ངོ་འཕྲད་བདེ་བའི་དྲ་འབྲེལ།

ཇཱོ་བྷ་ཌན་གྱིས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་ཞལ་བཞེས། 


Donald Trump

༄༅།། ཕྱི་ཟླ་༨་པའི་ཚེས་༢༠་ཉིན་གྱི་དགོང་མོར་ཨ་རིའི་དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་གྱི་ཉིན་མཐའ་མའི་མཛད་སྒོའི་ཐོག་ཏུ་ཇཱོ་བྷ་ཌན་གྱིས་སྲིད་དོན་ཚོགས་པ་དེའི་སྲིད་འཛིན་འོས་མིར་ཞལ་བཞེས་ཀྱི་གསུང་བཤད་གནང་སྟེ། ད་ནས་ཕྱི་ཟླ་༡༡་པའི་ཚེས་༣་ཉིན་ཨ་མི་རི་ཀར་སྲིད་འཛིན་འོས་འདེམས་མ་བྱས་བར་དུ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷན་ཌན་དང་སྲིད་འཛིན་གཞོན་པའི་འོས་མི་ཀ་མ་ལ་ཧེ་རི་སི་གཉིས་ཀྱིས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་དང་སྲིད་འཛིན་གཞོན་པ་མེཀ་ཕེན་སི་གཉིས་ལ་འགྲན་རྩོད་བྱས་ནས་སྲིད་འཛིན་འོས་འདེམས་ཀྱི་ལས་འགུལ་སྤེལ་དགོས་ཤིང་། ད་ལོ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱིས་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཁག་སྲོལ་རྒྱུན་ལྟར་ཚོགས་ཐུབ་མེད་ཀྱང་ཉི་མ་བཞིར་དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་དྲྭ་ལམ་དུ་ཚོགས་ནས་སྲིད་དོན་ཚོགས་པ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ། སྲིད་འཛིན་གྱི་འོས་མིར་འགྲན་ཞུགས་བྱེད་མཁན་ཐམས་ཅད་ཀྱིས་ཇཱོ་བྷན་ཌན་ལ་རྒྱབ་སྐྱོར་གྱི་གཏམ་བཤད་བྱས་པ། དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི་ལོ་འདིའི་སྲིད་འཛིན་འོས་འདེམས་སྐབས་སུ་ཌོ་ནལ་ཊམ་དང་མེཀ་ཕེན་སི་གཉིས་ཕམ་ཉེས་གཏོང་རྒྱུ། ཨ་མི་རི་ཀ་ནང་ཁུལ་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་མེད་པ་དང་ཕྱི་ནས་ཆ་འཇོག་མེད་པ། ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་ཁྱབ་ནས་རྒྱལ་སྤྱིའི་ཐོག་ཏུ་ངོ་ཚ་དགོས་པ་ཞིག་ཏུ་གྱུར་ཡོད་པའི་མུན་ནག་གི་དུས་སྐབས་མྱུར་དུ་མཇུག་བསྒྲིལ་དུ་འཇུག་དགོས་ཞེས་མགྲིན་དབྱངས་གཅིག་གྱུར་གྱིས་བསྒྲགས།།

ཇཱོ་བྷན་ཌན་གྱིས་ལོ་༤༠་ཡས་མས་ཤིག་ལ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་དང་ལོ་༨་ལ་སྲིད་འཛིན་ཨོ་བྷ་མའི་མཉམ་དུ་སྲིད་འཛིན་གཞོན་པའི་ལས་ཁུར་བཞེས་པའི་རིང་དུ་གསུང་བཤད་གྲངས་ལས་འདས་པ་ཞིག་གནང་མྱོང་ཡོད་ཀྱང་མདང་དགོང་གི་གསུམ་བཤད་ནི་ཇཱོ་བྷ་ཌན་གྱི་མི་ཚེ་འདིའི་གསུང་བཤད་གལ་གནད་ཆེ་ཤོས་སུ་གྱུར། ཁོང་གིས་ཨ་མི་རི་ཀ་ཆེས་དཀའ་ངལ་ཆེ་བའི་གནས་སུ་ལྷུང་ཡོད་པའི་སྐབས་འདིར་མུན་ནག་གི་ལྡོག་ཟླ་ནི་སྣང་བ་ཡིན། ཁ་གཏོར་གྱི་ལྡོག་ཟླ་ནི་མཐུན་སྒྲིལ་ཡིན། འཆར་གཞི་དང་འགོ་ཁྲིད་ཀྱི་འཇོན་ཐང་མེད་པའི་ལྡོག་ཟླ་ནི་འཆར་གཞི་དང་ཉམས་མྱོང་། འཇོན་ཐང་རྣམས་ཡིན། གལ་སྲིད་ང་ཨ་མི་རི་ཀའི་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་སྲིད་འཛིན་གྱི་ལས་ཁུར་བཞེས་པའི་ཉིན་དང་པོ་ནས་ཏོག་དབྱིབས་ནད་དུག་ལ་གདོང་ལེན་བྱས་ནས་ཨ་མི་རི་ཀ་ཚབས་ཆེའི་ནད་ཡམས་འདི་ལས་ཐཪ་ཐབས་ཀྱི་ལས་དོན་བསྒྲུབ་རྒྱུ་ཡིན། མི་མང་ས་ཡ་མང་པོར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུ་དང་ཨ་རིའི་རྒྱལ་ཡོངས་སུ་རིམས་ནད་སྔོན་འགོག་གི་གཅིག་གྱུར་སྲིད་ཇུས་ཤིག་ལག་ལེན་བསྟར་རྒྱུ། ཨ་རིའི་སྨན་ཁང་ཁག་གི་ཡོ་བྱད་དང་རིམས་ནད་སྔོན་འགོག་གི་མཁོ་ཆས་རྣམས་ཨ་རིའི་ས་ཐོག་ཏུ་བཟོ་སྐྲུན་བྱས་ནས་ཨ་མི་རི་ཀ་ནམ་ཡང་རྒྱ་ནག་ལ་བརྟེན་མི་དགོས་པ་ཞིག་ལ་བསྒྱུར་རྒྱུ་ཡིན། སྲིད་འཛིན་ཌོ་ནལ་ཊམ་ལྟར་ཨ་རིའི་འབྱོར་ལྡན་པ་ཉུང་ཤས་ཤིག་ལ་དཔྱ་ཁྲལ་བཅག་ནས་ཁེ་སང་སྤྲོད་ཀྱི་ཡོད་པ་ཞིག་མིན་པར་ཨ་མི་རི་ཀའི་མི་དམངས་དཀྱུས་མ་དང་དབུལ་ཕོངས་ཀྱི་བདེ་སྡུག་ལ་ལྟ་རྟོག་ཐུབ་པ། ཨ་རིའི་སྤྱི་དམངས་བགྲེས་སོང་རྣམས་ལོ་ན་རྒས་དུས་རེ་ལྟོས་བཅོལ་ཡུལ་འབའ་ཞིག་སྟེ། སྤྱི་ཚོགས་འགན་སྲུང་གི་རྒས་ཕོགས་དང་སྨན་བཅོས་ཀྱི་འགྲོ་གྲོན་ཉུང་འཕྲི་བྱ་རྒྱུ་མིན་པའི་འགན་ལེན། ནད་ཡམས་ཀྱི་དུས་སུ་ལས་ཀ་ཤོར་པའི་ཨ་མི་རི་ཀའི་མི་མང་དང་ཚོང་ལས་ཆུང་ཁག་གི་དཀའ་ངལ་སེལ་རྒྱུ། ཨ་མི་རི་ཀར་མི་རིགས་དཀར་པོ་མཆོག་འཛིན་ལས་འགུལ་ལངས་ཏེ་མི་རིགས་དབྱེ་འབྱེད་ཀྱི་འགལ་ཟླ་ཆེ་རུ་འགྲོ་བཞིན་པར་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་ནན་བརྗོད་བྱས་འདུག

མདང་དགོང་གི་གསུམ་བཤད་ནང་དུ་ཇཱོ་བྷ་ཌན་གྱིས་ཨ་མི་རི་ཀའི་ཕྱི་སྲིད་ལ་འགྱུར་བ་གང་འདྲ་ཞིག་གཏོང་རྒྱུ་ཡིན་མིན་ཞིབ་ཕྲ་ཞིག་གསུངས་མེད་ཀྱང་ཨུ་རུ་སུ་དང་རྒྱ་ནག་སོགས་ཀྱིས་ཨ་མི་རི་ཀའི་ནང་སྲིད་ལ་ཐེ་གཏོགས་དང་ཨ་རིའི་འོས་འདེམས་ལ་གཏོར་བརླག་བྱེད་ཀྱི་ཡོད་པར་འཛེམ་ཟོན་དང་མངོན་ལྐོག་མེད་པར་འཐབ་རྒོལ་དྲག་པོ་བྱས་ནས་ཡན་པོར་གཏོང་རྒྱུ་མིན། སྲིད་འཛིན་ཌོ་ནལ་གྱི་དུས་སུ་ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག་གི་འབྲེལ་བ་སྡུག་ཏུ་སོང་ནས་ཨ་རི་གྲོགས་མེད་ཁེར་རྐྱང་དུ་ལུས་ནས་དཔའ་ཁེར་རྒྱུག་གི་སྲིད་ཇུས་ཤིག་བཟུང་ཡོད་པར་འགྱུར་བ་བཏང་སྟེ་ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཛའ་འབྲེལ་སླར་གསོ་བྱ་རྒྱུ་ཡིན། འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་ཨ་མི་རི་ཀས་འཛམ་གླིང་ལ་འགོ་ཁྲིད་བྱེད་པའི་གོ་གནས་བསྐྱར་འཛིན་བྱ་རྒྱུ་ཡིན་ཞེས་བཤད། དེར་བརྟེན་ཇཱོ་བྷ་ཌན་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གྱི་འབྲེལ་བ་ཡག་ཏུ་འགྲོ་རྒྱུ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྟོབས་ཤུགས་ཉམས་སྲིད་པའི་འཇིགས་སྣང་ཡོད་པ་མེད་པར་འགྱུར་རྒྱུ། མདང་དགོང་གི་གསུང་བཤད་སྐབས་སུ་ཇཱོ་བྷ་ཌན་གྱིས་རྒྱ་ནག་ལ་འབྲེལ་བ་གང་འདྲ་ཞིག་འཛིན་རྒྱུ་ཡིན་མིན་དང་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་ཕྱིན་ཡོད་པ་འདིར་ལྟ་སྟངས་གང་འདྲ་ཞིག་ཡོད་མེད་གསལ་པོར་བཤད་མེད་ཀྱང་ཨ་རིའི་དམངས་གཙོ་ཚོགས་པས་ཀྱང་རྒྱ་ནག་ལ་སྲིད་ཇུས་མཁྲེགས་པོ་ཞིག་འཛིན་དགོས་པའི་ལྟ་ཚུལ་ཤུགས་ཆེན་པོ་ཞིག་བཟུང་འདུག

ཇཱོ་བྷ་ཌན་གྱི་གཏམ་བཤད་དེས་སྲིད་འཛིན་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་པ་རྣམས་བློ་འགུགས་བྱེད་དཀའ། ཡིན་ནའང་ད་ལྟའི་སྲིད་གཞུང་ལ་འདོད་པ་མ་ཁེངས་པ་དང་ཨ་མི་རི་ཀ་ཁ་ཕྱོགས་ནོར་པ་ཞིག་ལ་སྐྱོད་ཀྱི་ཡོད་པའི་སྙམ་པའི་བསམ་བློ་འཛིན་མཁན། ལྷག་པར་དུ་སྲིད་འཛིན་ཌོ་ནལ་ཊམ་གྱི་སྤྱོད་པ་དང་གཡོ་ཁྲམ། ངོ་ཚ་མེད་པར་རྫུན་བཤད་ཀྱི་ཡོད་པ་སྐྱོན་དུ་མཐོང་མཁན། ཌོ་ནལ་ཊམ་ལ་འཇོན་ཐང་མེད་པ་དང་ལས་དོན་སྒྲུབ་ཕྱོགས་ལ་ཡི་ཐང་ཆད་པའི་ཨ་མི་རི་ཀ་བ་ཚོར་ཇཱོ་བྷ་ཌན་གྱི་གཏམ་བཤད་དེས་གདམ་ཀ་མ་འདྲ་བ་དང་ཕུགས་སྣང་མ་འདྲ་བ། ཨ་མི་རི་ཀ་སྔར་བཞིན་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་མི་དགོས་པའི་རེ་བ་གསར་པ་དང་ཕུགས་བསམ་གསར་པ་ཞིག་སྤྲོད་ཐུབ་ཡོད་ཅིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཇཱོ་བྷ་ཌན་ཁ་ལྕེ་དིག་ནས་གཏམ་བཤད་ཡག་པོ་ཞིག་འཁྱོངས་རྒྱུ་མིན་པའི་རེ་ལྟོས་འཆང་པའང་སྟོང་ཟད་དུ་གྱུར། ཇཱོ་བྷ་ཌན་གྱིས་རང་ཉིད་ལོ་ན་༧༧་ཐོག་ཏུ་སྲིད་འཛིན་འོས་མིར་ལངས་དགོས་པའི་རྒྱུ་མཚན་ཅི་ཡིན། ཌོ་ནལ་ཊམ་ལ་སླར་ཡང་ལོ་བཞིའི་རིང་དུ་སྲིད་དབང་འཛིན་དུ་བཅུག་ན་ཨ་མི་རི་ཀར་ཉེན་ཁ་ཅི་ཙམ་ཡོད་མེད་རྣམས་ར་སྤྲོད་གསལ་པོར་བྱེད་ཐུབ་འདུག བདུན་ཕྲག་རྗེས་མར་ཨ་རིའི་སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་འཚོགས་ནས་སླར་ཡང་ཌོ་ནལ་ཊམ་སྲིད་དོན་ཚོགས་པ་དེའི་སྲིད་འཛིན་འོས་མིར་འདེམས་བསྐོ་བྱ་རྒྱུ། ཁོ་ཚོས་ཨ་མི་རི་ཀའི་མི་དམངས་ལ་ཌོ་ནལ་ཊམ་བསྐྱར་དུ་སྲིད་འཛིན་ལ་འོས་འདེམས་བྱ་དགོས་དོན་ཅི་ཡིན། འདས་པའི་ལོ་བཞིའི་རིང་དུ་སྲིད་འཛིན་ཌོ་ནལ་ཊམ་ལ་གྲུབ་འབྲས་ཅི་ཞིག་ཐོན་ཡོད་མེད། གལ་སྲིད་ཌོ་ནལ་ཊམ་བསྐྱར་དུ་སྲིད་འཛིན་ལ་བདམས་ན་ཨ་མི་རི་ཀར་ཕམ་གྱོང་ཅི་ཞིག་རག་གི་ཡོད་མེད་རྣམས་ར་སྤྲོད་བྱས་ནས་མི་མང་འོས་ཤོག་འཕེན་མཁན་རྣམས་བློ་འགུགས་དགོས་པ་རེད།།

སྲིད་འཛིན་གཞོན་པའི་འོས་མི་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཀ་མ་ལ་ཧེ་རི་སི།
སྲིད་འཛིན་གཞོན་པའི་འོས་མི་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཀ་མ་ལ་ཧེ་རི་སི།

ད་ལོའི་སྲིད་འཛིན་འོས་འདེམས་ལ་ཇཱོ་བྷ་ཌན་གྱིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཀ་མ་ལ་ཧེ་རི་སི་སྟེ། ཨ་ཕ་ཇཱ་མེ་ཁ་ནས་ཨ་མི་རི་ཀར་གཏན་སྡོད་གཞིས་ཆགས་སུ་ཡོང་བའི་མི་རིགས་ནག་པོ་ཞིག་དང་། ཨ་མ་རྒྱ་གར་ནས་ཨ་མི་རི་ཀར་གཏན་སྡོད་གཞིས་ཆགས་སུ་ཡོང་བའི་མི་རིགས་འདྲེས་མ་དང་ཕྱི་མི་གཞིས་ཆགས་པའི་བུ་མོ་ཞིག་སྲིད་འཛིན་གཞོན་པའི་འོས་མིར་བདམས་པ་ནི་ཨ་མི་རི་ཀའི་ལོ་རྒྱུས་སུ་བྱུང་མྱོང་མེད་པ་དང་དམངས་གཙོ་ཚོགས་པའི་གཟི་བརྗིད་མཚོན་པ། དམངས་གཙོ་ཚོགས་པ་ནི་ཨ་རིའི་ཆོས་ལུགས་མ་འདྲ་བའི་རྗེས་འཇུག་པ་རྣམས་དང་མི་རིགས་སྣ་ཚོགས། ཆབ་སྲིད་ཀྱི་ལྟ་བ་འདྲ་མིན་འཛིན་པའི་མི་ཐམས་ཅད་ཁོངས་སུ་ཚུད་པའི་སྲིད་དོན་ཚོགས་པ་ཞིག་ཡིན་པའི་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་ཡོད་པར་བརྟེན། ཕྱི་ཟླ་༡༡་པའི་སྲིད་འཛིན་འོས་འདེམས་དུས་སུ་ཨ་མི་རི་ཀར་རྒྱ་གར་བ་ས་ཡ་༡༠་ཡས་མས་ཤིག་ཡོད་པ་དེ་དག་དང་ཨ་རིའི་མི་རིགས་ནག་པོ། ཨེ་ཤི་ཡའི་གྲངས་ཉུང་མི་རིགས་དང་ཁ་ཆེ་སོགས་ཀྱིས་ཇཱོ་བྷ་ཌན་དང་ཀ་མ་ལ་ཧེ་རི་སི་གཉིས་ལ་འོས་ཤོག་འཕེན་རྒྱུའི་རེ་བ་ཆེན་པོ་འདུག་ཅེས་མི་མང་གི་བསམ་ཚུལ་འདྲི་ཞིབ་པ་ཚོས་གླེང་། དཔེར་ན་༢༠༡༦་ལོར་ཨ་རིའི་ཝི་སི་ཀོན་སན་མངའ་སྡེར་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཧི་ལ་རི་ཁེ་ལིན་ཊོན་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་རྒྱུ་དང་མང་ཚོགས་ལ་དངོས་སུ་ཐུག་ནས་འོས་ཤོག་འཕེན་དགོས་པའི་ལས་འགུལ་སྤེལ་དུ་བསྐྱོད་མེད་པས་མངའ་སྡེ་དེའི་དམངས་གཙོ་ཚོགས་པའི་མི་རིགས་ནག་པོ་འོས་ཤོག་འཕེན་མཁན་བརྒྱ་ཆ་༡༡་གིས་ལོ་དེར་འོས་ཤོག་གཏན་ནས་འཕངས་མེད་མོད། འོན་ཀྱང་ད་ལོ་ཨ་མི་རི་ཀའི་དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་པ་དང་མི་རིགས་ནག་པོ། གྲངས་ཉུང་མི་རིགས་དང་ཤེས་ཡོན་ཅན། བུད་མེད་དང་སློབ་ཕྲུག ན་གཞོན་མང་པོ་ཞིག་གིས་ཇཱོ་བྷ་ཌན་དང་ཀ་མ་ལ་ཧེ་རི་སི་གཉིས་ལ་རྒྱབ་སྐྱོར་གྱི་འོས་ཤོག་འཕེན་དགོས་ཞེས་དང་བླངས་ཐོག་ཏུ་མི་དམངས་ལ་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་གྱི་ཡོད་པ་དེ་ལ་བལྟས་ཚེ། སྲིད་འཛིན་ཌོ་ནལ་ཊམ་གྱིས་མི་རིགས་དཀར་པོ་མཆོག་འཛིན་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་སྐྱེ་བོ་མང་དག་ཅིག་སྤྱི་ཚོགས་ཀྱི་མཐའ་ཟུར་དུ་ཕུད་ཡོད་པ་ཚོར་རང་ཉིད་དམངས་གཙོ་ཚོགས་པའི་ཁོངས་སུ་གཏོགས་ཀྱི་འདུག་སྙམ་པའི་འདུ་ཤེས་གསར་པ་ཞིག་རྙེད་དུ་འཇུག་ཐུབ་ཡོད་པ་རེད།།

XS
SM
MD
LG