་འདེམས་ཐོན་བྱུང་འདུག ད་ལྟ་ཨ་རིའི་རླུང་འཕྲིན་ཁང་གིས་ཇཱོ་བྷ་ཌན་ཨ་རིའི་སྲིད་འཛིན་༤༦་པར་དངོས་སུ་འདེམས་ཐོན་བྱུང་བ་ངེས་གཏན་བྱེད་ཐུབ་ཀྱི་མེད་ཀྱང་འདས་པའི་ཉིན་འགའི་རིང་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ངེས་གཏན་མེད་པ་ཐག་ཆོད། ༢༠༢༠་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་སྐབས་སུ་ཇཱོ་བྷ་ཌན་ལ་མི་དམངས་ཀྱི་འོས་ཤོག་༧༤༠༠༠༠༠༠་ལྷག་ཐོབ་ཡོད་པ་རེད།།

ད་དུང་ཕྱི་ཟླ་༡༡་པའི་ཚེས་༣་ཉིན་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་བྱས་པའི་འོས་ཤོག་ཡོངས་རྫོགས་གྲངས་བཤེར་བྱས་ཟིན་མེད་དང་མངའ་སྡེ་འགའ་ཞིག་གི་འོས་ཤོག་རྣམས་བསྐྱར་དུ་གྲངས་ཀ་རྒྱག་དགོས་ཀྱི་ཡོད་པ་རེད། ཡིན་ནའང་ཇཱོ་བྷ་ཌན་ལ་ཨ་རིའི་པེན་སིལ་ཧྥེ་ཎི་ཡ་མངའ་སྡེར་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་༢༠་ཐམ་པ་ཡོད་པ་རྣམས་ཐོབ་སྟེ་གསར་འགྱུར་འབྲི་རྩོམ་བྱེད་པའི་སྐབས་འདིར་ཇཱོ་བྷ་ཌན་ལ་ཁྱོན་བསྡོམས་ཨ་རིའི་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་༢༧༣་ཐོབ། འོས་མི་གཉིས་ཀྱི་སུ་ལ་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་༢༧༠་འཐོབ་ན་ཨ་རིའི་འདེམས་ཐོན་སྲིད་འཛིན་ལ་འགྱུར། ཨ་རོའི་འཇོར་ཇཱི་ཡ་མངའ་སྡེར་ཇཱོ་བྷ་ཌན་ལ་འོས་ཤོག་༧༢༤༨་མང་བ་ཐོབ་ཡོད་ཀྱང་མངའ་སྡེ་དེའི་འོས་ཤོག་བརྒྱ་ཆ་བརྒྱ་ཐམ་པ་གྲངས་བཤེར་བརྒྱབ་ཚར་མེད་པ་དང་། ནེ་ཝྭ་ཌ་མངའ་སྡེར་ཇཱོ་བྷ་ཌན་ལ་འོས་ཤོག་༢༢༦༥༧་མང་བ་ཐོབ་ཀྱང་མངའ་སྡེ་དེའི་འོས་ཤོག་ཚང་མ་གྲངས་ཀ་བརྒྱབ་ཟིན་མེད་པ། ཨ་རི་ཛོ་ན་མངའ་སྡེར་ཇཱོ་བྷ་ཌན་ལ་འོས་ཤོག་༢༠༥༧༣་མང་བ་ཐོབ་ཡོང་ཀྱང་མངའ་སྡེའི་འོས་ཤོག་རྣམས་ཀྱང་གྲངས་ཀ་བརྒྱབ་མེད་པར་མ་ཟད། སྲིད་འཛིན་ཌོ་ནལ་ཊམ་གྱི་འོས་འདེམས་ལས་འགུལ་ཁང་གིས་ཨ་རིའི་མངའ་སྡེ་མང་དག་ཅིག་གི་འོས་ཤོག་རྣམས་བསྐྱར་དུ་གྲངས་བཤེར་བྱ་དགོས་ཞེས་ཁྲིམས་གཏུག་བྱེད་ཀྱི་ཅིང་། ཨ་རིའི་འོས་བསྡུའི་ཁྲིམས་ལུགས་ལྟར་འོས་མི་གཉིས་ལ་འོས་ཤོག་མང་ཉུང་གི་ཁྱད་པར་ཁྲི་ཚོ་གཉིས་ཡས་མས་ཤིག་ལས་མེད་ཚེ། མངའ་སྡེ་དེའི་འོས་ཤོག་ཚང་མ་བསྐྱར་དུ་གྲངས་བཤེར་བྱ་དགོས་པ་རེད།།

ཨ་རིའི་མངའ་སྡེ་ཁག་གི་འོས་ཤོག་གྲངས་བཤེར་བྱ་ཡུལ་ཁག་ཏུ་པར་ཆས་བཙུགས་པ་དང་སྤྱི་མཐུན་ཚོགས་པའི་རྟོག་ཞིབ་པ་རེ་དང་དམངས་གཙོ་ཚོགས་པའི་རྟོག་ཞིབ་པ་རེར་མཉམ་དུ་བཞག་ནས་འོས་ཤོག་གྲངས་བཤེར་ལ་ལྟ་རྟོག་བྱེད་ཀྱི་ཡོད་འདུག རྟོག་ཞིབ་པ་གཉིས་ཀྱི་གཅིག་ལ་འོས་ཤོག་དོགས་པ་ཅན་ཞིག་རྙེད་ན་དར་ཆ་དམར་པོ་ཆུང་ཆུང་ཞིག་འཕྱར་ཏེ་གང་ཟག་གསུམ་པ་ཞིག་ལ་བསྟན་ནས་འོས་ཤོག་གྲངས་བཤེར་པ་དང་རྟོག་ཞིབ་པ་གཉིས། གང་ཟག་གསུམ་པ་དེ་བཅས་མི་བཞི་མཉམ་འབྲེལ་ཐོག་ཏུ་འོས་ཤོག་དེ་རྩིས་ཡོད་དང་རྩིས་མེད་གཏོང་དགོས་མིན་ཐག་གཅོད་དགོས་འདུག

སྲིད་འཛིན་ཌོ་ནལ་ཊམ་གྱིས་འོས་འདེམས་ཀྱི་ཕྱི་ཉིན་དེར་བསྐུར་པའི་འོས་ཤོག་རྣམས་ཁྲིམས་འགལ་ཡིན་པ་དང་འོས་ཤོག་དེ་རྣམས་འོས་ཤོག་གི་གྲངས་འབོར་ཁོངས་སུ་རྩིས་མི་ཆོག་ཅེས་རྩོད་པ་རྒྱག་གི་ཡོད་མོད། འོན་ཀྱང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་མི་དང་ཨ་རིའི་གཞུང་ཚབ་ལས་ཁང་ཁག་གི་ལས་བྱེད་པ། ཁོ་ཚོའི་བཟའ་ཟླ་བཅས་ཀྱིས་འོས་འདེམས་ཕྱི་ཉིན་དེར་བསྐུར་པའི་འོས་ཤོག་རྣམས་ཁྲིམས་མཐུན་ཡིན་པ་དང་འོས་ཤོག་དེ་རྣམས་ཨ་རིའི་སྤྱི་ཡོངས་ཀྱི་འོས་ཤོག་ཁོངས་སུ་མ་རྩིས་དགོས་ཤིང་། སྲིད་འཛིན་ཌོ་ནལ་ཊམ་གྱི་སློབ་སྟོན་པ་ཚོས་ཨ་རིའི་དམག་མི་དང་ཕྱི་རྒྱལ་གྱི་གཞུང་ཚབ་ལས་ཁང་ཁག་གི་ལས་བྱེད་པའི་འོས་ཤོག་རྣམས་ཁྲིམས་འགལ་དུ་རྩིས་མི་ཐུབ་པའི་ཚོད་དཔག་བྱེད་ཀྱིན་འདུག

XS
SM
MD
LG