ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཉི་ཧོང་གི་བཟོ་ཚོང་ལས་ཁང་ཁག་རྒྱ་ནག་ནས་ཕྱིར་འཐེན་བྱ་འཆར། 


༄༅།། ད་ལོ་ཉི་ཧོང་གི་བཟོ་ཚོང་ལས་ཁང་༡༧༠༠་ལྷག་རྒྱ་ནག་ནས་ཕྱིར་འཐེན་བྱས་ཏེ་རང་ཡུལ་དུ་ཕྱིར་ལོག་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་གནས་སྤོར་བྱ་རྒྱུ། ཉི་ཧོང་གཞུང་གིས་རང་གི་བཟོ་ཚོང་ལས་ཁང་ཁག་ལ་ཨ་སྒོར་དུང་ཕྱུར་མང་པོ་གནས་སྤོར་གྱི་འགྲོ་གྲོན་རོགས་རམ་སྤྲད་ནས་རྒྱ་ནག་གཅིག་པུར་བརྟེན་མི་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར། ད་ལྟ་རྒྱ་ནག་གི་གྲོང་ཁྱེར་ཁག་གི་བཟོ་གྲྭ་མང་དག་ཅིག་སྒོ་བརྒྱབ་ནས་ས་གནས་དེ་དག་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོར་བློ་འཚབ་ཆེན་པོ་ཡོང་གི་ཡོད་པའི་གནས་ཚུལ་ཐོན། རྒྱ་ནག་གི་གསར་ཤོག་ཁག་དང་ཉི་ཧོང་གི་ཡོ་མིའུ་རི་ཤིམ་བྷུན་གསར་ཤོག་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཀོང་ཏུང་ཞིང་ཆེན་དང་ཅང་སུའུ་ཞིང་ཆེན། ཀྲེ་ཅང་ཞིང་ཆེན་གྱི་འགོ་ཁྲིད་ཚོས་ཉི་ཧོང་གི་བཟོ་ཚོང་ལས་ཁང་ཁག་རྒྱ་ནག་ནས་ཕྱིར་འཐེན་དང་གནས་སྤོར་བྱ་མི་དགོས་པའི་ཞུ་བ་ནན་པོ་འཐེན་གྱི་ཡོད་སྐད། ཉི་ཧོང་ནི་རྒྱ་ནག་ལ་ཕྱི་རྒྱལ་གྱིས་མ་རྩ་བཙུགས་ནས་ཚོང་ལས་གཉེར་མཁན་རྒྱལ་ཁབ་ཨང་གསུམ་པ་དེ་ཡིན་ཞིང་། རྒྱ་ནག་གི་འབྱོར་ལྡན་ཞིང་ཆེན་གསུམ་གྱི་ས་ཐོག་ཏུ་ཚུགས་པའི་ཉི་ཧོང་གི་བཟོ་གྲྭ་ཁག་སྒོ་བརྒྱབ་ན་བཟོ་པ་དང་ལས་རྩོལ་བ་ཁྲི་ཚོ་མང་པོ་ལས་ཀ་མེད་པར་གྱུར་ནས་དཔལ་འབྱོར་ཉམས་རྒུད་འགྲོ་རྒྱུ། ཀོང་ཏུང་དང་ཅང་སུའུ། ཀྲེ་ཅང་གསུམ་གྱི་སྤྱི་ཡོངས་དཔལ་འབྱོར་ཐོན་སྐྱེད་ཉུང་དུ་འགྲོ་སྲིད་པའི་ཉེན་ཁ་ཆེ། ལོ་འདིའི་ཕྱི་ཟླ་༤་པའི་ནང་དུ་ཉི་ཧོང་གི་སྲིད་བློན་ཤཱིན་ཛོ་ཨ་བྷེ་དགོངས་པ་ཞུས་ནས་བཟུང་། སྲིད་བློན་གསར་པ་སཱུ་གྷས་རྒྱ་ནག་ནས་ཉི་ཧོང་གི་བཟོ་ཚོང་ལས་ཁང་ཁག་ཕྱིར་འཐེན་བྱ་དགོས་པའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཤུགས་ཇེ་ཆེ་དང་ཇེ་མགྱོགས་སུ་བཏང་འདུག

སྔ་ལོ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་དུག་ཁྱབ་པའི་རྗེས་སུ་འཛམ་གླིང་ཡོངས་ལ་དཀའ་ངལ་ཚབས་ཆེན་ཞིག་འཕྲད། དཔེར་ན་ཏོག་དབྱིབས་ནད་དུག་ཁྱབ་གདལ་དུས་སུ་ཉི་ཧོང་གི་སྤྱི་ཚོགས་སུ་ཁ་རས་དང་སྨན་ཁང་གི་ཡོ་བྱད། སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་མཁོ་ཆས་རྣམས་རྒྱ་ནག་ནས་ནང་འདྲེན་བྱ་དགོས་པས་ཉི་ཧོང་དང་ཡུ་རོབ་མཉམ་འབྲེལ། ཨ་མི་རི་ཀ་དང་རྒྱ་གར་སོགས་ལ་ཛ་དྲག་གི་མཁོ་ཆས་རྣམས་མེད་པར་གྱུར་པ་དང་མཁོ་ཆས་དེ་རྣམས་རྒྱ་ནག་ནས་བཟོ་སྐྲུན་དང་རྒྱ་ནག་ནས་ནང་འདྲེན་བྱ་དགོས་པར་ཉེན་ཁ་ཆེན་པོ་ཞིག་ཡོད་པ་ངོས་ཟིན། དེ་ནས་ཉི་ཧོང་གཞུང་གིས་ཨ་སྒོར་ཐེར་འབུམ་༢་དང་གྲངས་ཆུང་༣༥་རོགས་རམ་སྤྲད་ནས་ཉི་ཧོང་གི་བཟོ་ཚོང་ལས་ཁང་ཁག་རང་ཡུལ་ལ་ཕྱིར་ལོག་བྱེད་པའམ། ཡང་ན་རྒྱ་ནག་ནས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཨིན་རྡུ་ནེ་ཤི་ཡ་དང་ཝྭི་ཏེ་ནམ། ཧྥི་ལི་ཕིན་དང་མ་ལེ་ཤི་ཡ། རྒྱ་གར་སོགས་ལ་གནས་སྤོར་བྱ་དགོས་པའི་སྐུལ་ལྕག་བཏང་སྟེ་ཉི་ཧོང་གི་ཚོང་ལས་དང་དཔལ་འབྱོར་གྱི་ཁྲོམ་ར་རྣམས་རྒྱལ་ཁབ་མང་དག་ཅིག་ལ་ཁ་བཀྲམ་ནས་ཚོང་ལས་གཉེར་དགོས་ཞེས་ནན་གྱིས་བསྐུལ། ཉི་ཧོང་གཞུང་གི་སྐུལ་ལྕག་ལ་བརྟེན་ནས་ལོ་འདིའི་ཕྱི་ཟླ་༧་གཅིག་པུར་ཉི་ཧོང་གི་བཟོ་ཚོང་ལས་ཁང་༥༧་གྱིས་རྒྱ་ནག་གི་ས་ཐོག་ཏུ་བཙུགས་ཡོད་པའི་བཟོ་གྲྭ་རྣམས་སྒོ་བརྒྱབ་ནས་རང་ཡུལ་དུ་ཕྱིར་ལོག ཉི་ཧོང་གི་བཟོ་ཚོང་ལས་ཁང་༣༠་ཐམ་པ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་གཞིས་སྤོར། ༢༠༢༠་ལོའི་དུས་ཚིགས་གསུམ་པའི་གཞུག་དེར་ཉི་ཧོང་གི་བཟོ་ཚོང་ལས་ཁང་༡༧༠༠་ལྷག་གིས་རྒྱ་ནག་ནས་ཕྱིར་འཐེན་བྱ་རྒྱུ་ཡིན། ཉི་ཧོང་གཞུང་གིས་གནས་སྤོར་གྱི་འགྲོ་གྲོན་རོགས་དངུལ་གཏོང་དགོས་ཞེས་སྙན་ཞུ་ཕུལ། པེ་ཅིང་དུ་བཅའ་སྡོད་ཉི་ཧོང་གཞུང་ཚབ་ཁང་དུ་བཟོ་གྲྭ་གནས་སྤོར་གྱི་ལས་དོན་ཚོགས་ཆུང་ཟུར་དུ་བཙུགས་ནས་མཐུན་འགྱུར་རོགས་རམ་བྱེད་ཀྱི་འདུག་ཅེས་ཡོ་མིའུ་རི་ཤིམ་བྷུན་གསར་ཁང་གིས་གནས་ཚུལ་སྤེལ།།

ཉི་ཧོང་གི་བཟོ་ཚོང་ལས་ཁང་ཁག་རང་ཡུལ་ལ་ཕྱིར་ལོག་དང་རྒྱལ་ཁབ་གཞན་ལ་གནས་སྤོར་བྱེད་ཀྱི་ཡོད་པ་དེས་རྒྱ་ནག་གི་གྲོང་ཁྱེར་ཁག་གི་འགོ་ཁྲིད་ཚོར་དངང་སྐྲག་ལངས། རྒྱ་ནག་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁག་གི་འགོ་ཁྲིད་ཚོས་རང་གི་ས་ཐོག་ཏུ་ཚུགས་ཡོད་པའི་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་སྔར་བཞིན་གནས་ཐབས་སུ་དཔྱ་ཁྲལ་ཆག་ཡང་དང་ས་གླའི་རིན་གོང་ཆུང་དུ་གཏོང་བ། རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་ཉི་ཧོང་ལ་ཕྱིར་ལོག་དང་རྒྱལ་ཁབ་གཞན་ལ་གནས་སྤོར་བྱེད་ཀྱི་ཡོད་པའི་བཟོ་ཚོང་ལས་ཁང་ཁག་ནད་དུག་བརྟག་དཔྱད་ཡོ་བྱད་དང་ཁ་རས། སྨན་ཁང་གི་མཁོ་ཆས་རྣམས་བཟོ་མཁན་ཚོང་ལས་ཆུང་ཁག་དང་འབྲིང་གྲས་རེད། ཉི་ཧོང་གི་རླངས་འཁོར་བཟོ་གྲྭ་ཁག་དང་ཚོང་ལས་ཆེ་ཁག དངུལ་རྩའི་ཚོང་ལས་རྣམས་རྒྱ་ནག་ནས་ཕྱིར་འཐེན་བྱ་འཆར་མི་འདུག སྨན་བཅོས་དང་འཕྲོད་བསྟེན་གྱི་ཡོ་བྱད་བཟོ་གྲྭ་ཁག་ཅིག་ཉི་ཧོང་ལ་ཕྱིར་ལོག་བྱས་ཀྱང་རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་གྱི་ཡོད་པར་འགྱུར་བ་ཐེབས་མི་སྲིད་ཅེས་གནས་ཚུལ་སྤེལ། འོན་ཀྱང་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་འགོ་ཁྲིད་ཚོ་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་སྤེལ་བའི་གསར་འགྱུར་དེས་བློ་བདེ་བག་ཕེབས་སུ་འགོད་དཀའ། ཀོང་ཏུང་ཞིང་ཆེན་གཞུང་གིས་རང་གི་ས་ཐོག་ཏུ་ཉི་ཧོང་གི་ཊོ་ཡོ་ཊ་དང་ཧོན་ཌ། ཎི་སན་དང་མཱི་ཛུ་བྷི་ཤི་བཅས་རླངས་འཁོར་བཟོ་གྲྭ་ཆེ་ཁག་བཞི་ཡོད་པ་རྣམས་རང་སོར་གནས་དགོས། ཀོང་ཀྲུག་གྲོང་ཁྱེར་གཞུང་གིས་ཉི་ཧོང་གི་རླངས་འཁོར་བཟོ་གྲྭ་ཆེ་ཁག་དེ་ཚོར་དཔྱ་ཁྲལ་གཅོག་ཆོག་ཅེས་ཚོང་ལས་ཀྱི་ཁེ་ཕན་སྤྲོད་རྒྱུའི་ཁས་བླངས། ཉི་ཧོང་གི་རླངས་འཁོར་བཟོ་གྲྭ་ཆེ་ཁག་བཞིའི་ལས་གྲྭ་རྣམས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་གནས་སྤོར་བྱེད་ཀྱི་ཡོད་པ་འགོག་ཐབས་སུ་ཁེ་ཕན་མང་དག་ཅིག་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཀོང་ཀྲུག་གྲོང་ཁྱེར་གཞུང་གིས་ཉི་ཧོང་གི་བཟོ་གྲྭ་རྣམས་གནས་ཐབས་སུ་གྲོང་ཁྱེར་དེའི་སྲིད་གཞུང་གི་ལས་ཁུངས་ཁག་གིས་རླངས་འཁོར་ཉོ་དགོས་ཚེ། ཁོ་ཚོས་ངེས་པར་དུ་ཉི་ཧོང་གི་རླངས་འཁོར་ཉོ་དགོས་པའི་སྒྲིག་ཁྲིམས་གཏན་འབེབས་བྱས་ནས་ཉི་ཧོང་གི་རླངས་འཁོར་བཟོ་གྲྭ་ཁག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་སྟེ། ཀོང་ཀྲུག་གི་གྲོང་ཁྱེར་སྤྱི་ཁྱབ་དང་རྫོང་སྡེ་ཁག་གི་འགོ་ཁྲིད་ཚོས་ཉི་ཧོང་གི་ཧོན་ཌ་བཟོ་ཚོང་ཁང་གི་རླངས་འཁོར་ཉོས་ཤིང་། ཊོ་ཡོ་ཊ་བཟོ་ཚོང་ཁང་གིས་རྒྱ་ནག་ལ་མཉམ་འབྲེལ་བྱས་ནས་གློག་ཤུགས་རླངས་འཁོར་བཟོ་གྲྭ་ཞིག་སྒོ་ཕྱེ། ད་ལྟ་བཟོ་གྲྭ་དེ་མ་ལེ་ཤི་ཡར་སྤོར་རྩིས་ཡོད་ཀྱང་ཀོང་ཀྲུག་གྲོང་ཁྱེར་གཞུང་གིས་དཔྱ་ཁྲལ་བཅག་ནས་ཊོ་ཡོ་ཊ་གློག་ཤུགས་རླངས་འཁོར་བཟོ་གྲྭ་སྤོར་མི་དགོས་པའི་ཐབས་སུ་འབད། རྒྱ་ནག་ནས་ཏོག་དབྱིབས་ནད་དུག་གི་ཉམས་མྱོང་དང་དེང་སྐབས་ཤར་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་གསུམ་གྱི་བདག་དབང་བརྩད་ནས་རྒྱ་ནག་དང་ཉི་ཧོང་གི་འབྲེལ་བ་བཟང་པོ་མེད་པ། ཉི་ཧོང་གི་མཐུན་གྲོགས་གཙོ་བོ་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བ་ཧ་ཅང་སྡུག་ཏུ་ཕྱིན་ཡོད་པ། ལྷག་པར་དུ་རྒྱ་ནག་གི་བཟོ་པ་དང་ལས་རྩོལ་བའི་གླ་ཕོགས་འཕར་ཡོད་པ་བཅས་ཀྱིས་རྒྱ་ནག་ལྷོ་ཕྱོགས་སུ་ཉི་ཧོང་གི་བཟོ་ཚོང་ལས་ཁང་༣༥༠༠་ཡོད་པ་དེའི་བརྒྱ་ཆ་༡༥་རྒྱ་ནག་ནས་ཕྱིར་འཐེན་བྱ་རྒྱུའི་རྩིས་རྒྱག་གི་ཡོད་འདུག ཀོང་ཏུང་གི་ཚོང་ལས་ཁྲིམས་རྩོད་པ་དབྱིན་ཤུའི་ཀྲུང་ཞེས་པ་ཞིག་གིས་ཉི་ཧོང་གི་བཟོ་ཚོང་ལས་ཁང་ཁག་རྒྱལ་ཁབ་གཞན་ལ་གནས་སྤོར་བྱེད་ཀྱི་ཡོད་པ་གསར་དུ་འགོ་ཚུགས་པ་ཞིག་མ་རེད། ཉེ་བའི་ལོ་ཤས་ཤིག་ནས་ཉི་ཧོང་གི་བཟོ་ཚོང་ལས་ཁང་ཁག་རྒྱལ་ཁབ་གཞན་ལ་སྤོར་འགོ་ཚུགས་སོང་། གལ་ཏེ་རྒྱ་ནག་གི་ས་ཐོག་ཏུ་ཚུགས་ཡོད་པའི་ཉི་ཧོང་གི་བཟོ་ཚོང་ལས་ཁང་ཁག་སྒོ་མ་བརྒྱབ་ཀྱང་ཚོང་ལས་ཡོད་དོ་ཅོག་རྒྱ་ནག་ལ་འཛུགས་རྒྱུའི་དུས་ནི་ཡོལ་ཟིན་པ་རེད། ཝྭི་ཏེ་ནམ་དང་ཨིན་རྡུ་ནེ་ཤི་ཡ་སོགས་ཀྱི་བཟོ་པ་དང་ལས་རྩོལ་བའི་གླ་ཕོགས་རྒྱ་ནག་ལས་ལྡབ་འགའ་ཞིག་དམའ་བ་ཡོད་པས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གནས་སྤོར་བྱེད་ཀྱི་ཡོད་པ་རེད་ཅེས་བཤད།།

ཁིའོ་དྷོ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉི་ཧོང་གི་སྨན་བཅོས་དང་འཕྲོད་བསྟེན་གྱི་བཟོ་ཚོང་ལས་ཁང་རྣམས་རྒྱ་ནག་ནས་ཕྱིར་འཐེན་བྱེད་ཀྱི་ཡོད་པ་ཁོ་ན་མིན་ཞིང་། ཉི་ཧོང་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འབྲེལ་བ་ཡོད་པ་དང་ཆེས་དེང་རབས། དམག་དོན་ལ་འབྲེལ་བ་ཡོད་པའི་འཕྲུལ་རིག་བཟོ་ཚོང་ལས་ཁང་བརྒྱ་ཆ་༤༠་ལྷག་གི་ལས་གྲྭ་རྣམས་རྒྱ་ནག་ནས་སྒོ་རྒྱག་དགོས། ཁོ་ཚོས་དམག་དོན་ལ་བཀོལ་སྤྱོད་བྱེད་ཆོག་པའི་འཕྲུལ་ཆས་རྣམས་རྒྱ་ནག་ལ་ཕྱིར་ཚོང་བྱེད་མི་ཆོག་ཅེས་ཐག་བཅད། གསར་འགོད་པས་ཉི་ཧོང་གི་འཕྲུལ་རིག་བཟོ་ཚོང་ལས་ཁང་༡༥༠་ལྷག་ལ་སྐད་ཆ་དྲིས། བཟོ་ཚོང་ལས་ཁང་༩༦་གིས་ལན་འདེབས་བྱས་པ་དང་བཟོ་ཚོང་ལས་ཁང་༤༢་ཀྱིས་རང་གི་བཟོ་གྲྭ་ཁག་རྒྱ་གར་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་གནས་སྤོར་བྱས་ཟིན་ཡོད། གནས་སྤོར་བྱེད་ཀྱི་ཡོད་པ་དང་གནས་སྤོར་བྱ་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་ཅེས་ལན་འདེབས་བྱས་འདུག ཉི་ཧོང་གི་བཟོ་ཚོང་ལས་ཁང་གསུམ་གྱིས་རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་གྱི་ཡོད་པ་རྒྱ་ཆུང་དུ་གཏོང་རྒྱུ་ཡིན། འོན་ཀྱང་རྒྱ་ནག་ཏུ་བཙུགས་ཡོད་པའི་བཟོ་ཚོང་ལས་་ཁང་རྣམས་སྒོ་རྒྱག་རྒྱུ་མིན་ཞེས་ལན་བཏབ། ཉི་ཧོང་གི་བཟོ་ཚོང་ལས་ཁང་བརྒྱ་ཆ་༢༧་ཡས་མས་ཤིག་གིས་རྒྱ་ནག་ལ་མཉམ་འབྲེལ་བྱས་ནས་ཚོང་ལས་གཉེར་མི་ཆོག ཉི་ཧོང་གི་འཕྲུལ་རིག་ལག་རྩལ་རྣམས་རྒྱ་ནག་གི་ཚོང་ལས་ཁང་ཁག་ལ་མཉམ་སྤྱོད་བྱ་རྒྱུ་མིན་ཞེས་ཐག་བཅད། ཉི་ཧོང་གི་བཟོ་ཚོང་ལས་ཁང་བརྒྱ་ཆ་༥༩་ཡས་མས་ཤིག་གིས་རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་ན་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་ཡིན། རྒྱ་ནག་གིས་ཉི་ཧོང་གི་བཟོ་གྲྭ་ཁག་ལ་མཁོ་འདོན་བྱེད་ཀྱི་ཡོད་པའི་ཐོན་སྐྱེད་ཀྱི་རྒྱུ་ཆ་རྣམས་བཙོན་པ་དང་མི་མང་ངལ་རྩོལ་བཙན་བཀོལ་བྱས་པའི་ཐོན་སྐྱེད་ཡིན་མིན་རྩད་གཅོད་བྱ་དགོས་པའི་སྒྲིག་ཁྲིམས་གསར་བཟོ། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་ནས་ཐོན་སྐྱེད་བཟོ་འདོན་བྱེད་དུ་འཇུག་གི་ཡོད་པ་དེས་ཉི་ཧོང་གི་བཟོ་ཚོང་ལས་ཁང་ཁག་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG