ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧོང་ཀོང་གི་གསར་ཤོག་བདག་པོ་ཇཱི་མཱི་ལེ སླར་ཡང་འཛིན་བཟུང་། 


ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་རྒྱབ་སྐྱོར་བ་དང་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་བདག་པོ།   ཧོང་ཀོང་གི་འབྱོར་ལྡན་པ་ཇཱི་མཱི་ལེ། ༢༠༢༠།༡༢།༣༡
ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་རྒྱབ་སྐྱོར་བ་དང་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་བདག་པོ།   ཧོང་ཀོང་གི་འབྱོར་ལྡན་པ་ཇཱི་མཱི་ལེ། ༢༠༢༠།༡༢།༣༡

༄༅།། ཉེ་ཆར་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་རྒྱབ་སྐྱོར་བ་དང་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་བདག་པོ། ཧོང་ཀོང་གི་འབྱོར་ལྡན་པ་ཇཱི་མཱི་ལེས་ཧོང་སྒོར་བྱེ་བ་གཅིག་གཏའ་མར་བཞག་སྟེ་བཙོན་ཁང་ནས་གློད་གྲོལ་ཐོབ། དེ་རིང་ཕུར་བུའི་ཉིན་ཧོང་ཀོང་གཞུང་གིས་ལོ་ན་༧༣་ལ་སོན་པའི་ཇཱི་མཱི་ལེ་སླར་ཡང་འཛིན་བཟུང་དང་དངུལ་སྒོར་གཏའ་མར་བཞག་ནས་གློད་གྲོལ་བྱུང་བའི་ཐོབ་ཐང་ཕྱིར་བསྡུ། ཇཱི་མཱི་ལེའི་ནག་ཉེས་གཙོ་བོ་ནི་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་དང་མངའ་ཁུལ་དེའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཁག་ལ་མཉམ་ཞུགས་བྱས་པ་དེར་ཐུག་འདུག རྒྱ་ནག་གཞུང་གིས་ཇཱི་མཱི་ལེས་མངའ་ཁུལ་དེའི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལ་འགལ་འཛོལ་བྱུང་སོང་། ཁོ་པས་གཡོ་ཁྲམ་དང་རྒྱ་ནག་དགྲ་ཟླར་འཛིན་པའི་ཕྱི་རྒྱལ་བ་ཚོར་ངན་འབྲེལ་བྱས་སོང་ཞེས་ནག་ཉེས་བཙུགས། ལོ་འདིའི་ཕྱི་ཟླ་༦་པའི་ཚེས་༣༠་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པའི་ཁྲིམས་གསར་པ་ཞིག་ལག་ལེན་བསྟར་ནས་དམངས་གཙོའི་ཕྱོགས་ཁག་གི་རྒྱབ་སྐྱོར་བ་དང་ལས་འགུལ་བ། ཧོང་ཀོང་གི་དམངས་གཙོ་དང་རང་དབང་འཐབ་རྩོད་པ་རྣམས་མགོ་བོ་འབུར་བཅོམ་དང་འཛིན་བཟུང་བཙོན་འཇུག ཧོང་ཀོང་གི་ལས་འགུལ་བ་རྣམས་མངའ་ཁུལ་དེར་གནས་བཟོད་མེད་པར་བཏང་སྟེ་ཕྱིའི་རྒྱལ་ཁབ་ཁག་ལ་བཙན་བྱོལ་དུ་འབྲོ་དགོས་པ་ཞིག་ཏུ་གྱུར། ཇཱི་མཱི་ལེའི་གསར་འགྱུར་ལས་ཁང་ལའང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ལྟར་སྔོག་བཤེར་བྱས་ནས་ཚགས་པར་གྱི་བདག་པོ་འཛིན་བཟུང་བྱས་ཡོད་པ་རེད།།

ཕྱི་ཟླ་༡༢་པའི་ཚེས་༣༡་ཉིན་ཇཱི་མཱི་ལེ་ཧོང་ཀོང་གི་ཆེས་མཐོའི་ཁྲིམས་ཁང་ལ་ཁྲིད་པའི་སྐབས་སུ་ས་གནས་དེའི་གསར་འགོད་པ་དང་ཕྱི་རྒྱལ་གྱི་གསར་འགོད་པ་། ཁོང་གི་རྒྱབ་སྐྱོར་བ་བཅས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་སོགས་མི་བརྒྱ་ཕྲག་མང་པོ་འདུས། ཧོང་ཀོང་གི་ཆེས་མཐོའི་ཁྲིམས་ཁང་གིས་ཁང་མིག་གཞན་པ་གཉིས་སྒོ་ཕྱེ་ནས་གསར་འགོད་པ་དང་མི་ཚོགས་རྣམས་ཤོང་ཐབས་བྱས་པར་མ་ཟད། ཁྲིམས་ཁང་གི་ཉན་ཞིབ་ལས་དོན་གྱི་རྒྱུད་རིམ་རྣམས་ཐད་ཀར་རྒྱང་སྲིང་བྱེད་དུ་བཅུག་འདུག ཁྲིམས་ཁང་གི་ཕྱི་ལོགས་སུ་རྒྱ་གཞུང་གི་ཕྱོགས་གཏོགས་པ་ཁག་ཅིག་གིས་ཇཱི་མཱི་ལེ་ལ་ཁྲིམས་གཅོད་དྲག་པོ་བྱ་དགོས་ཞེས་སྐད་བརྒྱབ། ཧོང་ཀོང་གི་ཉེན་རྟོག་པས་རྒྱང་བསྒྲགས་ནང་དུ་གླུ་གཞས་བཏང་ནས་ཁྲིམས་ཁང་ཕྱི་ལོགས་ཀྱི་འུར་ཟིང་བཀག་ཀྱང་ངོ་རྒོལ་བ་རྣམས་འཛིན་བཟུང་བྱས་མེད་ཅིང་། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལག་ལེན་ཚུལ་བཞིན་བསྟར་ན་ཧོང་ཀོང་གི་ས་གནས་ཁག་ཏུ་མི་ཚོགས་འདུ་འཛོམ་གྱི་ངོ་རྒོལ་དང་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཆོག་གི་མེད་པ་སྟེ། ཧོང་ཀོང་གི་དམངས་གཙོའི་ཕྱོགས་ཁག་གི་ངོ་རྒོལ་ལས་འགུལ་དང་འདུ་འཛོམ་མཐའ་དག་ལ་ཉེན་རྟོག་པས་དྲག་གནོན་དང་ལས་འགུལ་བ་རྣམས་འཛིན་བཟུང་བྱེད་པའམ། ཡང་ན་མི་ཚོགས་ཁྲོད་དུ་མཆི་འབྱིན་དུག་རླངས་གཏོར་པ་དང་རྒྱུག་རྡུང་བྱེད་པ། ཆུ་མདའ་སོགས་ཀྱིས་ཁ་གཏོར་བཏང་སྟེ་ཧོང་ཀོང་ནི་རྒྱ་ནག་གི་གྲོང་ཁྱེར་ཁག་དང་ངོ་བོ་དབྱེར་མེད་དུ་གྱུར། ཧོང་ཀོང་ས་གནས་གཞུང་གིས་ཇཱི་མཱི་ལེས་དངུལ་སྒོར་གཏའ་མར་བཞག་ནས་གློད་གྲོལ་བཏང་བའི་འགན་རྒྱར་རྒྱབ་འགལ་བྱས་སོང་། ཁོ་པར་ཁྲིམས་བཤེར་མ་བྱས་བར་དུ་བཙོན་འཇུག་བྱ་དགོས་ཞེས་ཁ་མཆུ་བཙུགས། ད་ལྟ་གྱོད་གཞི་དེར་ཐག་གཅོད་ཇི་ལྟར་བྱ་རྒྱུ་ཡིན་མིན་ནི་ཧོང་ཀོང་གི་ཆེས་མཐོའི་ཁྲིམས་ཁང་ལ་ཐུག་ཡོད། གལ་སྲིད་ཧོང་ཀོང་གི་ཆེས་མཐོའི་ཁྲིམས་ཁང་གིས་མངའ་ཁུལ་དེའི་རང་དབང་ལ་སྲུང་སྐྱོབ་དང་རྒྱ་ནག་གི་ཐེ་ཇུས་འགོག་མ་ཐུབ་ཚེ། ཧོང་ཀོང་ལ་མཐར་ཐུག་གི་རེ་ལྟོས་འཆང་ས་ཞིག་ཡོད་པའང་མེད་པར་གྱུར་ནས་མངའ་ཁུལ་དེའི་ཁྲིམས་འཛིན་ལས་དོན་ལ་རྒྱ་ནག་གིས་ཐད་ཀར་སྟངས་འཛིན་བྱ་རྒྱུའི་ཉེན་ཁ་ཆེ། ཧོང་ཀོང་བ་མང་དག་ཅིག་གིས་མངའ་ཁུལ་དེར་རྒྱ་ནག་སྐམ་ས་ཆེན་མོ་དང་མ་འདྲ་བའི་རང་བཙན་གྱི་ཁྲིམས་འཛིན་ལམ་ལུགས་ཤིག་ཡོད་པ་མེད་པར་འགྱུར་རྒྱུ། ཧོང་ཀོང་གི་ཁྲིམས་ཁང་རྣམས་རྒྱ་ནག་གི་ཁྲིམས་ཁང་ལྟར་འགྱུར་རྒྱུའི་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།།

ཕྱི་ཟླ་༡༢་པའི་ཚེས་༢༣་ཉིན་ཧོང་ཀོང་གི་དམའ་རིམ་ཁྲིམས་ཁང་ཞིག་གིས་ཇཱི་མཱི་ལེས་དངུལ་སྒོར་གཏའ་མར་བཞག་ནས་གློད་གྲོལ་གཏོང་ཆོག་ཅེས་ཐག་བཅད། ཧོང་ཀོང་གཞུང་གི་ཁྲིམས་སྦྱོར་བ་ཚོས་དམའ་རིམ་ཁྲིམས་ཁང་གིས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དེའི་དགོངས་དོན་ལ་གོ་བ་ལོག་པ་བླངས་ནས་ཇཱི་མཱི་ལེས་དངུལ་སྒོར་གཏའ་མར་བཞག་ནས་གློད་གྲོལ་གཏོང་ཆོག་པའི་ཐག་བཅད་སོང་། ཁྲིམས་དཔོན་གྱི་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་འགྲེལ་སྟངས་ལ་ནོར་འཁྲུལ་སོང་ཞེས་རྩོད་པ་བརྒྱབ། ཧོང་ཀོང་གཞུང་གི་ཁྲིམས་རྩོད་པ་ལི་ཝན་ཐང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་དབང་ཚད་མངའ་ཁུལ་དེའི་ཁྲིམས་ཁང་ཁག་ལ་ཁྱབ་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་མི་ཞིག་དངུལ་སྒོར་གཏའ་མར་བཞག་ནས་གློད་གྲོལ་བཏང་བའི་ཐག་གཅོད་ལ་ཆོད་སློག་གཏོང་ཆོག་ཟེར། ཇཱི་མཱི་ལེའི་ཁྲིམས་རྩོད་པ་ཕི་ཊར་དྷུན་ཁན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་དབང་ཚད་ཧོང་ཀོང་གི་ཆེས་མཐོའི་ཁྲིམས་ཁང་ལ་ཁྱབ་ཀྱི་མེད། ཧོང་ཀོང་གི་ཆེས་མཐོའི་ཁྲིམས་ཁང་ལ་མངའ་ཁུལ་དེའི་གཞུང་གིས་འཛིན་བཟུང་བྱས་པའི་མི་རྣམས་དངུལ་སྒོར་གཏའ་མར་བཞག་སྟེ་གློད་གྲོལ་གཏོང་དུ་འཇུག་ཆོག་པའི་དབང་ཚད་ཡོད། དམའ་རིམ་ཁྲིམས་ཁང་གིས་ཇཱི་མཱི་ལེས་དངུལ་སྒོར་གཏའ་མར་བཞག་སྟེ་གློད་གྲོལ་གཏོང་ཆོག་པའི་ཐག་གཅོད་བྱས་པ་རང་སོར་གནས་དགོས། ཁྲིམས་ཁང་གིས་ཐག་བཅད་ཟིན་པ་ཞིག་ལ་བསྐྱར་དུ་ཁྲིམས་བཤེར་དང་ཆོད་སློག་གཏོང་དགོས་པའི་གཞི་རྩ་མེད་ཅེས་རྩོད་པ་བརྒྱབ་པའི་གནས་ཚུལ་ཐོན།།

ཧོང་ཀོང་གིས་དམའ་རིམ་ཁྲིམས་ཁང་ཞིག་གིས་ཇཱི་མཱི་ལེས་ཕྱིར་སྐྱོད་ལག་འཁྱེར་རྩིས་སྤྲོད་བྱ་རྒྱུ་དང་ཕྱི་རྒྱལ་གྱི་མི་ལ་ཐུག་འཕྲད་བྱེད་མི་ཆོག་པ། གསར་ཤོག་ཁག་དང་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་སོགས་ལ་རྩོམ་ཡིག་སྤེལ་མི་ཆོག་པ། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་བཅར་འདྲི་ཁག་ལ་དང་ལེན་བྱས་ནས་སྐད་ཆ་བཤད་མི་ཆོག་པའི་ཆ་རྐྱེན་འོག་ཏུ་དངུལ་སྒོར་གཏའ་མར་བཞག་ནས་གློད་གྲོལ་ཐོབ། ཁ་སྔོན་གཟའ་ཉི་མར་རྒྱ་ནག་གི་མི་དམངས་ཉིན་རེའི་ཚགས་པར་ལ་ཇཱི་མཱི་ལེས་དངུལ་སྒོར་གཏའ་མར་བཞག་སྟེ་གློད་གྲོལ་ཐོབ་པར་སྐྱོན་བརྗོད་དྲག་པོའི་རྩོམ་ཡིག་ཅིག་བཀོད། རྩོམ་ཡིག་དེར་ཁྲིམས་ཁང་གི་ཐག་གཅོད་དེས་ཧོང་ཀོང་གི་ཁྲིམས་སྐྱོང་ལམ་ལུགས་ལ་གཏོར་བརླག་ཚབས་ཆེན་ཞིག་ཐེབས་སོང་། ཇཱི་མཱི་ལེ་ནི་མི་ངན་རྫབ་ཆེན་ཞིག་རེད། ཁོ་པས་དངུལ་སྒོར་གཏའ་མར་བཞག་སྟེ་བཙོན་ཁང་ནས་གློད་གྲོལ་ཐོབ་པའི་གོ་སྐབས་བཟུང་ནས་ལྐོག་ཏུ་བྲོས་བྱོལ་ལ་འགྲོ་རྒྱུ་དཀའ་ངལ་ཆེན་པོ་ཞིག་མ་རེད། རྒྱ་ནག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་དོན་ཚན་༥༥་པ་གཞི་རྩར་བཟུང་སྟེ་ཧོང་ཀོང་གི་ཁྲིམས་འཛིན་ལམ་ལུགས་ལ་ཐེ་གཏོགས་བྱེད་ཆོག ཇཱི་མཱི་ལེའི་ཁ་མཆུ་དེ་རྒྱ་ནག་གཞུང་གིས་རྩིས་ལེན་བྱེད་ཆོག་གི་རེད་ཅེས་ཉེན་བརྡ་བཏང་འདུག ཐོག་མར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་འཛིན་སྐྱོང་འགོ་ཁྲིད་ཚོ་པེ་ཅིང་གི་དབང་སྒྱུར་འོག་ཏུ་བསྡུས། དེ་ནས་ཧོང་ཀོང་གི་གྲོས་ཚོགས་སུ་དམངས་གཙོ་ཚོགས་པའི་འཐུས་མི་ཡོད་པ་རྣམས་རྩིས་མེད་བཏང་བ་དང་རྩ་དགོངས་ཞུ་རུ་བཅུག་སྟེ་ཁྲིམས་བཟོ་ལྷན་ཚོགས་རྒྱ་ནག་གི་དབང་སྒྱུར་འགོ་ཏུ་བསྡུས། མཐར་ཧོང་ཀོང་ལ་རང་བཙན་གྱི་ཁྲིམས་འཛིན་ལམ་ལུགས་ཤིག་དར་ཡོད་པར་རྒྱ་ནག་གཞུང་གིས་ཐེ་ཇུས་བྱས་ནས་མངའ་ཁུལ་དེའི་འཛིན་སྐྱོང་དང་ཁྲིམས་བཟོ། ཁྲིམས་ཁང་བཅས་དམངས་གཙོའི་ཀ་བ་གསུམ་ལྡན་རྣམས་རྩ་མེད་བཏང་ནས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་ཏུ་བསྡུ་ཐབས་བྱེད་ཀྱི་ཡོད་པ་རེད།།

ཇཱི་མཱི་ལེའི་ཀུ་ཤུ་ཉིན་རེའི་ཚགས་པར་ནི་རྒྱ་ནག་གི་འགོ་ཁྲིད་ཚོའི་མིག་གི་ནང་གི་ཚེར་མ་ལྟར་དུ་གྱུར། བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་ཇཱི་མཱི་ལེ་ཚགས་པར་དེའི་གཙོ་འཛིན་དང་སྤྱི་ཁྱབ་འགན་འཛིན་གྱི་གོ་གནས་ནས་དགོངས་པ་ཞུས། ཁོ་པས་ངས་ཁྲིམས་གཏུག་དང་སྒེར་དོན་ལ་དོ་སྣང་མང་ཙམ་བྱ་རྒྱུའི་ཆེད་དུ་ལས་གནས་ནས་དགོངས་པ་ཞུས་པ་ཡིན། ཁོ་བོ་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་ཚོར་མཐུན་པོ་མ་བྱུང་བར་གཙོ་འཛིན་དང་སྤྱི་ཁྱབ་འགན་འཛིན་གྱི་ལས་གནས་ནས་དགོངས་པ་ཞུས་པ་ཞིག་མིན་ཞེས་བཀྲལ། ཁ་སང་གཟའ་ལྷག་པའི་ཉིན་རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་༡༠་ལ་ལོ་༣་ནས་ཟླ་བ་༧་བར་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དེ་རྣམས་མགྱོགས་གྲུའི་ནང་དུ་ཐེ་ཝན་ལ་བྲོས་བྱོལ་དུ་སོང་རུང་རྒྱ་ནག་གི་མཚོ་སྲུང་དམག་གི་ལག་ཏུ་ཐེབས། རྒྱ་ནག་གི་ཁྲིམས་ཁང་དེས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་རྣམས་ཁྲིམས་འགལ་ཐོག་ཏུ་རྒྱལ་སྤྱིའི་ས་མཚམས་བརྒལ་ཐབས་བྱས་པ་རེད་ཅེས་ནག་ཉེས་བཙུགས། ཧྲེན་ཀྲེན་གྲོང་ཁྱེར་གྱི་ཡན་ཐེན་མི་དམངས་ཁྲིམས་ཁང་གིས་ཐང་ཁེ་དབྱིན་དང་ཆུའི་དབྱིན་མུན་གཉིས་ཀྱིས་ཐེ་ཝན་ལ་བྲོས་བྱོལ་དུ་འགྲོ་རྒྱུ་དེར་འགོ་ཁྲིད་པ་རེད། ཁོ་ཚོར་ལོ་གསུམ་དང་གཉིས་རེའི་བཙོན་འཇུག་གི་ཁྲིམས་ཐག་དང་ཨ་སྒོར་༣༠༠༠་རེའི་ཉེས་ཆད་བཅད་པ་ཡིན། མི་གཞན་པ་༨་ལ་ཟླ་བ་བདུན་རེའི་བཙོན་འཇུག་གི་ཁྲིམས་ཐག་དང་དངུལ་སྒོར་ཉུང་ཉུང་རེའི་ཆད་པ་བཅད་པ་ཡིན་ཞེས་བཅད་ཁྲ་བསྒྲགས། ཁོ་ཚོའི་གྲས་སུ་ལོ་ཆུང་གཉིས་ཡོད་པ་དེ་དག་ཧོང་ཀོང་ལ་ཕྱིར་སློག་བྱས་ཀྱང་ཧོང་ཀོང་ས་གནས་གཞུང་གིས་ལོ་ཆུང་དེ་ཚོར་ནག་ཉེས་བཙུགས་ནས་ཁྲིམས་གཅོད་བྱ་སྲིད། རྒྱ་ནག་གཞུང་གིས་ཁྲིམས་ཐག་བཅད་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དེ་དག་ལ་སྒེར་གྱི་ཁྲིམས་རྩོད་པ་གླ་ཆོག་པ་དང་ཧོང་ཀོང་ནས་ཡོང་བའི་ཁྲིམས་རྩོད་པར་ཐུག་འཕྲད་བྱེད་ཆོག་པའི་ཐོབ་ཐང་སོགས་ཅི་ཡང་མ་སྤྲད་པར་ཁྲིམས་བཤེར་དྲང་སྙོམས་ཤིག་གཏན་ནས་བྱུང་མེད་པ་རེད།།

XS
SM
MD
LG